མཐར་ཕྱིན་སློབ་མར་ཕུལ་བ། རྡོ་རྗེ་འཇིགས་བྱེད།
རྩོམ་པ་པོ།:རྡོ་རྗེ་འཇིགས་བྱེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-06-05
ཀློག་གྲངས།:
མཐར་ཕྱིན་སློབ་མར་ཕུལ་བའི་སྐྱེལ་མའི་སྙིང་གཏམ་གསེར་ཞུན་ཐིགས་པ།
རྡོ་རྗེ་འཇིགས་བྱེད།
སློབ་བུ་ཚོ། དེ་རིང་གི་ཉིན་མོ་འདི་ནི་ཁྱེད་ཅག་གི་མཐོ་འབྲིང་གི་འཚོ་བའི་ལེའུ་ལ་རྫོགས་ཤད་འགོད་པའི་ཉིན་མོ་སྟེ། བགྲང་བྱ་གསུམ་གྱི་མངར་སྐྱུར་བསྒྲེས་པའི་འཚོ་བ་ལ་གྱེས་ཕྱག་ཕུལ་བའི་ཉིན་མོ་རེད། མི་ལོ་གསུམ་གྱི་ཡར་སྔོན་ལ་ཁྱེད་ཅག་རིག་པའི་སྟོབས་དང་བརྩོན་པའི་བང་གིས་ཤེས་རིག་གི་སྡིངས་ཀ་འདིར་ཕུགས་བསམ་གྱི་གཤོག་རྩལ་བརྐྱངས་ནས་ཕེབས་ཤིང་། སྤོབས་པ་དང་རེ་བ། ཡིད་ཆེས་ཀྱིས་ཁེངས་པའི་ཁྱེད་ཅག་གིས་དུས་ཚོད་ཀྱི་རྩིབས་མ་བརྡར་ནས་ཤེས་བྱ་ཡི་མངར་ཁ་ཧུབ་ཀྱིས་བཞིབས་མཐར། དེ་རིང་ཡང་བསྐྱར་གནས་འདི་ནས་ལམ་ལ་ཆས་རན་སོང་། ངས་འདི་ནས་ངའི་གློ་སྙིང་མཆིན་གསུམ་གྱི་ཧྲག་བར་ན་གཏན་དུ་འཛུམ་པའི་ལྷད་མེད་དང་ཚུགས་ཐུབ་ཀྱི་ཁྱེད་རང་ཚོར་སྙིང་ཐག་པ་ནས་རྟེན་འབྲེལ་འདི་ལྟར་ཞུ་འདོད་དེ། ཁྱེད་ཅག་གིས་མི་ལོ་གསུམ་གྱི་ལོ་ཟླ་ལ་ཕྱི་བཤོལ་མ་བྱས་པར་རྟེན་འབྲེལ་ཞུ། མི་ལོ་གསུམ་གྱི་དཀའ་སྡུག་ལ་གཡོལ་བ་མ་བྱས་པར་རྟེན་འབྲེལ་ཞུ། མི་ལོ་གསུམ་གྱི་ཕུགས་འདུན་ལ་འགྱུར་བ་མ་བྱུང་བར་རྟེན་འབྲེལ་ཞུ། དེ་བས་ཀྱང་མི་ལོ་གསུམ་ལ་ཤེས་བྱ་ཇི་སྙེད་ཅིག་བློ་ལ་འབྱོར་ཅིང་རང་གཤིས་དག་མ་ཞིག་རྒྱུད་ལ་གྲུབ་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཡང་ཡང་ཞུའོ། །
ངའི་སྙིང་དང་འདྲ་བའི་སློབ་བུ་ཚོ། སྐབས་འདིར་ཕྱིར་མིག་ཅིག་འཕངས་ཚེ། བགྲང་བྱ་གསུམ་གྱི་ལོ་ཟླ་ཚེས་གྲངས་ནི་ནམ་མཁའི་གློག་དང་རི་གཟར་ཆུ་བཞིན་སྐད་ཅིག་གཅིག་གི་ཡུན་དུ་ཟད་ཅིང་། ཐ་ན་དབུགས་འབྱིན་རྔུབ་ཙམ་གྱི་ཡུན་ཡང་མ་བྱིན་པར་གློ་བུར་གློ་བུར་དུ་རྫོགས་ཤིང་། བརྗོད་འདོད་པ་གང་མང་ཞིག་ཀྱང་སེམས་ཀྱི་དབུས་སུ་བསྐངས་ཏེ་གྱེས་བྲལ་གྱི་ལམ་ལ་ཆས་དགོས་ཀྱང་། ཞིབ་ཏུ་བསམས་ཚེ། ང་ཚོས་མཉམ་དུ་དགའ་བ་ཡིད་ལ་བསྒོམས་ཤིང་དཀའ་བ་གདོང་གིས་བསུས། བརྩོན་པ་ཁུར་དུ་འཁྱེར་ཞིང་དྲན་ཤེས་རྟག་ཏུ་བསྟེན། དུས་ཚོད་དང་འགྲན་རྒྱུགས་ཧུར་གྱིས་བྱས་ཤིང་དུག་གསུམ་དང་འགྲན་ཟླ་བཤོལ་མེད་བྱས། ཞོགས་པར་ལངས་པའི་སྔ་མ་ང་ཚོས་བྱས་ཤིང་དགོང་མོར་ཉལ་བའི་ཕྱི་མ་ཡང་ང་ཚོས་བྱས། དུས་བཞིའི་ངོ་བོ་གཅིག་ཏུ་བསྒོམས་ཤིང་ཉིན་མཚན་དབྱེར་མེད་དུ་འབད་པའི་ལོ་ངོ་འདི་གསུམ་ནི་ང་ཚོའི་མི་ཚེའི་ཁྲོད་ནམ་ཡང་བརྗེད་ཐབས་བྲལ་བའི་ཆེས་མཛེས་སྡུག་གི་དྲན་ཤིང་རིང་མོ་ཞིག་ཡིན་ལ། ལྷག་དོན་ཁྱེད་ཅག་གི་ནར་སོན་གྱི་ལོ་ཟླ་ལས་རིན་ཐང་གིས་ཆེས་ཆེར་གཏམས་པའི་དུས་ཏེ། དུས་འདིར་ཁྱེད་ཅག་གིས་མི་ཚེའི་གོམ་ཆེན་ཤུགས་ཀྱིས་སྤོས་ཤིང་སྐྱེས་སྟོབས་ཀྱི་ཟིལ་ཤུགས་ཤེད་ཀྱིས་ངོམ་པས། ལང་ཚོ་རྒྱས་ཤིང་རིག་སྟོབས་དར། མི་ཚུལ་འཆོས་ཤིང་ཕུགས་འདུན་བསྐྲུན། སྒལ་ཚིགས་སྲུང་ཞིང་རྣམ་དཔྱོད་བརྡར། འདི་དག་ནི་ཁྱེད་ཅག་གི་མི་ཚེ་འདིའི་ནོམས་པ་རྩ་ཆེན་འབའ་ཞིག་སྟེ། གཏན་ཏུ་རང་ཉིད་ལ་ལུས་དང་གྲིབ་མ་བཞིན་འབྲལ་མེད་དུ་གནས་པས་ཡར་རྒྱས་ཀྱི་རྩ་བ་དང་རྒྱལ་ཁ་ཡི་རྨང་རྐང་། བྱུར་བུར་གཏམས་པའི་གྲུབ་འབྲས་ཅི་རིགས་ཀྱི་སྔོན་འགྲོ་ཡིན་པ་སུས་ཀྱང་བསྙོན་དུ་མེད།
སློབ་བུ་ཚོ། འདུས་མཐར་འབྲལ་བ་ནི་འཇིག་རྟེན་མཐའ་བཞི་ཆོས་བརྒྱད་ཀྱི་དེ་ཉིད་ཡིན་པས། ང་ཚོས་བཟློག་ཏུ་མེད་པའི་ཆོས་ཉིད་ཀྱི་ཁུགས་སོ་འདི་ནས་རེ་ཞིག་མི་བཟོད་པའི་གྱེས་བྲལ་གྱི་ན་ཟུག་སེམས་སུ་རུམ་ནས་རང་སར་ལམ་ལ་ཆས་དགོས་བྱུང་། འདི་ནི་ཁྱེད་ཅག་ལ་མཚོན་ན་གནས་ས་གཅིག་ཏུ་མཆོངས་ལྡིང་གི་གར་ལ་རྩེན་པ་ཙམ་མ་ཡིན་པར། མུ་མཐའ་བྲལ་བའི་རྒྱང་རིང་གི་ལམ་ཆེན་དང་གསེར་འོད་བཀྲ་བའི་ཕུགས་བསམ་ལ་མངོན་པར་ཕྱོགས་སྟངས་ཤིག་ཡིན་ལ། མི་ཚེའི་འགྲུད་བཞུད་ཀྱི་ཕྱོགས་སྟོན་འཁོར་ལོ་རང་ལག་ཏུ་འཆངས་ནས་གཏན་གྱི་འདུན་མའི་མཁའ་དབྱིངས་རྩལ་གྱིས་འཇལ་སྟངས་ཤིག་ཡིན་པས། སེམས་སྡུག་གི་མིག་ཆུ་དང་ཞེ་སྨྲེང་གི་འོ་དོད་འབོད་མི་དགོས་ཏེ། རིག་པའི་སྡིངས་ཀ་འདིའི་དགེ་རྒན་དང་བཅས་པའི་བྱ་དངོས་ཡོད་དོ་ཅོག་གིས་ཁྱེད་རང་ཚོ་བགྲང་བྱ་གསུམ་ལ་བུ་ལ་མ་བཞིན་བརྩེ་བས་བསྐྱངས་པའི་དྲིན་ལན་སེམས་ཀྱིས་ཤེས་ཤིང་། ངག་བཅོལ་ཡིད་ལ་འཇགས་པར་བྱས་ཏེ། མིག་གིས་རྒྱང་རིང་ལ་ལྟ་བཞིན་སེམས་ཀྱི་རྒྱ་བསྐྱེད་དེ། སྤོབས་པའི་དཔའ་གདེང་མཐོ་རུ་འདེགས་བཞིན་གོམ་ཞེང་ཆེ་རུ་བསྐྱེད་དེ། ས་ཆེན་བང་གིས་གཞོལ་དང་། རྒྱལ་ཁམས་རིག་པས་འགྲིམ་དང་། འཇིག་རྟེན་པང་དུ་ལོངས་དང་། ཁྱེད་ཅག་ལ་བློ་རྒྱ་ཡོད། ཤེས་རབ་ཡོད། དཔའ་སྙིང་ཡོད། མི་རབས་འདིའི་རྒོད་པོ་མཐུར་མེད་དང་ཅང་ཤེས་སྲབ་མེད་ཁྱེད་ཅག་ཡིན།
སློབ་བུ་ཚོ། ཉིན་འགའི་རྗེས་སུ། ཁྱེད་ཅག་མཐོ་རྒྱུགས་ཀྱི་གར་སྟེགས་སུ་འབུད་དགོས་སྟེ། དེ་རུ་བདག་ཉིད་བདག་གི་མགོན་དུ་འགྱུར་བས་དུས་ཚོད་ཀྱི་གཟུངས་ཐག་ལ་དམ་དུ་འཇུས། ཐབས་ཤེས་ཀྱི་གཤོག་ཟུང་མཉམ་དུ་རྡེབས། བྱིང་རྒོད་ཀྱི་སྨུན་སྤྲིན་རིང་དུ་གཏོར། ཞི་ལྷོད་ཀྱི་རང་ཚུགས་དམ་དུ་སྲུངས་སྟེ་གོ་རིམ་མ་འཁྲུགས་པར། གོང་འོག་མ་འཛོལ་བར། སྟོང་ཆ་མ་ལུས་པར། གཙོ་ཕལ་མ་ནོར་བར་རང་ཉིད་ཀྱི་ཤེས་བྱའི་གསོག་འཇོག་དང་བློ་གྲོས་སྐྱེན་འགྱུར་གྱི་ལྡེམ་མྱུར་དང་སྟངས་སྟབས་ཡོད་རྒུ་རྩལ་དུ་སྤྲུགས་ཏེ་ངོམ་དང་། རེ་བ་སྨིན་པ་ནི་ཁྱེད་ཅག་ཡིན་ལ་འབྲས་བུས་གཏམས་པའང་ཁྱེད་ཅག་ཡིན། ང་ཚོས་ཁྱེད་ཀྱི་གཏམ་བཟང་ཁུ་བྱུག་གི་གསུང་སྙན་ལ་རེ་ཞིང་སྒུག་ནས་འདུག
སློབ་བུ་ཚོ། ཁྱེད་ཅག་ནི་རིག་སྟོབས་ཀྱིས་ཕྱུག་ཅིང་ཤེས་སྟོབས་ཀྱིས་བརྒྱན་པའི་གཞོན་ནུའི་ཁྱུ་མཆོག་ཅིག་ཡིན་པས། ཁྱིམ་གྱི་ཀ་བ་དང་རིགས་ཀྱི་གདུང་མ། རྒྱལ་ཁབ་ཀྱི་ལྕམ་དྲལ་ཡིན། མ་འོངས་པར་ཁྱེད་ཅག་གི་ཁྲོད་དུ་རིག་གཞུང་ཞིབ་འཇུག་པ་ཡོད་ལ་སྤྱི་ཚོགས་ཀྱི་ཞབས་ཞུ་བའང་ཡོད། ཕ་ཤུལ་རྒྱུད་འཛིན་མཁན་ཡོད་ལ་མ་ཤུལ་ལག་ལེན་མཁན་ཡང་ཡོད། སྤྱི་ཚོགས་ཀྱི་ལས་རིགས་ཁྲི་སྟོང་མང་པོའི་ཁྲོད་དུ་གང་ལ་ཟབ་ཞུགས་བྱས་ཀྱང་དེ་ནི་རང་ཉིད་ཀྱི་གདམ་ག་ཙམ་ལས་མཆོག་དམན་དང་ལེགས་ཉེས་ཀྱི་དབྱེ་བ་གང་ཡང་མེད་དེ། དེ་དག་ཀུན་ལའང་རང་ཉིད་ཀྱིས་ཀུན་སློང་རྣམ་དག་ཅིག་དང་བསམ་པ་ཡར་སེམས་ཀྱི་ངང་ནས་ནན་གྱིས་འཇུག་པ་ནི་ཤིན་ཏུ་གལ་ཆེའོ། །སྤྱི་ཚོགས་ཀྱི་འཕེལ་ཁ་མགྱོགས་ཤིང་མི་གཤིས་ཀྱི་འགྱུར་བག་རྒོད་པའི་དུས་འདིར། ཁྱེད་ཅག་ཕྱོགས་དང་གནས་ལམ་གང་དུ་བསྡད་ཀྱང་། ལས་དང་དོན་བྱ་གང་ཞིག་བསྒྲུབ་ཀྱང་། རང་ཚུགས་ཀྱི་ཀ་བ་དྲང་མོར་སྲོང་། གཏན་ཚིགས་ཀྱི་ཀ་རྡོ་བརྟན་པོར་གྱིས། ཁྲེལ་འཛེམ་གྱི་སྐ་རགས་དམ་པོར་ཆོངས། ཕྱི་ཐག་གི་ཐག་སྣེ་རིང་པོར་གནོངས། རིགས་ཀྱི་འདུ་ཤེས་མ་འདོར། སྐད་དང་ཡི་གེ་མ་བརྗེད། ལས་དང་རྒྱུ་འབྲས་མ་སྣོགས། རང་གི་དགའ་ཕྱོགས་མ་འབོར། རང་གི་འཇོན་ནུས་མ་བརླག མཐར་གཏུགས་ན་དཔེ་ཀློག་གི་གོམས་གཤིས་མ་བཤིག སློབ་སྦྱོང་གི་བྱ་མཚམས་མ་འཇོག་དང་། ཁྱེད་ཅག་ནི་ནམ་ཡང་འོད་དུ་འཚེར་བའི་ལྷད་མེད་དང་རིན་ཐང་གཞལ་བར་དཀའ་བའི་མུ་ཏིག་རྡོག་པོ་རེ་རེ་ཡིན།
མཐར་ཁྱེད་ཅག་ཀུན་ལ་བཀྲ་ཤིས། དོན་འགྲུབ། ཕུན་སུམ་ཚོགས་པའི་རྒྱུ་ཐམས་ཅད་དང་གཏན་དུ་འབྲལ་བ་མེད་པའི་བཀྲ་ཤིས་བདེ་ལེགསས་ཤོག
འབྲེལ་ཡོད་འོས་སྦྱོར།