མཛེས་སེའི་སྙན་ངག་ཚན་པ་གཉིས།
རྩོམ་པ་པོ།:མཛེས་སེ།
ཡོང་ཁུངས།:ཁྲི་ཤོར་རྒྱལ་མོ།
དུས་ཚོད།:2023-06-02
ཀློག་གྲངས།:
མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་པང་དུ།
མཛེས་སེ།
༡
ཨེ་མ་གནངས་གཞེས་ལྷ་ཉིན་དཀར་པོ་ལ།།
མཚོ་ཆེན་པང་དུ་ཆས་མཁན་ཨེ་ཡོད་ལགས།།
སྔོན་ཆད་ང་ཡིས་དེ་རུ་སང་ལོར་བསྒུགས།།
དབྱར་དགུན་སྟོན་དཔྱིད་དལ་གྱིས་རྒྱུ་བ་ལ།།
སྦྲ་དང་གུར་རྣམས་གྲུ་གཟིངས་རེ་རེ་བཞིན།།
དུད་ཞག་གཡོར་མོའི་ཟོལ་གྱིས་དགུང་དུ་བསྙེགས།།
༢
ཨེ་མ་གནངས་གཞེས་ལྷ་ཉིན་དཀར་པོ་ལ།།
མཚོ་ཆེན་གོམ་གྱིས་གཞལ་མཁན་ཨེ་ཡོད་ལགས།།
སྔོན་ཆད་ང་ཡིས་དེ་རུ་འདས་ལོ་བསྐྱལ།།
གམ་གྱི་ལུག་ཁྱུ་རྒྱང་རིང་སྤྲིན་དང་འདྲེས།།
གེ་སར་རྟ་རྫི་མཁའ་ལས་བབས་པའི་ཚེ།།
ཉི་མའི་ཤུལ་ན་རྐང་རྗེས་ཐར་ཐོར་གསལ།།
༣
ཨེ་མ་གནངས་གཞེས་ལྷ་ཉིན་དཀར་པོ་ལ།
མཚོ་ཆེན་གནས་ཚང་གཡར་མཁན་ཨེ་ཡོད་ལགས།།
སྔོན་ཆད་ང་ཡིས་དེ་རུ་ད་ལོར་མཇལ།།
འབྲོག་སྡེ་ཕྱུག་མོས་ས་སྒང་སྔས་སུ་བརྟེན།།
ཞོགས་པའི་སྐྱ་རེངས་བརྩེ་བའི་འཛུམ་དཀར་བཞིན།།
གངས་རིའི་འདབས་ནི་སེམས་ཀྱི་གཞིས་ཁྱིམ་རེད།།
སྤྱོད་ཁང་གི་སྒེའུ་ཁུང་ལས་སྨན་ཁང་ཞིག་མཐོང་བའི་དྲན་ཚོར།
ང་འཆི་རྒྱུ་མ་རེད་ཟེར་མཁན།།
རང་གི་ཁྱིམ་ན་འཆི་བཞིན་འདུག།
ང་འཆི་རྒྱུ་མིན་ནོ་ཟེར་མཁན།།
སྨན་ཁང་ནང་དུ་འཆི་དགོས་འདུག།
ཁྱོད་རང་འཆི་མི་ཉན་ཟེར་མཁན།།
དངུལ་ཁུག་འདྲ་བའི་སྨན་པ་རེད།།
ཁྱོད་འཆི་རྒྱུ་མི་འདུག་ཟེར་མཁན།།
སྒོར་མོ་ལྟ་བུའི་བུ་ཕྲུག་རེད།།
ང་སྨན་ཁང་ལ་སྐྲག་ཟེར་མཁན།།
ལུས་ཕུང་མ་རེད་སྨན་རིན་རེད།།
ང་ན་ཚ་ལ་འཇིགས་ཟེར་མཁན།།
བདེ་ཐང་མ་རེད་དབུལ་ཕོངས་རེད།།
བདེ་ཐང་མ་རེད་དབུལ་ཕོངས་རེད།།
འབྲེལ་ཡོད་འོས་སྦྱོར།