ཚེས་གསུམ་ཟླ་བ། བསོད་ནམས་ལེགས་བཤད།
རྩོམ་པ་པོ།:བསོད་ནམས་ལེགས་བཤད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-06-19
ཀློག་གྲངས།:
དབུས་གཙང་གི་ཚིག་རྒྱག་ལས།
དེ་དག་ལས་དྲན་པའི་ཁྲོད་མི་ལོ་བཅོ་བརྒྱད་རིང་གི་འདས་དོན་ཡང་། རབ་རིབ་རབ་རིབ་བམ། དམ་དུམ་དམ་དུམ་ཙམ་ལས་བཟུང་མ་ཐུབ།
སྐྱེད་མ་དྲིན་ཅན་གྱིས་ཕྲན་ཆུང་བགྲང་གཞི་གཉིས་གསུམ་ལོན་དུས་ཀྱི་སྦ་ལན་སྟོད་ཐུང་གཅིག་ཉ་ར་མཛད་འདུག་མོད། དུས་ད་ཆ། སྟོད་ཐུང་དེ་གོན་པའི་ལོ་ཟླ་འཇམ་པོ་དག་ཁོ་བོས་མ་དྲན་ཞིང་། སྟོད་ཐུང་གན་གཡོགས་པའི་བྱིས་པ་བསམ་མེད་ཅིག་ཕྲན་གྱིས་བློ་བཟོ་བྱེད་ཐབས་བྲལ། 2004ལོར། ཨ་ཕ་དྲིན་ཅན་ཉིད་བྱ་སར་སྡེ་པའི་དམངས་བཙུགས་སློབ་ཆུང་གི་དགེ་རྒན་གནང་མུས་ཏེ། ད་ལྟ་བདག་གིས་མིག་བཙུམས་ནས་བསམ་མནོ་ལུང་གང་བཏང་རུང་། སྐབས་དེའི་བྱ་སར་སློབ་ཆུང་གི་ཉིན་མོའི་ཁ་ལག་ཅིག་དང་དགོང་ཀ་ཁྱིམ་ལ་ལོག་པ་ཞིག་ལས་ཅིའང་དྲན་རྒྱུ་མི་སྣང་། ཉིན་མོའི་ཚལ་ནང་ཤ་ཏི་ག་ཡོད་མེད། དགོང་ཀའི་ལམ་དུ་སུ་གང་ལ་འཕྲད་མིན་སོགས་པར་ཡང་གསལ་ཆ་མི་ལྡན། ཡིན་ནི་ཉིན་མོའི་ཁ་ལག་རྒྱ་གྲོའི་ཚལ་ཡིན་པ་དང་ཨ་ཕ་ངེད་གཉིས་ཀྱི་བཞོན་རྟ་རྐང་སྒ་རིལ་ཡིན་པ་ཁོ་ན་ཙམ་སྟེ། ཉི་མ་མ་བྱོན་ཙམ་གྱི་དུས་ཚོད་རེ་རེར། རྒྱ་ལམ་ཐལ་སྐྱའི་ཞོལ་ན་འོ་ཡུག་མ་ཆུ་བྱང་ནས་ལྷོ་ཡི་ལུང་པར་བཞུར་ཅིང་། འོ་ཡུག་མ་ཆུའི་ངོགས་ན་ཕྲན་དང་ཨ་ཕ་ལྷོ་ནས་བྱང་གི་ཁྱིམ་ལ་ལོག རྐང་འཁོར་གྱི་གྲིབ་གཟུགས་གཅིག་པུ། དུས་གསུམ་དུས་ཀྱི་འཁོར་ལོ་ལྟར་བུ་ཆུང་བདག་དང་བང་ཁ་འགྲན།
དེའི་རྗེས་གུས་པའི་ཨ་ནེ་ཁྱིམ་བཀྲས་རབ་པས་རབ་བརྟན་ཁང་གསར་གྱི་བག་མར་སྟེར། སྐྱེད་མ་དྲིན་ཅན་བག་གཡོག་ངེས་སྟབས། རྟེན་འབྲེལ་གྱི་ཉི་མ་རེ་ཟུང་ཁོང་གི་ཕྱག་ནས་འཇུས་ཏེ་ལྷན་ཅིག་འགྲོགས། རབ་བརྟན་ཁང་གསར་ལ་བདག་ལས་ལོ་ན་མཐོ་བའི་བུ་ཞིག་བདོག ཁོའི་མིང་ལ་ཚེ་དབང་ཟེར། དེ་དུས་ཚེ་དབང་གིས་ལོ་རྟགས་སྟག་ཡིན་ལབ་ཐེངས་རེར། ཕྲན་པའི་ལོ་རྟགས་འབྲུ་བརྔོས་རྟིང་གི་ཡོས་ཉིད་ཡིན་ཤག་བྱས། ཁོང་ཚང་གི་དང་རའི་ནང་རྩེད་འཇོར་རོལ་སྐབས། ཚེ་དབང་གི་སྤོ་བོའི་སྨན་བླུག་བྱེད་སྣོད་ཕྲུག་དག་ལས་སེམས་ཤོར་བ་ནི་མ་བྱུང་རུང་། ས་གྲང་མོའི་སྒང་ལ་ལག་ཚ་མོ་བརྐྱངས་ཏེ་སྣོད་ཕྲུག་བེད་མེད་རྐང་གཅིག་བསྒྲུགས་མ་ཕོད། འཁྲུངས་བཞེས་ཀྱི་རྔ་མར་ཁོའི་གཉེན་ཚན་ལྷ་ས་བ་ཚོས་ཁྱེད་གཉིས་མཉམ་དུ་པར་ལེན་གསུངས། སྐྱེས་པ་རྣམས་ཆབ་གསང་དུ་ཕེབས་པས་ཡིན་ནམ་བཞུགས་གྲལ་ལ་མི་གདའ་བས་ཕྲན་གཉིས་བཞུགས་གྲལ་དུ་འཁོད། ཁོས་སྟོད་གོས་ཕྱི་ནང་བསློགས་ནས་གོན་ཏོ་ཟེར། ཁ་གཏད་ན་སྐྱེད་མ་ཡོད་རྐྱེན་བདག་གིས་དེ་ལྟར་མ་བྱས། ཚེ་དབང་གི་ཨ་མས་ཆང་བན་བསོད་བཏགས་དཀྲིས་པ་གཅིག་སྔུན་གྱི་གསོལ་ཅོག་སྒང་བཞག ལྷ་ས་བའི་པར་ཆས་ནས་ཚག་སྒྲ་གྲགས། དེ་དུས་ཀྱི་པར་ནང་ཁོང་པས་སྟོད་གོས་སེར་པོ་དང་ཕྲན་པས་དམར་པོ་གྱོན་འདུག་ཀྱང་། ཕྱིས་ཀྱི་ལོ་ཟླར། ལས་ཀྱི་རླུང་བུས་འུ་གཉིས་ཀྱི་སྟོད་གོས་བརྗེ་རེས་བྱས། ཆུང་གྲོགས་ཚེ་དབང་སྔ་ས་ནས་རབ་ཏུ་བྱུང་།
ཐེངས་ཤིག་ཕྲན་ཆུང་རྨོ་མོ་དམ་པའི་ཨ་ཅག་གི་སྒོ་དྲུང་བརྒྱུད་འགྲོ་སྐབས། གང་དེས་གུས་པར་ཁོང་མོའི་ཁྱིམ་ལ་ཤོག་ཅེས་ལག་བརྡ་སྦྲན། ཕྲན་རང་ཆུང་བྱིས་དུས་ནས་ངོ་ཚ་ཤིན་ཏུ་སྨིན་པས། འགྲོ་འདོད་སེམས་ལ་ཤར་རུང་སྒོ་རྩ་ནས་སྦུབས་སུ་འཛུལ་མ་ནུས། གང་དེ་ལྕི་བ་སྐམ་གསེང་གནང་ས་ལས་བདག་འགྲམ་དུ་བྱོན་ཏེ་གཅེས་གཅེས་དུང་དུང་ངང་། ཨམ་ཕྲག་ནང་གི་ཕྱུར་བ་སོགས་ཇི་སྙེད་བཏོན་ནས་གུས་ཀྱི་སྙིམ་པའི་ནང་བླུགས། ཕྲན་ལ་ཁྱིམ་མི་ཕུད་གཞན་པས་གསོལ་རས་གནང་བའི་ཐོག་མ་སོང་ཙང་། དགའ་ཞིང་སྤྲོ་ཞིང་འཕག་ཅིང་མཆོང་ཞོར་ཁྱིམ་ལ་ལོག དང་རའི་ནང་སླེབས་རྗེས་བདག་གིས་ཨ་མར་སྙིམ་པ་བསྟན་ཞོར། གང་དེའི་མཚན་ནས་བོས་ཏེ་ཁོང་མོས་ཕྲན་ལ་གནང་བྱུང་ཞུས། སྐྱེད་མས་བདག་ལ། རྒས་འཁོགས་མཆོད་མ་ཕོད་པར་བསྲིས་ནས་ཁྱེད་ལ་བྱིན་པ་རེད། སྙིང་རྗེ་གསུངས། ཕྲན་གྱིས་དེ་ལས་རྡོག་རྡོག་ཆེ་བ་གཉིས་བདམས། དེ་འཕྲོས་ཚང་མ་སྐྱེད་མར་བཅོལ། རྡོག་རྡོག་གཅིག་ནི། ཨམ་འབྲས་ཕྱི་ལོག་ཞིམ་པ། །སྟར་ཀ་ནང་ལོག་ཞིམ་པ། །ཕྱི་ནང་གཉིས་ཀ་ཞིམ་པའི། །ལ་སྟོད་བྱེ་མ་ཀ་ར་ལགས་ནའང་། གཞན་དེར་སོས་བལྡད་ཀྱང་སེར་ཀ་མ་གས། ལྕེས་བལྡགས་ཀྱང་བྲོ་བ་མ་ཚོར་སྟབས་སླར་སྐྱེད་མའི་སར་བཅར་ཏེ་བཀའ་འདྲི་ཞུས། སྙིང་རྗེ། སྤྱན་མི་གསལ་བས་བུ་རམ་རེད་སྙམ་ནས་ཚགས་པ་མིན་འགྲོ། ཨ་མའི་གཏམ་གྱི་སྣེ་མོར་སྤྱན་ཆབ་འགོས། ཕྲན་པས་སྤར་མཐིལ་ནང་གི་ཁ་དོག་སེར་ཤས་ཆེ་ལ་ཕྱག་དྲེག་ནག་ནོག་གིས་ཁྱབ་པའི་རྡོ་ཧྲུག་ལ་ཅེར་ནས། ཚེ་འདིའི་ཆེས་ཐོག་མའི་སྙིང་རྗེ་སེམས་སུ་བསྒོམས། ཆེས་ཐོག་མའི“སྙིང་རྗེ”ངག་ལས་ཤོར།
དེ་དུས་གྲོགས་པོ་བསྒྲིགས་པ་ནི་བྱིས་པ་ཚོའི་དར་སོ་ཆགས་ཤིང་། ཕྲན་པར་ཆ་བཞག་ཚེ་དར་སོ་དེའི་སྒང་གཅིག་འཕྲོ་གཅིག་མཐུད་ཀྱི་འོས་འགན་དུའང་གྱུར། ནང་མིས་གསུངས་པར་གཞིགས་ན། གྲོགས་མཆེད་སྐལ་ཚེ་དང་ཁོ་བོ་ལོ་གསུམ་བཞི་ནས་གྲོགས་པོ་བསྒྲིགས་པ་དང་། ལོ་བཞི་ལྔ་ཙམ་ནས་གྲོགས་ཆང་བཏུངས་པ་འདྲ། གྲོགས་པོའི་ཨ་ཕ་དང་བདག་གི་ཨ་ཞང་། གྲོགས་པོའི་ཨ་ཁུ་དང་གུས་ཀྱི་གཅེན་པོ། གྲོགས་པོའི་ནུ་བོ་རྒན་པ་དང་ཕྲན་པའི་གཅུང་པོ། གྲོགས་པོའི་ནུ་བོ་གཞོན་པ་དང་གཅེན་པོའི་གཅེས་ཕྲུག་བཅས་ཚང་མ་གྲོགས་པོ་ཟུང་རེ་སྟེ། འོ་ཡུག་གོས་སྔོན་ལུང་པར་ད་རུང་བདག་ཅག་ལས་ཚར་དུ་དངར་བའི་མཛའ་བཤེས་ཀྱི་རུ་ཕྲེང་གཅིག་མི་འདུག དེ་དག་ལས་གྲོགས་པོ་ཟུང་དང་པོའི་ལས་མེད་པའི་ལས་ཀ་རྩིག་ལྡེབས་ཀྱི་སྦྲང་མ་གསོད་ཡ་དང་། ཟུང་གཉིས་པའི་འཆར་ཅན་གྱི་ལས་ཀ་ལྐོག་ཏུ་ཐ་མག་འཐེན་ཡ་ཡིན་ཚུལ་ཡང་ནས་བསྐྱར་དུ་ཐོས། དེ་བཞིན་ཟུང་གསུམ་པའི་འོས་འགབ་ཀྱི་ལས་ཀ་རྫོང་སློབ་འབྲིང་གི་གྱང་ནས་མཆོང་ཡ་དང་། ཟུང་བཞི་པའི་སྐབས་བབ་ཀྱི་ལས་བྱ་བུ་བཅོལ་ཁང་དུ་དཀྲོག་དཀྲོག་བྱེད་ཡ་ཡིན་པ་མིག་མཐོང་ལག་ཟིན་འདི་ག་རང་། བར་གྱི་གྲོགས་མཆེད་སྐལ་ཚེ་དང་ཕྲན་གཉིས་ལས་ཉམ་ཆུང་བའམ་ཁ་ཞན་པ་མེད་ཚོད་དེ། ངེད་གཉིས་སློབ་གྲྭར་མ་ཚུད་གོང་ནས། གྲོགས་པོ་ཟུང་སྔ་མ་གཉིས་ཀྱི་བསླབ་བྱ་དང་བླངས་སྒོས། ཐ་མག་ལག་ལ་མ་བཅངས། ཆང་རག་ཁ་ལ་མ་ཁྱེར་ཅིང་། གྲོགས་པོ་ཟུང་ཕྱི་མ་གཉིས་ལ་ཆེད་དུ་གོ་སྐབས་སྤྲོད་ཕྱིར། སློབ་གྲྭའི་གྱང་ནས་མ་མཆོངས། དཀྲོག་དཀྲོག་ལིང་ལིང་མ་བགྱིས་པར་སྒྲིག་ཁྲིམས་རྣམ་པར་དག་པ་བསྲུངས།
2006གི་སྟོད་ཆར་མཆན་བུ་གཞན་ཚོས་བདག་ལ“བཅོལ་ཕྲུག”ཏུ་བོས་ཤིང་། ཕྲན་ཆུང་ལོ་ན་མཐོ་བ་རྐྱང་དང་ལྷན་དུ་ཡི་གེ་བསླབས། བཅོལ་ཕྲུག་བྱེད་རིང་ངེད་ཚོའི་འཛིན་བདག་ཨ་ཕ་དྲིན་ཅན་དང་སྐད་ཡིག་དགེ་རྒན་སྤེན་ཐག་ལགས། བཅོལ་ཕྲུག་མ་བྱས་གོང་ཨ་ཕས་བདག་ལ་ཀ་ཁ་ཁྲིད་དང་མ་ཁྲིད་བསྙེལ་འདུག་གསུངས་ཙང་། ཁོ་བོས་བསམ་བློ་ཉལ་ལངས་སྒུར་གསུམ་བཏང་། འོན་ཏེ་ཀློག་གི་སློབ་དཔོན་སུ་ཡིན་ད་དུང་ཧ་མ་གོ། ཕྲན་གྱི་སེམས་ནང་། ཨ་ཕ་དྲིན་ཅན་གྱིས་གུས་ཀྱི་འཁྲིས་སུ་བཞུགས་ནས་ཏིག་ཏིག་ངང་ཀ་ཕྲེང་འབྲི་བཞིན་པའི་གཟུགས་བརྙན་བག་ཙམ་ཤར་ལ། དགེ་རྒན་སྤེན་ཐག་ལགས་ཀྱིས་སྒོ་སམ་ཐོག་ཏན་ཏན་སྒོས་ཨ་ཕྲེང་འབྲི་བཞིན་པའི་ཚུགས་ཀའང་ཟུར་ཙམ་གསལ། དེར་བརྟེན་ལོང་བར་སྤྱན་མིག་སྦྱིན་མཁན་ཟེར་ནའང་འདྲ། ལྐུགས་པར་སྨྲ་ལྕེ་སྩོལ་མཁན་ཞེ་ནའང་ཆོག་པ་ལྷན་རྒྱས་ཟུང་རང་སྣང་སྟེ། འདིར་ཁྱེད་གཉིས་པོས་བསླབས་པའི་ནག་པོ་འགྲོ་ཤེས་ཀྱི་ལམ་ནས་འོ་བརྒྱལ་བྱུང་སོང་ཐུགས་རྗེ་ཆེ་བྱུང་ཞུ་བར་བྱེད། བཅོལ་ཕྲུག་ཟླ་བ་གཉིས་ཀྱི་ཡུན། སྐད་ཡིག་རྩིས་རིག་ཨོ་ཙམ་ཤེས་ཀྱངa o eནི་མོད་པོ་མ་རྟོགས། དགེ་རྒན་ལྷག་ཆུང་བུ་ཁྲིད་མའི་མཚན་ཙམ་ཐོས་ཚེ་སེམས་པ་ད་རག་བར་དུ་བརྩེད། དགེ་རྒན་སྤེན་ཐག་ལགས་ཀྱིས་སྤྱན་བརྡ་རྣོན་པོ་ལན་གཅིག་འཕངས་མ་མྱོང་བས། དེ་དུས་སེམས་ཉིད་དྲོ། ད་ལྟ་ཡིད་ལ་བརྣགས། ཕྱིས་ཀྱི་ས་སྲོས་ཤིག་ཏུ་ཨ་ཕ་ཁོང་གཉིས་ཅི་འཕྲོས་མོས་འཕྲོལ་གནང་། བར་དུ་ཕྲན་རང་ཁོང་ལ་དད་ཚུལ་ཨ་ཕས་བསྙད། གྱེས་ཁར་རྒན་ལགས་ཀྱིས་ཤིང་ཏོག་ཁུ་བ་འགྱིག་དམ་གང་ཁོ་བོར་གནང་ཞོར། ལེགས་བཤད་ལེགས་པོ་ཡོད་ཅེས་གསུངས།
དུས་དེ་ཙམ་ལ་ངེད་ཁྱིམ་དུ་ཉི་ཆོས་བཟང་པོའི་སྒྲུང་དེབ་ཆུང་ལ་སྲབ་པ། ཁ་ཤོག་སྒང་ཚེ་རིང་སྐྱིན་ཁེབས་གོན་པའི་ཁོང་རང་ལྕང་མའི་བསིལ་གྲིབ་འོག་བཞུགས་པ་གཅིག་མངའ། ལྟ་འདོད་ནི་སེམས་ལ་ཤར་མོད། མཚན་བྱང་གི་དབུ་མེད་འགའ་མ་གཏོགས་དངོས་གཞིའི་དབུ་ཅན་གྱི་ཡིག་ངོ་མ་ཆོད་ལ། ཡིག་ངོ་ཆོད་པའི་དབང་དུ་བཏང་ཡང་། སྦྱོར་ཀློག་མ་གཏོགས་བསྡུས་ཀློག་ཁྱོན་ནས་མ་བཏུབ་པས་འུ་ཐུག ཡང་འུ་ཐུག་ཅེ་ནའང་ཐལ་དྲགས་པར་འདུག་སྟེ། ཉི་ཆོས་བཟང་པོའི་སྒྲུང་གི་བར་བཅུག་རི་མོ་བཞི་ལྔ་དེར་སྐྱོར་སྐྱོར་ཡང་ཡང་གིས་བལྟས་བསྡད། དེ་སྐབས་ཕྲན་གྱིས་ཇོ་ཇོ་ཀུན་དགར་ཞུ་བ་ནི་ཕུལ་མེད་ལས་ཆེ། འོན་ཀྱང་གཟའ་མཇུག་གཅིག་ནས་བཟུང་། ཁོང་གིས་ཡི་གེར་གཟིགས་ཞོར་བར་བཅུག་རི་མོར་ཕྱག་མཛུབ་བཙུགས་ནས། བདེན་ལྕོག་ལྕོག་སྒོས་ཕྲན་ལ་ནོར་བུས་ནོར་གཅིན་བཏང་བ་དང་ཕག་ནད་ཕོག་པའི་ཕག་ཤ་གཉིས་རེས་མོས་ཀྱིས་གསུངས་གནང་། དེ་དུས་ཉི་ཆོས་བཟང་པོའི་སྤྱང་གྲུང་ལ་ཡིད་སྨོན་མ་ཤོར་རུང་སྣེ་གདོང་རྒྱལ་པོའི་གཏི་ཐུག་ལ་ཧ་ལས། ཧ་ལས་པ་དང་སྦྲགས་སྣེ་གདོང་རྒྱལ་པོ་ལན་གཅིག་རྒྱལ། ཉི་ཆོས་བཟང་པོ་ཐེངས་གཅིག་ཕམ་ན་ཅི་མ་རུང་སྙམ་པའང་བྱུང་། དུས་ཕྱིས་ཞི་མི་དང་ཙི་ཙིའི་འགུལ་རིས་བརྙན་ཐུང་ལ་ལྟ་དུས་མྱོང་ཚོར་ནི་དེ་དང་གཅིག་པ་གཅིག་རྐྱང་། ན་ནིང་དབྱར་གསེང་ལ་ཉི་ཆོས་བཟང་པོའི་སྒྲུང་དེབ་རྙིང་པ་དེ། ཆེད་མངགས་མ་བཙལ་ཀྱང་གཏེར་ནས་རྙེད། སྐྱེད་མ་དྲིན་ཅན་ཉིད་གམ་ན་ཡོད་པས། ཕྲན་གྱིས་ཁོང་ལ། བྱིས་དུས་ཇོ་ཇོ་ཀུན་དགས་སྒྲུང་དེབ་འདིར་གཟིགས་ཏེ་སྒྲུང་སྙན་མོ་སྙན་མོ་གསུངས་མྱོང་ཨང་ཞུས། སྐྱེད་མས་སྣང་བ་སྤུ་ཙམ་མེད་པར། ཇོ་ཇོ་ཀུན་དགས་ཡི་གེ་ཤེས་ཀྱི་རེད་དམ་ཞེས་ལྡོག་འདྲི་གནང་། ལྡོག་འདྲི་དེ་ལས་རྣ་ཚིག་པ། ད་ལྟའི་བར་ལའང་ཐོས་མ་མྱོང་།
ལོ་དེའི་སྨད་ཆར་ཕྲན་པ་བཅོལ་ཕྲུག་གི་ཞྭ་ཕུད་ནས་མིང་དོན་མཚུངས་པའི་སློབ་མར་གྱུར། སྔ་དགོང་ཨ་ཕ་མཉམ་དུ་སྦག་སྦག་ལ་བཞོན་ཡ་བྱུང་བ་དང་། ལོ་སྟོད་ནས་རྨང་གཞིའི་ཤེས་བྱ་ཡོད་ཚད་སྦྱངས་གྲུབ་པས། མཆན་བུ་གཞན་དང་བསྡུར་ན་ལུས་སེམས་གཉིས་ཀྱི་ཚེགས་ཆུང་། དེ་སྐབས་སློབ་བུ་གཞན་ཚོར་ནི་ཟླ་ཕྱེད་ནས་མི་འགྱང་བར་ཁྱིམ་མིས་ལྟ་བར་འོང་གི་འདུག ཐེངས་མང་པོར་སློབ་ཁང་ཆུང་ཆུང་དེའི་སྒེའུ་ཁུང་ནག་ཡུག་ཙམ་རེ་བྱས་ན། བདག་ཚོས་ནག་ཡུག་ཡུག་གན་རང་གི་ནང་མི་ཡིན་པར་རེ་སྨོན་བཅངས་ལ། ཤིང་སྒོ་ལེབ་ལེབ་དེའི་གམ་ན་མགོ་ཕུར་ལྕེ་བསྣར་ལ་མོས་པའི་ཁྱིམ་བདག་རེ་བྱོན་ཚེ། ངེད་ཚོས་སློབ་གྲོགས་བསོད་ནམས་ཅན་དེའི་ཕྱོགས་ལ་ཡིད་སྨོན་ཤོར། སློབ་འགོ་ཚུགས་ནས་ཡུན་རིང་ཕྱིན། ཐ་ན་ཕ་ཡུལ་གྱི་གཞུང་ཞིང་ཕྲ་མོས་ཀྱང་ན་བཟའ་སེར་རྐྱང་བཞེས། ཕྲན་ཆུང་ནམ་ཡིན་རུང་སྒེའུ་ཁུང་ལ་བལྟས་ཏེ་རེ་སྨོན་འཆང་མཁན་གྱི་གྲས་ལགས་ཀྱང་། ནམ་ཡིན་ཡང་སློབ་མ་གཞན་ཚོའི་ཡིད་སྨོན་ཤོར་ས་རུ་མ་གྱུར། “ཨ་མ། ཁྱེད་ཉིད་བདག་ལ་གཟིགས་པར་མི་ཡོང་ངམ”ཕྲན་པས་གཏམ་འདི་ཁོང་ལ་དེ་དུས་ནས་བརྗོད་བསམས་ཀྱང་ད་རུང་མ་ཞུས། སྟོན་ལས་ཚར་རྗེས་ཀྱི་ཕྱི་དྲོ་ཞིག སྐྱེད་མ་དྲིན་ཅན་ད་གཟོད་ཁོ་བོར་གཟིགས་པར་ཕེབས། ཁྱིམ་བདག་གཞན་པ་ལྟར་སྒོ་ཁར་བསྒྲེངས་ཏེ་སྒུག་མ་ནུས་ཙང་། སྐད་ཡིག་དགེ་རྒན་ཕྱིར་ཕེབས་ནས་ཁོང་ལ་བཀའ་འདྲི་ཞུས་རྟིང་། བདག་རང་ཕྱི་ལ་རྒྱུགས་ཤིག་གསུངས། སྐྱེད་མས་ཕྲན་གྱི་སྣ་མཆུ་ཕྱིས་ཤིང་ལྡན་པར་བྱིལ་བྱིལ་ཡང་ཡང་གནང་། མཐའ་མཇུག་ཐུམ་ལ་ངང་ལག་བཀོད་པའི་འགྱིག་བྱིལ་དང་། གཉིས་ལོར་ལྗང་ཁུ་གཅིག་ཀྱང་ཕྲན་ལ་སྟེར།
དེ་ནས་ཕྲན་ཚོའི་སློབ་གྲྭ་གསར་སྐྲུན་བྱ་རྒྱུ་དང་སྟབས་ཁེལ། གོང་རིམ་ནས་ལོ་རིམ་དང་པོའི་སྔ་དྲོའི་སློབ་ཚན་མཐའ་དག གྲོང་ཚོ་གཞན་གཅིག་གི་གོང་བར་ཆགས་པའི་སློབ་གྲྭ་རྙིང་པའི་ནང་འཚོགས་བཅུག སློབ་གྲྭ་ཪྙིང་པའི་ཕྱོགས་བཞིར་འཇག་མ་དཀར་པོ་ཤ་སྟག་སྐྱེས། རྒྱུས་འདྲིས་མེད་མཁན་ཚོས་འཇག་སྐྱའི་དབུས་ཀྱི་ཁང་སྐྱ་དེ་སློབ་གྲྭ་ཡིན་པར་ཁས་མི་ལེན། ཞོགས་འཚོགས་ཡོད་པའི་དགེ་རྒན་གཉིས་ཀྱིས་ངེད་ཚོའི་རུ་ཕྲེང་གི་མགོ་རྔ་བྱས། “ཆུ་ལ་རི་མོ་ཆགས་ཆགས་ཆགས། སློབ་གྲྭར་འགྲོ་དུས་ཏིང་ཏིང་ཏིང”བདག་ཅག་མཉམ་དུ་གླུ་དབྱངས་ལེན་ཞོར། རླུང་གིས་བསྒུལ་བའི་འཇག་སྐྱ་བཞིན་མགོ་བོ་གཡུག་ཙམ་གཡུག་ཙམ་ངང་། ཐང་སྟོང་དཀྱིལ་གྱི་ཁང་སྟོང་འཁྲིས་སུ་བཅར། དེ་དུས་སློབ་ཚན་རེའུ་མིག་ཟེར་བའང་མཐོང་མ་མྱོང་སྟབས། ངལ་གསོའི་ཡུན་ཐུང་སྐར་མ་བཅུ་པོར་སྒེའུ་ཁུང་གི་ཕྱི་ལ་བཅེར་ཏེ། འཇག་སྐྱའི་ཕར་རོལ་ལས་དགེ་རྒན་སུ་ཡི་མགོ་བོ་འཐོན་པར་རེ་ཞིང་སྒུག ཕལ་ཆེར་དེ་དུས་ཙམ་ནས། ཕྲན་དང་ཨང་རྩིས་གཉིས་པོར་ལས་འབྲེལ་མེད་པའི་རི་མོ་གསལ། འཇག་སྐྱའི་གསེང་ནས་ཚུར་ཚུར་ཕེབས་པ་པོ་རྩིས་རིག་དགེ་རྒན་ཡིན་ཚེ། རྡོ་ལེབ་སྒང་གི་གྲོག་མ་ལྟ་བུའི་སེམས་མཆོག་རིན་པོ་ཆེས་བདག་ལུས་བདེ་བར་མ་བཞག སློབ་ཚན་དངོས་གཞིར་མ་རྟོགས་ལོག་རྟོགས་ཧ་ལམ་མེད་ཀྱང་། གཞན་ཚོས་མགྲིན་མང་དབྱངས་གཅིག་ཏུ“འགྲོ་མགྱོགས”ཟེར་བའི་ཨང་རྩིས་སློབ་ཚན་དེ། མི་ཆུང་བདག་ལ་མཚོན་ན། དྲི་ཆུ་བསྒོངས་བསྒོངས་ཏེ་ཞོགས་ཀའི་སྐྱ་མདར་སྒུག་པ་བས་རིང་སྣང་ཤར། ཕྱིས་སུ་དར་ཤིང་སྐམ་པོ་ལས་ཡལ་ག་མ་སྐྱེས། ཕྲན་ཆུང་བདག་གིས་ཀྱང་ཨང་རྩིས་མ་ཤེས།
སྐྱེད་མ་ལྷན་ཅིག་སྟོན་མོ་འགར་ཞུགས་མྱོང་བའི་བག་ཆགས་ཀྱིས་མིན་ནམ། མནོ་ཅུང་ཟད་ཤེས་དུས་ནས་བཟུང་། གུས་ཕྲན་གཞས་ལ་དགའ་བ་བླ་ལྷག་ཡོད་མཁན་གྱི་གྲས་ལགས། ཞོར་ལས་ལ་ཕེབས་མཁན་ཚོས་གྲོང་ཁྱེར་ནས་འོད་སྡེར་གཟིགས་ཏེ་ཁུ་སིམ་རི་གྲོང་ཧད་ཀྱིས་དཀྲོགས་རྗེས། གྲོང་པ་ཁྱིམ་མཚེས་ཕན་ཚུན་ལ་འོད་སྡེར་གང་སྙན་གཡར་རེས་ཀྱི་ཚ་རླབས་མཆེད། ཚེ་རིང་གི་གུང་ཐང་ལ་མོ་དང་ནོར་བུའི་གཙང་ལ་ལོག་འགྲོ། བཀྲ་རྡོར་གྱི་མྱང་ཆུ་གཙང་པོ་དང་ཆོས་འཕེལ་གྱི་ང་ལ་བྱམས་པའི་ཨ་མ་སོགས། ག་ཙམ་མཉན་རུང་སྙན་ཅོག་ཚ་རྒྱུ་མེད་པ་ནི་མདོངས་མཐའ་ཅན་གྱི་རྣ་བར་དབྱར་རྔ་ཐོས་དང་མཚུངས་པས། དེ་དུས་ཀྱི་གྲོང་ཁྲོད་སྲང་བར་ག་ས་ག་ནས་ངེས་མེད་དུ་གྲགས་འོངས། གླུ་གཞས་སློབ་ཚན་གྱི་སྐབས་སུའང་། སློབ་བུ་བདག་ཅག་ཁྲིད་སྟེགས་སྒང་ལངས་ཏེ་ཁོང་ཚོའི་གཞས་ལེན་པར་མོས་ཀྱི། བསླབ་གཞིའི་ངོས་ཀྱི་བྱིས་གླུ་ཐན་ཐུན་དག་ལ་སྤྲོ་བ་མེད། ཐེངས་གཅིག་རོལ་དབྱངས་སློབ་ཚན་གྱི་གཞས་ལེན་རེས་ཕྲན་ལ་འཁོར། ཁོ་བོས་ཀར་ཀོར་མེད་པར། “རྩྭ་ཐང་སྟེང་གི་བུ་མོ་ལོ་ཆུང་ཟླ་བ་ཆོས་སྒྲོན་ལགས། ཁྱེད་ནི་རྩྭ་ཐང་སྟེང་གི་མེ་ཏོག་ཅིག་དང་འདྲ་བར”ཞེས་པ་བླངས། བླངས་ཚར་རྗེས་དགེ་རྒན་ནས་ད་ལོའི་བྱིས་པའི་དུས་ཆེན་ལ་ཁྱེད་ཀྱིས་གཞས་གཅིག་ཐོངས་ཨང་གསུངས། ཉིན་གཉིས་གསུམ་གྱི་གཞུག་ཏུ། ཁོང་མོས་བདག་ལ་ཞོགས་པའི་ཉི་གཞོན་ཟེར་བའི་གླུ་ཞིག་ཁྲིད། ལུས་ཀྱི་སྟངས་སྟབས་བཅས་པའང་མ་ཆད་མ་ལྷག་ཡོད་ཚད་ནང་སྦྱོང་བགྱིས། འོན་ཏང་ཕྲན་ཆུང་དད་པའི་ཟླ་བ་ཆོས་སྒྲོན་བླང་རྒྱུ་མ་བྱུང་བས་ལན་ནམ། ལོ་དེའི་དྲུག་གཅིག་མ་ཟིན་གོང་། འགྲན་ར་རྒྱབ་ཏུ་སྐྱུར་མཁན་གྱི་སྲོལ་འབྱེད་ཁོ་བོ་ཆགས།
ལོ་གཅིག་གཉིས་འདས་རྗེས་ཀུན་དགའ་དང་ཤེར་བསྟན་གྱི་ཆེད་བསྒྲིགས་འོད་སྡེར་ཡང་། སྔ་རྟིང་ཡོད་ཙམ་ལ་ཕྲན་རང་སྐྱེ་ས་འཚར་སའི་གཙང་གི་རི་གྲོང་ཆུང་ངུར་འབྱོར། དེ་སྐབས་ཁ་བ་མར་མར་འབབ་དུས་ཟེར་བའི་གཞས་དེ་གཏོང་མ་ཤེས་མཁན་ལྷག་ཏུ་ཉུང་། ངེད་ཁྱིམ་དུ་ཀུན་དགའི་འོད་སྡེར་ནི་མེད་སྟབས། གཞན་ཚོས་བླངས་བླངས་པར་མཉན་མཉན་མཐར། ཕྲན་གྱིས་ད་གཟོད་ལེན་ཤེས་སྐབས་ཁ་བ་མེད་པའི་ཆར་པ་སིམ་སིམ་བབས། སྟོན་ལས་རན་དུས་གཅེན་པོས་ནག་ཆུ་ཁ་ནས་འོད་སྡེར་ཉོས་ཏེ་ལོག་ཕེབས། གཟའ་མཇུག་རེ་རེར། ངེད་གཉིས་གཅེན་གཅུང་ཟུང་གིས་ཀུན་དགའ་དང་ཤེར་བསྟན་མཉམ་པོར་ལག་ཏུ་ཤེལ་ཕོར་བཟུང་སྟེ་གླུ་གཞས་བླངས། སྐབས་དེ་ཙམ་ནས་གཞས་ཚིག་ལའང་རྐང་བཙུགས་ཏེ་སྣང་བ་བཞག “བྱམས་སེམས་ཅན་གྱི་དབུས་གཙང་བ། སྙིང་སྟོབས་ཅན་གྱི་ཁམས་པའི་བུ། ཤེས་རབ་ཅན་གྱི་ཨ་མདོ་བ། ཤ་རུས་གཅིག་པའི་སྤུན་མཆེད་རེད”གཞས་ཚིག་འདི་ལྟ་མཐོང་བས། ཡུལ་གྱི་རི་བོའི་ཕ་རོལ་ན་ཁམས་དང་ཨ་མདོ་ཡོད་པ་རྟོགས་ལ། གཞས་ཚིག་འདི་ལྟ་མཐོང་བས། ཕྲན་ཆུང་གིས་ཀྱང་ལད་ཟློས་ཁོ་ནས“གཞས་ཚིག”ཁ་ཤས་བྲིས་ཤིང་ཁ་ཤས་བཅོས། དགེ་རྒན་ཕྱག་ལས་དབང་གིས་ཕེབས་འབྱོར་མི་ཐུབ་པའི་རང་སྦྱོང་སློབ་ཚན་དག་ཏུའང་། ཚིགས་བཅད་རྐྱང་རྐྱང་བྲིས་ཏེ་དུས་ཐུང་སྐར་མ་བཞི་བཅུ་ཕར་ལ་བསྐྱལ། དེ་སྐབས་སྨིན་ལ་མ་སྨིན་གྱི་བློ་རུ་ཡིད་འོང་གི་བུ་མོ་གཅིག་བབས་པར། སྨིན་ལ་མ་སྨིན་གྱི་ཚིགས་བཅད་ཤོ་ལོ་ཀ་གཅིག་བྲིས། བཤད་ན་རྫུན་དུ་འགྲོ་སྲིད་མོད། ཚིག་རྐང་བཞི་པོའི་མགོ་རྔ་རུ་སྙན་ལ་ཨ་ལོང་བརྒྱན་པ་ལྟར། བདག་དང་ཁོང་མོའི་མིང་གིས་སྤྲད།
གུང་གསེང་གཅིག་དུས་སྐད་ཡིག་ལས་བྱར་རྩོམ་བྱང་ལྔ་ཙམ་གནང་སྟེ་རྩོམ་ཡིག་བྲི་རྒྱུ་བསྐུལ། གཅིག་ནི་ད་དུང་མ་ཚར་བར་ནན་ཏུར་གྱིས་འབྲི་བཞིན་པའི་བརྗེད་པར་དཀའ་བའི་འདས་དོན་འདི་ཉིད་དང་། གཅིག་ནི་བོད་ཀྱི་ལོ་གསར་རེད། འཕྲོ་མ་གསུམ་པོའི་ཁ་བྱང་ད་ལྟ་བློ་ལ་མ་འཁོར། དེ་དུས་ལྷོ་ཁའི་མ་བྱན་ལགས་ཀྱིས་མ་སྐུལ་དང་དུ་བླངས་ཏེ་བོད་ཀྱི་ལོ་གསར་ངས་བྲི་གསུངས། ཁོང་གིས་བྲིས་གནང་མཛད་པའི་རྩོམ་ཡིག་ཤིན་ཏུ་ལེགས་པས། བདག་གིས་དུམ་བུ་དང་པོ་ལས་གཞན་བཤུ་མ་ཕོད། “མཐོ་སྒང་གངས་རིའི་རྩེ་མོར་ཆགས་པའི་བོད་ཁ་བ་ཅན་གྱི་མི་རིགས་འདིར”དུམ་བུ་དང་པོའི་ཚིག་ཕྲེང་དང་པོ། རྣ་བར་སྙན་ཞིང་ངག་ལ་བདེ་བས། ལོ་ཟླ་གང་མང་རིང་། ཡིག་ཚད་སྐྲ་ལས་མང་བའི་རྩོམ་གྱི་འགོ་རུ་དེ་ལྟར་བྲིས། མཐོ་འབྲིང་འགྲིམ་དུས་གཞི་ནས་འོ་སྐོལ་གངས་རིའི་རྩེ་མོར་ནི་ཆགས་མི་འདུག་སྙམ་པའང་བྱུང་། གུང་གསེང་རྫོགས་རྗེས་ཀྱི་སྐད་ཡིག་སློབ་ཚན་ཐོག རྒན་ལགས་ཀྱིས་རྩོམ་ཡིག་བྲི་དེབ་ཁྱེར་ཏེ་རྔམ་རྔམ་པོར་སློབ་ཁང་ནང་འབྱོར། དེ་སྐབས་བདག་ནི“མཐོ་སྒང་གངས་རིའི་རྩེ་མོ”ཟེར་བའི་མཐིལ་རྡོལ་བ་མིན་ནམ་བསམས། དགེ་རྒན་གྱིས་ནམ་རྒྱུན་བས་ལྷག་པའི་གདོང་སྐྱུར་མོ་གཅིག་དང་། ཕྲན་གྱི་རྩོམ་ཡིག་འབྲི་དེབ་སློབ་མའི་ཕྱོགས་སུ་བསྟན་ཏེ། གོམ་པ་སྤོ་མ་ཤེས་ཀྱང་རྒྱུག་ཤར་གློད། ཡི་གེ་འདི་འདྲ་སྙིང་རྗེ་པོ་ཨེ་འདུག དྲང་པོ་ཤོད་དང་སློབ་མ་ཚོ་གསུངས། ཕྲན་ཅག་ཀུན་པོ་དབུགས་བཅག་ནས་ཡོད་དུས། མཆེད་གྲོགས་ནག་རིལ་གང་དེས་སྙིང་རྗེ་པོ་འདུག་གོ་ཞུས། དགེ་རྒན་ནས་སྙིང་རྗེ་མོ་ཨེ་ཞེས་སླར་ཡང་དྲིས་སྟབས། ནག་རིལ་གྱིས། “དྲང་པོ་ཤོད་གསུངས་ཙང་ལགས། དྲང་པོ་མ་བཤད་ཀ་མེད་ལགས། ཁོང་ཚོ་སྙིང་རྗེ་པོ་འདུག་གཱ”ཟེར།
གཟའ་ཟླ་བ་ཡིན་རེས་སློབ་གྲོགས་ཚོས་གསར་འགྱུར་སྣ་མིན་སྣ་ཚོགས་བཏུས་ཏེ་སློབ་གྲྭར་ཁྱེར། གཟའ་འཇུག་སྐབས་སོ་སོས་མ་བྱས་ཤིང་བྱ་བསམ་པའི་རྨི་ལམ་མངོན་དུ་མ་འགྱུར་བ་དག་ཀྱང་། གཟའ་ཟླ་བར་སྒྲོ་སྐུར་སྤང་ཁུལ་གྱིས་སྨྲ་སྲིད་པས་ཡིད་རྟོན་རུང་མིན་ནི་ཅི་ཆ། མནོ་མི་ཤེས་དུས་སྦལ་པ་གཅིག་གཉིས་ཀྱི་རྐུབ་ལ་འཇག་མའི་ངར་པ་བཙུགས་ཤིང་། ཕུ་བཏབ་ནས་གྲོད་པ་ལྡིར་དུ་བཅུག་རྟིང་། རྡོ་ལེབ་ཉི་མས་དྲོས་པའི་སྟེང་སྦལ་པ་བསྲོས་ཏེ་ལྟོ་བ་དགད་རྒྱུར་སྒུག་མཁན་གྱི་བྱིས་པ་མང་ཙམ་ཡོད་རུང་། གྲོང་ཚོ་གཞན་པའི་སློབ་མ་དེ་ན་རེ། ཁོ་དང་རོགས་འགའ་མཉམ་ཅིག་སྦལ་པ་བཅའ་བཅུར་ཕུ་བཏབ་ནས་གཞོང་པའི་ནང་བསགས། དེ་རྗེས་ཡོངས་རྫོགས་རྒྱ་ལམ་སྒང་ལ་བྱོ་མྱོང་ཟེར། རྔ་མར་སྦལ་པ་ཚང་མ་མོ་ཊའི་འོག་ཏུ་བཀད་སོང་། བཀད་པས་མ་ཚད་ཚལ་པ་དུ་མར་གྱུར་སོང་ཟེར་མོད་གསར་འགྱུར་ནི་གསར་འགྱུར་རང་ལགས། ཡང་མཆེད་གྲོགས་ནག་རིལ་ན་རེ། ཁ་ཉིན་ཕྱི་དྲོ་འཛིན་གྲྭའི་བུ་ཕལ་ཆེར་རྐྱལ་རྐྱལ་བར་ཕྱིན། སྐབས་ཤིག་ལ་ཆུ་འགྲམ་གྱི་བྱེ་མའི་སྒང་གཅེར་བུར་གན་རྐྱལ་དུ་ཉི་མ་ལྡེ་དུས། སློབ་མ་ཀ་པས་ཁ་པའི་སྔས་འགྲམ་ན་རྟུག་དྲི་ཤུགས་ཆེན་བཏང་ནས་བྲོས་སྐད། དེ་འཕྲལ་ཁ་པ་ཡར་ལངས་ཏེ་ཀ་པའི་རྗེས་བསྙེགས། རེ་ཞིག་གི་འཕྲོར། ཀ་པ་གད་མོས་གྲོད་པ་ན་ནས་བྱེ་མའི་ཐང་ལ་འགྱེལ་བའི་ཚེ། ཁ་པ་དྲུང་ན་ལྷགས་ཏེ་ཁ་སྙེར་སྣ་སྙེར་གྱིས་བཙིར་མཐར། རྟུག་དྲི་མེད་པར་རྙང་མ་ལྷེབ་ཙམ་བཤོས་བཞག་ཟེར། དེ་དུས་ཀྱི་སློབ་ཁང་གྲུ་བཞི་དགོད་སྒྲས་ཁེངས། ལོ་ཟླ་ཁོ་ན་ས་སྨྱུག་གི་རྡུལ་བཞིན་ནག་པང་ལས་ས་རུ་ཟགས།
ང་རང་བྱིས་པ་ཡིན་དུས། ཕ་མ་བཟང་པོའི་སྐུ་དྲིན་གྱིས་གནས་ག་ས་ག་ལ་ཁྲིད། ཨ་ཕས་ཡང་ནས་བསྐྱར་དུ་བསྟོད་པ་གནང་ཡ་ལ། རེབ་གཅིག་ཕྲན་ཚོ་ལྷ་སར་ཕྱིན། ཁྱིམ་གྱི་འཁོས་ཀ་ཧ་ཅང་ཞན་སྟབས། མོ་ཊ་ལས་འབབ་ཁར་དངུལ་ཇི་ཡོད་རུབ་རུབ་ཀྱང་བརྡལ་གླ་ནི་མ་འདངས། བུ་ཁྱེད་ན་སོ་ཆུང་རུང་བསམ་ཤེས་ཅན་ཞིག་སྟེ། ཨ་ཕ། ང་ལའང་ཡོད་ཅེས་སྒོར་གཅིག་གཏད་བྱུང་གསུངས། སྤྱོད་འཇུག་ལས། བདག་ལ་སྨོད་པ་གཞན་ཡོད་ན། །བསྟོད་པས་བདག་དགར་ཅི་ཞིག་ཡོད། །ཅེས་ཞལ་གསལ་མོད། ཨ་ཕ་དྲིན་ཅན་ཐུགས་མཉེས་ཏེ་གནང་བའི་ངག་གི་གཏང་རག་ཐོག་མ་དེས། མཚམས་མཚམས་ལ་ཆོས་བརྒྱད་ཀྱི་བྲན་ཕོ་བདག་རང་དགའ་རུ་བཅུག ཐེངས་མ་གཅིག་ཕྲན་ཚོ་ཐོ་རངས་གཡའ་མ་ལུང་ལ་ཆོས་མཇལ་ཞུས་རྗེས། ནམ་གསལ་ཙམ་ན་ཤོད་ཀྱི་བྲག་དམར་མགྲིན་བཟང་མཇལ་བར་ཆས། དེ་དུས་སྐྱེད་མས་སྡོང་པོའི་རྩ་བ་གཅིག་ལ་ཕྱག་མཛུབ་བཙུགས་ཏེ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་འདི་ནས་འཁྲུངས་གསུངས། གུས་ཀྱིས་སྒོར་ཟུར་ལྔ་མདུན་གྱི་སྡོང་པོའི་རྩ་བར་ཕུལ། འོན་ཀྱང་བཙན་པོ་ནི་ཤིང་ལས་འཁྲུངས་མི་སྲིད་སྙམ། གམ་ན་རྨ་བྱ་ཁ་འབབ་ལྷུང་ལྷུང་བཞུར་བའི་སྤུ་ཧྲེང་གི་གུང་འཕུར་དགོན་པར། སྐྱེད་མས་བདག་ལ། ལོ་ཟླ་གང་མང་སྔོན་བཙུན་མོ་ཉིས་སྟོང་ལྔ་བརྒྱའི་བརྙས་བཅོས་མ་ཁྱག་པས། ཡིད་འཕྲོག་ལྷ་མོ་འདི་ནས་གནམ་ལ་འཕུར་སྐད་གསུངས། མི་ལ་གཤོག་སྒྲོ་ཐོགས་པ་རིག་མ་མྱོང་ནའང་། སྐྱེད་མའི་གཏམ་ལ་ཉན་གྱིན་སྣང་བ་ཞིག་ལ་ཁོ་བོར་གཤོག་པ་ཆ་གཅིག་སྐྱེས། ད་རུང་། གད་པ་མཐོན་པའི་རྩེ་རུ་ཆགས་པའི་ཨེ་ལྷ་རྒྱ་རིའི་མཁར་ལ་བཅར་དུས། སྐྱེད་མ་དྲིན་ཅན་གྱིས། དེའི་རྒྱུད་ལ་དོ་སྣང་བྱོས་དང་རྩྭ་རྒྱ་བོ་རེ་རྙེད་ངེས་གསུངས། ཕྲན་གྱི་སེམས་ལ་རྩྭར་ནི་སྤུ་གང་ནས་ཡོང་ཨང་། ཨ་མ་འདིས་ཞལ་རྫུན་རྐྱང་རྐྱང་གསུང་གི་འདུག་སྙམ།
“དམ་བཅའ་བསྒོས་ནས་ངེད་མ་སྨད་སོ་སོར་གྱེས་པ་ལས། ང་ཨ་མ་ལ་སེམས་འཕྲེང་དྲགས་ཏེ། ཡང་ཡང་ཕྱི་མིག་ལྟ་བ་དང་མཆི་མ་མང་པོ་ཤོར། ཨ་མ་ཡང་ང་བུ་གཅིག་པོ་ལ་སེམས་འཕྲེང་བས། ངེད་རྣམས་མཐོང་མཐོང་གི་བར་དུ་ང་ལ་མིག་ཅེ་རེ་ངུ་ཞིང་བསྡད་འདུག་པ་ལ། ང་ཡང་ཨ་མ་དང་ཡུད་ཙམ་ཞིག་འཕྲད་པ་ལ་ཕྱིར་ལོག་གམ་ལོག་གམ་སྙམ་པའི་སེམས་ཤིན་ཏུ་འཕྲེང་བ་ཞིག་བྱུང”འདི་ནི་མི་ལོ་དགུ་བརྒྱ་ལྷག་གི་སྔ་རོལ་དུ། གུང་ཐང་གི་སྲས་ཆུང་ཐོས་པ་དགས་རྟ་ལ་ཚོས་ལྟང་གཉིས་བཀལ། གཡུ་ལུས་ལ་བཅངས་ཏེ་མ་ཡུམ་མྱང་ཚ་དཀར་རྒྱན་དང་ཞལ་གྱེས་དུས་ཀྱི་སྣང་བརྙན་ལགས། བགྲང་བྱ་དུ་མའི་རིང་། བོད་ཀྱི་གཅེས་ཕྲུག་དེ་བས་མང་བ་ལམ་ལ་ཆས་དུས་ཀྱི་བསྡུས་གཟུགས་ཀྱང་འདི་ག་ལས་ཆེས་ཆེར་མ་འདས། “ལོ་ངོ་ཆེ་ཡང་མ་ཆེ་བཅུ་གསུམ་ལོན། ལོ་ངོ་ཆུང་ཡང་མ་ཆུང་བཅུ་གསུམ་ལོན། བཅུ་གསུམ་བྱིས་པའི་ལོ་ལ་ཚོང་ལ་ཕྱིན། ཚོང་དཔོན་ནོར་བུ་བཟང་པོའི་ཚོང་གཡོག་ཞུས”སློབ་ཆུང་ཐོན་པའི་དབྱར་གསེང་དེར། སྐྱེད་མས་སེམས་གསོ་ལྟ་བུའི་གཏམ་རྙིང་པ་དེ་ཡང་སྐོར་བསྐྱར་སྐོར་ངང་གསུངས་གནང་། ཟླ་དགུ་པར། གུང་ཐང་གི་སྲས་ཆུང་ཐོས་པ་དགའ་ལྟར་སྐྱེད་མ་དྲིན་ཅན་ལ་ཞལ་གྱེས་ཞུས་རྟིང། བདག་རང་ཨ་ཕ་ལྷན་ཅིག་གཞིས་རྩེར་བསྐྱོད་པའི་རླངས་འཁོར་ནང་བསྡད། མོ་ཊའི་སྒེའུ་ཁུང་གི་ཕྱི་ལོགས་སུ་ཁོང་མོ་སྤྱན་ཆབ་ཉིལ་ལེར་གདའ། དུས་དེ་ནས་བཟུང་། ཕ་ཡུལ་གོས་སྔོན་ལུང་པར་ཀ་ཁ་མི་ཤེས་ནའང་སྨོན་ལམ་འདེབས་མཁྱེན་མཁན་གྱི་སྐྱེད་མས། ཀ་ལས་བྱས་པ་ཅན་གྱི་བུ་ཆུང་ཁྱིམ་དུ་ལྡོག་རྒྱུར་སྒུག སྒུག་སྒུག་ནས། དབུ་ལ་སྤྲ་བའི་མེ་ཏོག་བཞད།
དེ་སྐབས། བདག་ནི་ལྷ་ཡུལ་ལྟ་བུའི་རྒྱལ་ས་ན‘མེད’ཀྱང་། །ཕ་ཡུལ་དྲན་པའི་འདུན་པ་འགོག་ཐབས་རང་མི་འདུག །སྐད་ཡིག་ཞོགས་ཚོགས་རེ་རེར་རྩྭ་ཐང་དྲན་གླུ་ཀློག་ཐེངས་རེ་རེར། སེམས་ཀྱི་ཁང་བུར་བསང་གི་དུ་བ་འཕྱུར་སའི་གོས་སྔོན་གྱི་ཡུལ་ལྷ། འབྲུ་ཡི་མགོ་ལྕོག་ལྡེམ་སའི་གོས་སྔོན་གྱི་འོང་དཀྱིལ། ཁྱི་སྙིང་དཀར་རྔ་མ་གཡུག་སའམ་གླང་གྭ་བ་སྐྱུག་ལྡད་བྱེད་སའི་གོས་སྔོན་གྱི་སྲང་ཁག ད་དུང་། ཆུང་ནས་དྲིན་གྱིས་བསྐྱངས་པའི་བྱམས་ལྡན་ཕ་མ་གཉིས་འཁོར་འོངས། ཐེངས་གཅིག་ཨ་ཕ་དྲིན་ཅན་གུས་ལ་ལྟ་བར་ཕེབས་ཀྱི་ཡིན་གསུངས་སྟབས། གཟའ་སྤེན་པའི་རེ་སྒུག་གིས་མྱོས་པའི་སྐད་ཡིག་སློབ་ཐུན་དེ་གཞན་ལས་རིང་སྣང་ཤར། སློབ་ཚན་གྱི་དཀྱིལ་ཙམ་ལ་ལེགས་བཤད་ཅེས་རྣ་ཐོས་བྱུང་བས། རྒན་ལགས་ཀྱིས་ཕྲན་ཆུང་སེམས་གཡེང་པ་ཚོར་ཏེ་བོས་པ་རེད་སྙམ་ནས་འཕྲལ་མར་རྐུབ་བཀྱག་ལས་ཡར་ལངས། འཁྲིས་ཀྱི་སློབ་མ་ཚོས་ཧ་ལས་ཧོན་ཐོར་བའི་རྣམ་འགྱུར་འདྲ་བསྟན་ཏེ་གུས་ལ་ལྟ། རྒན་ལགས་ཀྱིས་ཞལ་མཛུམ་བག་དང་བཅས“བསོད་ནམས་ལེགས་བཤད། གང་བྱས་སོང་། རང་མོས་སྒོས་དྲི་བར་ལན་འདེབས་ཀྱི་ཡིན་ནམ”གསུངས། ཕྲན་ནི་ཅི་ཟེར་འདི་ཟེར་གྱི་ངེས་པ་མ་ཪྙེད་པས་མགོ་བོ་མ་འཕུར་རང་འཕུར་ཆགས། དེ་ཉིན་སློབ་ཚན་གྲོལ་རྗེས། བདག་གིས་དོགས་པ་སེལ་ཕྱིར་གྲལ་མཚེས་ལ། ད་གིན་རྒན་ལགས་ཀྱིས་དངོས་གནས་ང་རང་བོས་མ་སོང་ངམ་ཞེས་དྲིས། གྲལ་མཚེས་གྱིས་སློབ་དེབ་ཁ་ཕྱེ་སྟེ་ཚོགས་ཐུན་སྦྱང་གཞིར་མཛུབ་གུ་བཙུགས། མ་གཞི་རྒན་ལགས་ནས་སློབ་མ་ཀུན་པོར་ལེགས་བཤད་ཚན་པ་གཅིག་གི་བསྟན་དོན་དྲིས་པ་རེད་འདུག མི་མང་ཁྲོད་ན་གཏམ་རེ་བཤད། གནོང་ཡོད་ཅིག་གིས་རྡོག་སྟེ་བསྒྲུགས། ཟེར་བའི་དཔེ་དོན་ཐོག་ཏུ་ཁེལ་བ་བྱུང་།
དམའ་འབྲིང་ལོ་རིམ་གཉིས་པར་གྲོགས་བཟང་པོ་མཚན་ལ་མིང་མེད་རྡོ་རྗེ་ཞུ་བ་དང་འདྲིས། ཁོང་ལ་མི་ཚེ་འདིར་སློབ་ཆུང་གི་སློབ་ཐོན་ལག་ཁྱེར་ལས་མེད། དེ་ཡང་ད་ལྟ་གར་ཡོད་སུས་ཤེས། ལོ་དེར་གྲོགས་པོ་ཕུལ་བྱུང་སློབ་མའི་མིང་ཐོག་ནས་གཞིས་རྩེ་ས་གནས་ཀྱི་དམའ་རིམ་སློབ་འབྲིང་ལེགས་ཤོས་སུ་ཚུད། ཟླ་རྒྱུགས་གཅིག་ལ་གྲོགས་པོས་ཨང་རྩིས་ཡིག་ཚད་སྐར་བརྒྱ་བཏང་། ཡིན་ནའང་ལོ་རིམ་གསུམ་པར་ཕྲན་ཚོས་མཐོ་རིམ་སློབ་འབྲིང་འདེམས་དུས། གྲོགས་པོ་སྔ་ས་ནས་སློབ་གྲྭ་ཐོན། ཤིང་སྒམ་གྲུ་བཞི་གཅིག་སྒལ་པར་ཁྱེར་ཏེ་སྔ་ས་ནས་སློབ་གྲྭ་ཐོན། གྲོགས་པོ་ཁོང་རང་སྨྲ་བ་རབ་ཏུ་ཉུང་། ཕྲན་གཉིས་ལུས་རྩལ་སློབ་ཚན་ལ་མ་ཕྱིན་པར་ཟ་ཁང་རྒྱབ་ཏུ་ཡིབ་ཐེངས་རེར། གྲོགས་པོས་དགེ་འདུན་ཆོས་འཕེལ་ལགས། དགེ་འདུན་ཆོས་འཕེལ་ལགས་ཞེས་མ་ཎི་འདོན་འདོན་གནང་། ཁོང་གིས་ནམ་རྒྱུན་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཧྲུལ་པོ་གཅིག་ཕྱག་ལ་བསྣམས། མགོ་ནས་མཇུག སླར་ཡང་མགོ་ནས་མཇུག གྲོགས་པོས་དེབ་ཐེར་འདི་ཉིད་ཐེངས་མ་ཉི་ཤུ་ཁ་གྲངས་བཀླགས། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀློག་སྐབས་ཁོང་པས། དེབ་ཐེར་སྔོན་པོ་ལག་སོན་བྱུང་ན་ཅི་མ་རུང་ཨང་གསུངས། དོན་ངོ་མ། དེབ་ཐེར་སྔོན་པོ་མ་ཪྙེད་གོང་། ཕ་ཡུལ་དྲན་པས་མིན་རུང་གྲོགས་པོ་སློབ་གྲྭ་ལས་ཚར་གཉིས་བྱོལ། བྱོལ་བྱོལ་མཐར་གྲོགས་པོ་ཕྱག་དཔེ་བླུག་སའི་ཤིང་སྒམ་དེ་མཉམ་དུ་སློབ་གྲྭ་ཐོན། ལོ་གཅིག་རྗེས་སུ། བདག་ཀྱང་རྒྱུགས་ཤོག་འབྲི་སྟངས་ཐབས་ཆག་ཅིག་ལས་གང་ཡང་མ་ཤེས་པར་སློབ་གྲྭ་ཐོན། སློབ་ཐོན་གྱི་ཉི་མོར་མིག་ཆུ་རྡོག་གཅིག་མ་ཤོར་རུང་། གྲོགས་པོ་སློབ་གྲྭ་ཐོན་པའི་ཕྱི་དྲོ་འདིར། ཁྲ་ཆུང་མིག་ལ་མཆི་མས་གཡས་སྐོར་བརྒྱབ།
རྒྱུགས་ཤོག་འབྲི་སྟངས་ཐབས་ཆག་ཤེས་པའི་དབང་གིས། དམའ་འབྲིང་ཐོན་རྗེས་གུས་ཕྲན་རྩེ་ཕོ་བྲང་ཞབས་ཀྱི་ལྷ་ས་སློབ་འབྲིང་དུ་རྒྱུགས་འཕྲོད། མཐོ་འབྲིང་ལ་ཚུད་མ་ཐག་པའི་གཟའ་མཇུག་འགར། དམའ་འབྲིང་སློབ་གྲོགས་ཁ་ཤས་དང་ལྷན་ཅིག་ལྷ་ལྡན་གྱི་ཕྱོགས་མཚམས་ངེས་མེད་དུ་འཁྱམས། རྩིས་ལ་མཁས་པའི་ས་སྐྱ་བའི་གྲོགས་ཤིག་ཡོད་པ་དེས་ག་དུས་ཡིན་རུང་གད་མོ་འཚེར་འཚེར་ངང་། འོ། ཕོ་བྲང་པོ་ཏ་ལ་རྙེད་ཙམ་བྱུང་ན། ང་ཚོ་གང་དུ་ཕྱིན་ནའང་ལམ་ནོར་ཐེབས་མི་སྲིད། ཅེས་གསུངས་ཤག་ཤག ད་ལྟ་བསམ་མནོ་གཏོང་སྐབས། ཁོང་གིས་སྐད་ཆ་དེ་བརྗོད་ས་ཐུང་ན་ལྷ་ཀླུ་ཟམ་པ་དང་། རིང་ཡང་ཀུ་རུ་ཟམ་པ་ལས་མ་བརྒལ་བས་དགོད་རེ་བྲོ། དེ་དུས། རྩིས་རིག་ཡིག་ཚད་མ་བཏང་གོང་སྨོན་ལམ་རེ་གདབ་འདོད་ཀྱང་། རྩེ་ཕོ་བྲང་ལ་བལྟས་ཏེ་བཏབ། སྔར་གྱི་བྱུང་རབས་ཐར་ཐོར་ཤེས་པ་འདྲ་ཤོད་ཅེས་བསྐུལ་ནའང་། རྩེ་ཕོ་བྲང་ལ་བལྟས་ཏེ་བཤད། སློབ་ཚན་ཉན་མི་འདོད་པའི་སྐབས་དང་དུས་སུ་སེམས་ཀྱང་། རྩེ་ཕོ་བྲང་ལ་བལྟས་ཏེ་གཡེང་། གཟའ་མཇུག་རེ་ལ་རྩེ་ཕོ་བྲང་ལ་ཞབས་སྐོར་རེ་བསགས། རྩེ་སྐོར་ཞེས་བྱའི་མུན་ནག་སྤར་ཉུལ་བྱས་དྲགས་པའི་ལྷུག་མ་རྐང་གཅིག་བྲིས། འཛིན་བདག་དགེ་རྒན་གྱིས་ཚོགས་འདུར། སློབ་གོས་གྱོན་ཏེ་རྩེ་སྐོར་དུ་མ་འགྲོ་ཨང་གསུངས་ཚེ། སློབ་མ་གཞན་ཚོས་ཕྲན་ལ་གཟིགས་ཏེ་གད་མོ་བགད། བྱེད་སྒོ་ཞིག་ལ་ལོ་རིམ་མཐོ་བའི་སློབ་བུ་གཅིག་གིས། ང་ཚོས་པོ་ཏ་ལ་ངོམ་སོ་ག་ཙམ་བྱས་ཀྱང་། པོ་ཏ་ལ་བཞེངས་དུས་འུ་ཚོས་ས་རྡོ་ཁྱེམ་མགོ་གང་ཡང་དབོར་མ་མྱོང་གསུངས་པས། གུས་ཀྱི་སེམས་སུ། རྩེ་ཕོ་བྲང་བཞེངས་མཁན་ཕྲན་ཅག་མིན་པ་བདེན་རུང་། རྩེ་ཕོ་བྲང་བཞེངས་མཁན་ཚོ་དང་བདག་ཚོའི་ཁོག་ནང་ལ་བཞུར་བའི་ཟུངས་ཁྲག་གཅིག་ལས་ཐ་དད་མིན་ནོ་སྙམ།
མི་ཚོ་མང་ཆེ་བས་མ་ཡུམ་ལྷ་ས་སློབ་འབྲིང་ལ་རྒྱ་སྐད་ཀྱི་བསྡུས་མིང“ལྷ་ཀྲུང”ཞེས་འབོད་རྐྱང་བྱེད།ཕྲན་ཆུང་བདག་ལ་ལྷ་ས་སློབ་འབྲིང་གི་མི་ལོ་གསུམ་པོ་བས་སྙིང་དུ་སྡུག་པའི་ལོ་ཟླ་ནི་ད་བར་མ་ཐུག་སྟབས། ནམ་རྒྱུན་གང་གཅེས་གཅེས་ཡིན་ཁུལ་གྱིས་ལྷ་སྒྲུང་ཞེས་འབོད་རྒྱུར་ལོབས། ལོ་དེར་ལྷ་སྒྲུང་ནང་ནས། གངས་ཆབ་རྩོམ་རིག་མཐུན་གྲོགས་ཞེས་སེམས་ཉིད་ངལ་གསོ་སའི་བྲག་སྐྱིབས་གཅིག་རྙེད། ཕུགས་མི་ཟབ་ཀྱང་། བདག་ལྟའི་བྱིའུ་ཕྲུག་ཚོས་རྨི་ལམ་རེ་ཁུར་ཏེ་བྲག་སྐྱིབས་དེ་ནས་གཞན་ལ་འཕུར། གཞན་ལ་འཕུར་འཕུར་མཐར་སྙན་ངག་བྲིས་ལ་སྒྲུང་ཡང་བྲིས། དུས་ད་ལྟ། བདག་གིས་དཔེ་ཁྲིའི་སྟེང་ལ་བྲག་སྐྱིབས་དེའི་དཔེ་ཐམ་བསྣན་པའི་ཕྱག་དེབ་བསྒྲིགས། ཕྲན་གྱིས་ལྕགས་སྒམ་ནང་ལ་བྲག་སྐྱིབས་དེའི་བྱིའུས་སྟོན་པའི་རྩོམ་དེབ་བླུགས། བྲག་སྐྱིབས་དེས་ཀྱང་། ལོ་ནས་ལོ་བསྟུད་རྩེ་ཕོ་བྲང་རྒྱབ་ནས་བྱིའུ་ཕྲུག་ཐང་གྱར་བསྒུགས་པས་གློ་བ་དགའ། ད་རུང་། ལོ་དེར་ལྷ་སྒྲུང་ནང་ནས། ཁུ་སིམ་སིམ་གྱི་སྙན་ངག་པ་གཅིག་དང་ཞལ་མཇལ། ཁུ་སིམ་སིམ་གྱི་སྙན་ངག་པ་ཁོང་དང་ཞལ་ཚོར་བས། ཁོ་བོས་ཀྱང་དགའ་ཕྱོགས་ཀྱི་རྒྱུན་བསྲིངས་ཏེ་སྙན་པོ་མེད་པའི་སྙན་ངག་ཏག་ཏག་བྲིས། མཚན་མོ་རེ་རེར། ཁུ་སིམ་སིམ་གྱི་སྙན་ངག་པ་ཁོང་ནས་ཕྲན་པའི་ཐ་སྙད་ལ་ཞུན་བརྡར་བགྱིད་རོགས་གནང་། སློབ་ཐུན་རེ་རེར། ཁུ་སིམ་སིམ་གྱི་སྙན་ངག་པ་ཁོང་ནས་ཕྲན་ཅག་གི་མཐོང་རྒྱ་སྐྱེད་རོགས་གནང་། གཟའ་མཇུག་རེ་རེར། ཁུ་སིམ་སིམ་གྱི་སྙན་ངག་པ་ཁོང་ནས་ཕྲན་པར་མི་ཡུལ་གྱི་ལྷ་ས་གླེང་རོགས་གནང་། ཆོས་རྗེ་ས་པཎ་གྱིས། ས་བོན་ལས་ལོ་ཏོག་འབྱུང་ཟེར་ཡང་ཞིང་དང་ཆུ་ལུད་སོགས་པ་མེད་ན་ལོ་ཏོག་འབྱུང་མི་ནུས་གསུངས། དེ་ལྟ་བས་ན། གངས་ཆབ་རྩོམ་རིག་མཐུན་གྲོགས་དང་ཁུ་སིམ་སིམ་གྱི་སྙན་ངག་པ་རྣམ་གཉིས། ཁོ་བོར་མཚོན་ན་ས་ཞིང་ལགས། ཆུ་ལུད་ལགས།
དེ་དུས་ཤར་ཕྱོགས་འགྲུལ་སྐྱེལ་ས་ཚིགས་ཀྱི་ཉེ་འདབས་ནས་རྐང་འཁོར་གཅིག་ཉོས། ཡུལ་ལུང་མི་འདྲ་བའི་གྲོགས་འགའ་ལྷན་ཅིག་སླར་ཡང་ལྷ་ལྡན་གྱི་ཕྱོགས་བཞིར་མྱུལ་འགོ་བརྩམས། རེབ་གཅིག་གུས་དང་གྲོགས་པོ་རྡོ་ཚེ་ཕ་བོང་ཁར་འགྲོ་རྒྱུ་བྱས། འགྲོ་རྒྱུ་བྱས་ཞེས་མོལ་བསྡུར་བགྱིས་པ་འདྲའང་། རྟག་ཏུ་ཕྲན་པས་གང་ཟེར་ལ་གྲོགས་ཚོས་ཞལ་ཞེ་གཉིས་མེད་ཀྱིས་མོས་མཐུན་གནང་། ཉིན་དེར་ངེད་གཉིས་རྐང་འཁོར་རེ་བཞོན་ཏེ་ཕ་བོང་ཁར་ཆས། ཕ་བོང་ཁའི་མདོ་ནས་ཡར་ཡར་བསྐྱོད་སྐབས་རྐང་ལམ་ཕྲ་མོ་ཞིག་ཕ་བོང་ཁ་ནས་མར་མར་བསྣར། མདུན་ན་ཡོད་པའི་གྲོགས་པོས་མུ་མཐུད་རྒྱ་ལམ་དེད་ནས་ཤར་རེར་སོང་། རྐང་ལམ་གྱ་གྱུར་ལྟ་བཞིན་སྣང་བ་ཞིག་ལ། སྔོན་བྱོན་མེས་པོ་དམ་པ་རྣམས་རྐང་ལམ་ཕ་གི་ཞབས་ཀྱིས་བཅག་སྟེ་སྐུ་མཁར་མ་རུར་ཕེབས་པ་མིན་ནམ་སྙམ། ཉེ་དུས་ཀྱི་དྲན་དབང་དགེ་ཆོས་ཀྱང་ཕ་བོང་ཁར་ཕེབས་སྐབས་ཏན་ཏན་ལམ་དེ་རང་བརྒྱུད་ནས་ཕེབས་ཡོད་སྣང་ཤར། སྣང་བ་དེ་འདྲ་ཕྲན་པར་ཡང་ཡང་ཤར་གྱི་འདུག་སྟེ། བློན་པོ་གཤེགས་ཏེ་བགྲང་གཞི1350ལྷག་ཕྱིན་པའི་ད་ལྟའི་དུས་སུའང་། ཡུལ་ལ་ལྡོག་ཐེངས་རེ་རེར། སྟོད་ལུང་གི་ཕུ་མདའ་བརྒྱུད་ཐེངས་རེ་རེར། མདུན་གྱི་རི་བོའི་སྣ་ཟུར་ནས་བློན་པོ་མགར་དང་མཇལ་ཡོང་བསམས། དེ་བས་ཕྲན་པས་རྐང་འཁོར་ཕ་གིའི་རྐང་ལམ་ཕྲ་མོའི་སྒང་བཅུན། འགྲོ་ས་ཡོད་ཡོད་བར་ལ་རྐང་འཁོར་བཏང་སྟེ་ཡར་ཡར་ཕྱིན། འགྲོ་ས་མེད་མཚམས་ནས་རྐང་འཁོར་ཁྱེར་ཏེ་ཡར་ཡར་འཛེགས། དང་པོ་དང་པོ་གཅིག་ལ། སྒང་གི་སྐུ་མཁར་མ་རུ་ལས་ཕྲན་ཚོའི་དབྱངས་གསལ་སོ་བཞི་ཕྱོགས་བཞིར་མཆེད། གི་གུ་ལོག་པ་དེ་ཚོ་དང་བཙན་པོའི་རྟོགས་བརྗོད་དེ་ཚོའང་མེ་ལྕེ་ཇི་བཞིན་ས་མཐར་མཆེད།
ལོ་རིམ་གསུམ་པའི་མཚན་གུང་གཅིག་ལ། ཁོང་མོས་གུས་པར་ཚིགས་བཅད་ཤོ་ལོ་ཀ་གཅིག་བསྐུར། དེའི་ནང་ཕྲན་ཆུང་ཟུང་གི་མིང་ཡང་ཚུད་ཡོད་གསུངས། ལོ་དེར་སྐྱིད་ཆུའི་འགོ་ཁུངས་ནས་འཁྲུངས་པའི་མོ་རང་གཙང་པའི་ཨོ་ལོའི་དྲུང་ན་ཁྱེར། ལྷ་སྒྲུང་གི་གྲུ་ཁུག་ནས་སྨིན་གྱིན་པའི་ཁོང་མོ། ག་ལེ་ག་ལེར། ཉིན་མོར་མིག་གིས་ལྟ་ས་དང་མཚན་མོར་སེམས་ཀྱིས་དྲན་སར་གྱུར། གུས་ཕྲན་སྔོན་ཆད་ཨང་ཀི2པར་དགའ་བ་ཁོང་མོའི་རྐྱེན་གྱིས་མིན་རུང་། ཁོང་མོའི་དབང་གིས་བདག་རང་དེ་བས་ཨང་ཀི2པར་དགའ་རུ་སོང་། ལོ་དེའི་ཟླ་བ2པའི་ཚེས22ལ། ཐག་རིང་གི་བུ་མོ་དེས་འཆར་ཤེལ་ཐོག་ཡི་གེ་འབྲི་བཞིན་པའི་སྒྲའང་ཁོ་བོའི་ཐོས་འཛིན་བུ་གར་འཚངས། དུས་དེ་ནས་ཡིད་འོང་གི་ཨང་ཀི་དང་ཡིད་འོང་གི་ཟླ་ཚེས་གཉིས། ཕྲན་ཆུང་ཟུང་གི་དྲན་པའི་གསང་ཨང་ཆགས། ཉིན་གཅིག་བདག་གིས་ཀུན་བདེ་གླིང་ནས་བྱབས་ཁྲུས་ཞུས་རྟིང་ཁོང་མོར་འཕྲིན་ཐུང་བཏང་། རྐང་འཁོར་བཞོན་ཏེ་ལྷུང་ལྷུང་སྒྲོག་པའི་ཆུ་ཆེན་སྐྱིད་ཆུའི་འཁྲིས་སུ་བཅར། སྐྱིད་ཆུའི་ཚུ་རོལ་གྱི་ཁོང་མོའི་སྐྲ་ལོ་རླུང་གིས་འགུལ་ཙམ་འགུལ་ཙམ་བྱེད། གསེར་གྱི་ངང་པ་ཆ་གཅིག་སྐྱིད་ཆུའི་ཁར་བབས་ནས་རྩེད་དགར་རོལ། ཁ་མ་གྲགས་པར་དར་ཅིག་ལུས་རྗེས་ངེད་གཉིས་པོས་སྐད་ཆ་ཤབ་བི་ཤུབ་བིར་བཤད། ཁ་གཏད་ཀྱི་བུམ་པ་རི་བོས་སྨུག་པ་བན་བུན་གོན་པ་བཞིན། དེ་ཉིན་གྱི་སྐད་ཆ་རེ་འགར་འཚེར་སྣང་བག་ཙམ་རེའང་འགོས། འཚེར་སྣང་གི་རྒྱབ་ལ་སྙིང་ཆུང་ཟུང་ལུ་གུ་ལྟར་ལྡིང་བ་འུ་གཉིས་སོ་སོས་གསལ་པོ་ཤེས། འུང་གི་འོག་ཏུ། ཕྲན་ཆུང་བདག་གིས་གླུ་ཆུང་བླངས་པ། དང་པོ་སྐྱི་ཆུའི་ཁ་ལ། །འཛོམས་དུས་བཏབ་པར་ཕྱིན་པས། །ཁྱེད་ཀྱི་བཤོས་པའི་ཆུ་དེ། །ཕྲན་གྱི་སྙིམ་ལ་སིམ་སོང་། །བུ་མོ་བསོད་ནམས་མཁའ་འགྲོ་མ།
རྩེ་ཕོ་བྲང་ཞབས་ཀྱི་ལྷ་སྒྲུང་དབུས་ལོ་གསུམ་བསྡད་རྟིང་། སློབ་ཆུང་སྐབས་རྩོམ་མཁན་དཔལ་དོན་གྲུབ་རྒྱལ་ཉིད་མཚམས་སྦྱོར་གནང་དུས་ནས་འགྲོ་བསམས་པའི་སློབ་གྲྭར་རྒྱུགས་ལོན། སྔོན་ཆད་བོད་ཀྱི་བློན་ཆེན་སྟག་སྒྲ་ཀླུ་ཁོང་རྒྱ་ཡུལ་ལ་བཞུགས་མ་ཐུབ་པ་ཐུགས་ཁག་མི་འདུག ནམ་ཟླ་སྟོན་ཀ་ཤར་ཡང་པེ་ཅིན་གྱི་རླུང་བུའང་ཚ་མོ་ཚ་རྐྱང་རེད། སློབ་ཆེན་གྱི་ལེའུ་དམག་སྦྱོང་ལས་འགོ་ཚུགས། དམག་གླུའི་གདངས་དབྱངས་ཀྱིས་མི་མགོ་སུམ་ཅུ་ཐམ་པའི་རྐང་པའི་འདེགས་འཇོག ལག་པའི་གཡུག་སྟངས། མིག་གི་ལྟ་ཕྱོགས། ཐ་ན་ངག་གི་ཁ་ལོའང་བཅུན་མོད། གུས་ཀྱིས་ལག་པ་གཡས་པ་མདུན་དུ་གཡུགས་ཚེ། སྔུན་གྱི་སློབ་བུས་ལག་པ་གཡས་པ་རྒྱབ་ཏུ་གཡུགས། ལག་གཉིས་རྡུང་ཁ་རེ་ཤོར་ནའང་སྨྲ་བ་མེད་པར་མུ་རུ་བརྩེས། ཕྱིས་སུ་གྲོགས་ཁོང་གཡོན་ལག་ཡིན་པ་དང་། ཕྲན་ཆུང་ནང་ལྟར་འདྲིས་མེད་མི་ལ་འདྲིས་མདོག་བསྟན་རྒྱུར་མི་མོས་པ་ཡང་རྟོགས། དམག་སྦྱོང་ཚར་ལ་ཉེ་དུས་ཤིག དགེ་རྒན་གྱིས་བདག་རང་ཨ་མདོའི་སློབ་གྲོགས་གཅིག་ལྷན་དུ་གཟུགས་པོའི་བརྟག་དཔྱད་ལ་འགྲོ་དགོས་པའི་བརྡ་བཏང་། སྨད་ཀླུ་ཆུའི་འབྲོག་ཕྲུག་དང་གཙང་འོ་ཡུག་གི་ཨོ་ལོ་གཉིས་རྒྱ་གྲོང་གི་མི་ཚོགས་ཁྲོད་ན་ཡར་རྒྱུགས་མར་རྒྱུགས། ཉིན་དེར་ཕྲན་གཉིས་བར་ལྐུགས་བརྡ་ཐེངས་མར་པོ་བགྱིད་དགོས་ཐུག་ཀྱང་གཞན་སྐད་ཚིག་གཅིག་ངག་ལ་མ་ཁྱེར། དེ་ནི་ས་མཐའི་དམ་ཚིག་ལགས་པ་མི་ཆུང་གཉིས་ཀྱི་སེམས་སུ་གསལ། དམག་སྦྱོང་གྲུབ་རྗེས་འུ་གཉིས་དབྱིན་ཡིག་གི་དབྱངས་གསལ་འཛིན་གྲྭར་མཉམ་པོར་ཁེལ། ཡིག་ཚད་གཅིག་དུས། སོག་པོ་ཁྱུ་ཡི་དཀྱིལ་ལ་གུས་གཉིས་སོ་སོས་བོད་ཀྱི་གྲི་དང་གཡག་གཉིས་ངོ་སྤྲོད་བྱས། pptངོས་འདྲ་པར་མ་གཏོགས་དབྱིན་ཡིག་འབྲུ་རྡོག་རེ་གཉིས་ཙམ་ལས་མེད་པར་ཁ་རེ་སྐྱེངས།
ཕྲན་དང་ཞོག་ཁོག་མཐོ་འབྲིང་ནས་གྲལ་མཚེས་བྱས་ཏེ་སློབ་ཆེན་ལ་སླེབས། དམག་སྦྱོང་སྐབས་བཀོད་འདོམས་དཔོན་གྱིས་སློབ་མ་གསར་པ་ཀུན་གྱི་མདུན། ཞོག་ཁོག་ལ་བསྟོད་པ་ཡང་ཡང་བྱས། དམག་སྦྱོང་གི་ནུས་རྩལ་ལ་ཧ་ལས་པས་མིན་གྱི། ཁོའི་སྐད་ཆ་ལྟར་ན། བོད་རིགས་སློབ་མ་གཅིག་གིས་གཟུགས་པོ་མི་བདེ་ནའང་རྒྱུན་འཁྱོངས་ཉིན་གསུམ་བགྱིས་པས་རེད། གང་ལྟར་དེ་རྗེས་ཕྲན་ཚོ་དམག་སྦྱོང་བྱེད་རིང་ཁོང་རང་གཅིག་པུ་མལ་ཁང་ནང་ཉལ་བསྡད་རྒྱུའི་སྐལ་བཟང་ཐོབ། ཕྱིས་སུ་ཁོང་པས་དེར་ཡང་བློ་མ་ཚིམས་པར། རྐང་འཁོར་བཏང་ནས་གནམ་བདེ་སྒོ་མོར་གཟས་ཏེ་ཕྱིན་གསུངས། ཆུ་ཚོད་གཅིག་སོང་རུང་ལམ་ཕྱེད་ལའང་འབྱོར་མེད་རྐྱེན། རྟ་ལས་མགྱོགས་པ་ཨ་གསར་དེ་གཡུགས་བཞག་གསུངས། སློབ་དུས་གཅིག ཡང་ན་ལོ་གཅིག་གི་མཇུག དགེ་རྒན་གྱིས་ཚོགས་འདུ་ནམ་རྒྱུན་བས་གྲ་རྒྱས་པ་ཞིག་བསྡུས་ཐོག ཡིན་གཅིག་མིན་གཅིག་མི་རེ་ངོ་རེས་སློབ་ཆེན་ལ་སླེབས་པའི་མྱོང་ཚོར་ཤོད་གསུངས། དེ་འདྲར་ཞེན་པ་གཏིང་ནས་ལོག་པས་འཆད་རེས་ཕྲན་དང་ཞོག་ཁོག་ལ་འཁོར་སྐབས། ཕྲན་གཉིས་ཀྱིས། སློབ་སྦྱོང་ཡག་པོ། ཉིན་བཞིན་ཡར་རྒྱས། ཞེས་བྱིས་དུས་ནས་རྣ་ལ་འཇགས་པའི་ཡིག་འབྲུ་བརྒྱད་པོ་སླར་སྨྲས། ན་ནིང་དགུན་ཁར་ཞོག་ཁོག་སྔོན་ལ་ལྷ་སར་ལོག་རྒྱུ་ཐག་ཆོད། ཕྲན་ཆུང་གཉིས་པོ་རྒྱུན་གཏན་ལྟར་ཆུ་ཚོད00:00ལ་ཡར་ལངས་ཏེ། ལུས་རྩལ་ར་བའི་གྲུ་ཟུར་ཞིག་ཏུ“ཇ་སྐོལ”ལྟོ་མངགས། མོལ་མཆིད་ནས་མཁའ་ལ་ཟླ་བ་མེད་པའི་པེ་ཅིན་གྱི་ཞག་པོ་གཅིག་ཕར་ལ་བསྐྱལ། མཚན་མོའི་གཏིང་ནས་ཁོང་པས་མི་ཚེའི་རིན་ཐང་ཟེར་བ་གཅིག་ཐོག་མར་གླེངས། དེ་ནས་བཟུང་། བདག་གིས་ཀྱང་ལོ་ཚོད་ལ་དཔགས་པའི་རིན་ཐང་ཞེས་པར་བསམ་བློ་ཡང་ཡང་གཏོང་དགོས་ཐུག
སློབ་ཆེན་ལོ་རིམ་དང་པོར་ཆོ་ཡོད་པའི་སློབ་ཚན་ཁྱོན་ནས་མི་སྣང་། ཕྲན་ཅག་ལ་རྩོམ་རིག་གི་བརྡ་ཆད་སྐམ་པོ་ཁ་ཅིག་ཁྲིད། དེ་ལྟ་སྦྱངས་ཡང་རྩོམ་བྲི་བར་ནི་རྔོ་མི་ཐོགས་བསམས་ནས་བཏང་སྙོམས་སུ་བཞག ད་རུང་རྒྱ་ཡིག་གི་སྙན་ངག་ཪྙིང་པ་ཁ་ཤས་ཁྲིད། གོ་བ་ལྟ་ཅི་བཏོན་ཚེ་བོད་སྐད་སྨྲ་བ་བདག་ལྟའི་སྨྲ་ལྕེར་མདུད་པ་ཐེབས། སྤྲོ་བ་ལྡན་ས་ཉག་གཅིག་ནི་སྡོད་ས་མི་ཐོབ་པའི་འཆད་ཁྲིད་འགའ་སྟེ་ལྕོགས་ཚོད་ཀྱིས་བཅར་རྐྱང་བྱས། དེ་ལས་མ་ཐོས་པ་འགའ་ཐོས། མ་རིག་པ་འགའ་རིག མ་ཤེས་པ་འགའ་ཡང་ཤེས། དེ་དུས་གུས་ཀྱི་བློར་ཕྲན་ཆུང་ས་ཐག་རིང་གངས་རིའི་འདབས་ནས་ཡོང་། ཉིན་ཞག་ཕྲུགས་གཉིས་མེ་འཁོར་གྱིས་འགྲུལ་ཆས་བཞིན་ཁྱེར་ཏེ། མ་འདྲིས་མི་ཡི་ལུང་པ་རྒྱ་ནག་པེ་ཅིན་ལ་སླེབས་ཀྱང་། བསྟེན་བསམས་པའི་བཤེས་གཉེན་བསྟེན་རྒྱུ་དང་བསླབ་སྙམ་པའི་ཡོན་ཏན་བསླབ་རྒྱུ་མ་བྱུང་བའི་ཁར། འདྲེན་བྱེད་ཀྱི་བགོ་སྐལ་དུའང་གཡུ་ཡི་ནམ་མཁའ། གསེར་གྱི་ཉི་མ། ཞོ་ཡི་སྤྲིན་པ། དུང་གི་ཟླ་བ་བཅས་སྨིན་ཐེངས་མཛུབ་ཚིགས་ནང་བཀུག་གིས་བརྩི་ཆོག་ཆོག་ལགས་པས། ཆུང་ཆུང་བྱིས་པའི་སྐབས་ནས་འགྲོ་སྙིང་བྲོ་བའི་སློབ་གྲྭར་དངོས་སུ་འབྱོར་དུས། བྱིས་བློར་ཡང་ཡང་འཁོར་མྱོང་བའི་སློབ་གྲྭ་དེ་ཉིད་སྔར་ནས་ཚོས་གཞི་འགྱུར་འདུག་སྙམ། གར་བལྟས་གང་ལས་སྙིང་པོ་མེད་མེད་འདྲ་བ་ཏག་ཏག་ཏུ་མཐོང་སྟེ་ཉིན་མཚན་འགའ་ཡང་ཕར་ལ་འཕུད། དེའི་རྗེས་ཙམ་དུ་འཛིན་བདག་དྲིན་པོ་ཆེས་གཟའ་མཇུག་རེ་ལ་འཛིན་ཚོགས་རེ་བསྡུས། གཟའ་འཁོར་སྔ་མར་དཔེ་ཆ་བཀླགས་པའི་མྱོང་ཚོར་མོལ་དུ་བཅུག གཟའ་འཁོར་མཇུག་མར་བཀླག་རྒྱུའི་དཔེ་ཆ་གཏན་ཁེལ་གནང་། ངག་སྦྱོར་གཙང་མས་བརྡ་སྤྲོད་སྟངས་བསླབ་པར་སྐུལ་བ་སོགས་ཀྱི་བགྱི་བ་དོན་ལྡན་དེ་དག མེ་ཏོག་ཚིག་པ་ལ་ཆུ་བྲན་པ་ལྟར་སྐབས་སུ་ཤིན་ཏུ་བབས་པ་བྱུང་།
གུང་ཐང་རིན་པོ་ཆེས། མཐུན་པའི་བཤེས་ཤིག་རང་གི་དགེ་རྒན་དུ། །བསྟེན་ནས་གསུངས་པ། ཕྲན་པས་ལག་ཏུ་ལེན་དགོས་ལེན་དགོས་སྙམ་ཡང་ལོ་དང་པོ་ཁུ་སིམ་མེར་འདས་སོང་། ལོ་གཉིས་པ་ནས་འགོ་ཚུགས། བདག་ཚོར་སློབ་ཚན་ཡང་སྣ་མང་ཕུན་སུམ་ཚོགས་པ་བཀོད་སྒྲིག་གནང་། པེ་ཅིན་གྱི་གནམ་ངོ་སྔར་བཞིན་འཐིབས་ཀྱང་ཕྲན་ཆུང་གི་སེམས་པ་དགའ་ཡལ་ཡལ། དེ་སྐབས་བོད་རྩོམ་ལོ་རྒྱུས་ཀྱི་སློབ་ཚན་ལ་རྒན་ལགས་ནས་དྲི་བ་བསྐུལ་རེས། སློབ་གྲོགས་ཚོས་ཀུ་རེ་ཀྱལ་ཀའི་ཚུལ་དུ་ཁོ་བོའི་མིང་ལས་འབོད་རྐྱང་བྱས། རེབ་གཅིག་སློབ་ཚན་དངོས་གཞིར་རྒན་ལགས་ནས་ངེད་ཅག་ཉོབ་ཅིང་དུབ་པ་གཟིགས་ཏེ། ད་ནི་སློབ་མ་གཅིག་གིས་གླུ་ཞིག་ཐོངས་དང་གསུངས་པའི་ཚེའང་། ཀུན་པོས་ལེགས་བཤད་ལེགས་བཤད་ཟེར་ནས་གད་མོ་བགད། དེ་མུར་བཤེས་གཉེན་བཙུན་པོ་ལགས་ཀྱིས་ཞལ་འཚེར་འཚེར་ངང་། ལེགས་བཤད་ཁྱེད་ཚོའི་འཛིན་གྲྭའི་ནོར་བུ་ཨེ་རེད། ལན་འདེབས་དགོས་ཀྱང་ཁོ། ད་གླུ་གཏོང་དགོས་ཀྱང་ཁོ།ཞེས་བཀའ་ཕེབས་གནང་བ་དང་། ཡང་སློབ་དཀྱིལ་ཡིག་ཚད་ཅིག་ལ། རྒྱ་མཚོའི་གམ་ན་ཆུ་ཕྲན་གྱི་དཔེ་བཞིན་གུས་ཀྱིས་འཁྲབ་འཁྲབ་ལིང་ལིང་ངང་སྙན་ཞུ་ཕུལ་ཟིན་རྗེས། བཤེས་གཉེན་ཁུ་བྱུག་ལགས་ནས་ཁོ་བོར། ཁྲལ་མངོན་སླ་བཅོས་མིན་པར་གྲ་སྒྲིག་ཟལ་ཐོན་བྱས་འདུག་སོགས་ཀྱི་ཐུགས་བརྩེའི་བཀའ་སློབ་སྩོལ་ཞོར། ཕྱི་དྲོར་རབ་འབྱམས་ཞིབ་འཇུག་སློབ་མ་ཁ་ཅིག་གི་དབུས་སུའང་། དེ་དེ་བཞིན་སྙན་ཞུ་དབུལ་དགོས་ལུགས་རྟ་ཐོག་ནས་གྲོག་མར་བཅོལ་གཏམ་མཛད། དེ་ལྟའི་གནམ་ནས་ཤ་བག་ལེབ་ཟགས་པའི་ལོ་རྒྱུས་ནི་མགོ་བོ་དུད་དེ་འགྲོ་བ་རྣམས་ལའང་མངའ་སྲིད་ཀྱང་། གཏམ་རྙིང་པ་དག་ཏུ། ཐམས་ཅད་མཉེས་ན་མཉེས་པ་མིན། །བླ་མ་མཉེས་ན་མཉེས་པ་ཡིན། །གསུངས་པས། སྒྲོ་སྐུར་བྲལ་བའི་ཐོ་ཇི་བཞིན་ཡི་གེར་བཀོད་པ་ཡིན་གྱི། གྲགས་པའི་གཏམ་ཉི་ཚེ་བ་དག་ལ་བསམས་པ་མིན།
ཁ་སྔོན་ཨ་མདོའི་སློབ་གྲོགས་གཅིག་ལ་རྒན་ལགས་ཀྱི་སྒྲུང་སྙན་པོ་འདུག་གཱ་ལབ་པའི་ལན་དུ། རེད་ཡ། བརྩེ་གདུང་བྲིས་དུས་ལྷག་ཏུ་ངར། ཚོར་བ་སྤྲད་ཡོང་གི་འདུག་གོ་ཟེར། ཕྲན་གྱི་སེམས་ལ་དེ་མ་ཉིད། ཐེངས་གཅིག་སློབ་ཚན་སྐབས་རྒན་ལགས་ནས་བཞད་མོ་བཞད་ཀྱིན། ཆར་པ་འབབ་དུས་ཆར་གདུགས་ཡོད་བཞིན་དུ་མི་སྤྱོད་མཁན་དེ་འདྲའང་ཡོད་རེད་གསུངས་པ་དྲན། མི་དེ་འདྲ་དངོས་སུ་ཡོད་མིན་ཅི་ཆ། ཁོང་གིས་བྲིས་པའི་སྒྲུང་ནང་དངོས་གནས་བདོག སྒྲུང་དེའང་བརྩེ་གདུང་གི་གཏམ་རྒྱུད་གཞན་དག་ལྟར་ཉམས་མྱོང་ཡོད་མདོག་ཁ་པོས་བརྩམས་གནང་བཞག ན་ནིང་དབྱར་ཁའི་མཚན་མོ་ཞིག་ལ་གཡག་མགྲོན་ཁང་གི་ཁང་མིག་གཅིག་དབུས། ཕྲན་ཅག་སློབ་བུ་འགས་ཁོང་གི་གཡས་གཡོན་མདུན་རྒྱབ་ནས་བསྐོར་ཏེ་བསྡད། དེ་བཞིན་བགྱིས་དོན་རྒན་ལགས་ཀྱིས་ཚོགས་འདུ་བསྡུས་ནས་གནས་ལུགས་བརྗོད་པས་མིན་པར། ལོ་ཉི་ཤུ་རྩ་གྲངས་ལོན་པའི་ཕྲུ་གུ་ཚོར་སྒྲུང་གསུངས་པས་ལགས། མཚན་མོ་དེར་སྙན་ངག་པ་མང་པོའི་མཛུབ་རྩེ་ལས་བརྡོལ་མྱོང་བའི་ལྷ་སའི་ཟླ་བའི་འོག་ན། བུ་སློབ་བདག་ཚོས་ཟླ་བ་གཞན་ཞིག་གི་སྒྲུང་ལ་ཡང་ཡང་ཉན། ཕྱིས་སུ་ནམ་གུང་དེར་བཏབ་པའི་འདྲ་པར་དེ། ཁ་པར་ལ་མ་ཉར། གློག་ཀླད་ལའང་མ་ཉར། ཕྲན་ཅག་ཀུན་པོའི་སེམས་ཀྱི་ཁང་བུར་ཉར། ཞིབ་འཇུག་གི་རྒྱུགས་བཏང་ཚར་དུས། རྒན་ལགས་ཀྱིས་ཕྲན་ཆུང་མལ་ཁང་ཞོལ་གྱི་པར་ཁང་ལ་ཤོག་གསུངས། མར་ཕྱིན་པས་ཁུ་སིམ་སིམ་གྱི་སྒྲུང་མཁན་དེས་ལྗིད་ཏིག་ཏིག་གི་དེབ་ཆུང་གཅིག་ཁོ་བོའི་ལག་ཏུ་གཏད་ནས། འདིར་ལན་ཅིག་བལྟ་རོགས་ཞེས་བཀའ་གནང་། ཕྱི་ཉིན་གུས་པ་ཡུལ་ལ་ལྡོག དེ་ནས་རིམས་ཀྱིས་བར་ཆོད་སྟབས་སླར་པེ་ཅིན་དུ་ལོག་སྐལ་མ་རག་པར་སློབ་གྲྭ་ཐོན། ན་ནིང་རྒན་ལགས་ཀྱིས་གནང་བའི་དཔར་འཆར་གྱི་སྒྲུང་དེབ་དེ། ཁོ་བོའི་སློབ་ཆེན་གྱི་ལེའུར་ལས་དབང་གིས་བཀོད་པའི་བཞི་ཤད་ཆགས།
དེ་ལྟར། ལོ་ཟླ་བས་ཟད། ཟླ་བ་ཉིན་ཞག་གིས་ཟད། ཉིན་ཞག་ཆུ་ཚོད་དང་སྐར་མ། སྐར་ཆས་ཟད།
ལོ་དེའི་དགུན་ཟླ་འབྲིང་པོའི་ཞོགས་ཀ་གཅིག་ལ་སྐྱེས་པའི་ཉམ་ཆུང་གི་ཨོ་ལོ་དེ། རེ་སྨོན་ཐང་གང་དང་སྐྱོ་ཤས་ཕྲན་ཙམ་མངའ་བའི་གཞོན་ནུ་གཅིག་ལ་གྱུར།
སླར་སྨྲས་པ།
བཅོ་ལྔའི་ཟླ་བ་འདྲ་བའི། །
རྒྱང་གསལ་ང་ལ་མེད་དེ། །
ཚེས་གསུམ་ཟླ་བ་འདྲ་བའི། །
རང་ལུས་རང་གིས་གསལ་ཆོག །
ཕྲན་ཆུང་བདག་ལ་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་སྟེ་བགྲང་བྱའི་ཕྲེང་རྡོག་ཉེར་གཉིས་ཧྲིལ་ཧྲིལ་ཟད།རྒྱང་གསལ་ང་ལ་མེད་དེ། །

ཆུང་ཡང་མ་ཆུང་ལོ་ངོ་ཉི་ཤུ་ཟིན། །
ཆེ་ཡང་མ་ཆེ་ལོ་ངོ་ཉི་ཤུ་ཙམ། །
ས་ཡོས་ལོ་ལ་སྐྱེད་མས་གཡར་ཁང་སྩལ། །
ངུས་ཀྱང་མ་ངུས་ལྐུགས་པ་མིན་འགྲོ་སྙམ། །
མེ་ཁྱི་ལོ་ལ་ཀ་མད་སུམ་ཅུ་བསླབས། །
ཝ་བཏགས་ཅན་རྣམས་ངེས་ཀྱང་གཉིད་མ་ཁུགས། །
ཆུ་འབྲུག་ལོ་ལ་མི་ཡི་ལུང་པར་སླེབས། །
བྱམས་ལྡན་ཕ་མ་ལས་གཞན་སུ་རེ་དྲན། །
ཤིང་ལུག་ལོ་ལ་ཕོ་བྲང་ཞབས་སུ་བཅར། །
དད་པ་དམ་ཚིག་མ་ཤོར་གློ་བ་དགའ། །
ས་ཁྱི་ལོ་ལ་རྒྱ་ནག་པེ་ཅིན་འགྲིམས། །
ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཀྱང་བྱུང་། །
ཀུན་རྟོག་བློ་ལ་མ་འཁོར་གང་ཡང་མེད། །
འདི་སྣང་ཡོད་རྒུར་མ་འཁྲུལ་གཅིག་ཀྱང་མེད། །
ཆོ་ཡོད་ཆོ་མེད་སྒང་པོ་འབྲི་ཆེད་དུ། །
ཡིག་ཆུང་གྲལ་ལ་འཁོད་པ་མཐོལ་ལོ་བཤགས། །
བཏུད་ཀྱིན་མཛེས་པ་རྨ་བྱའི་ངོ་གདོང་དང་། །
འགྱེད་ཀྱིན་བརྗིད་པ་གངས་རི་ཇི་བཞིན་གྱི། །
ཡབ་ཡུམ་བཤེས་གཉེན་ལྷན་རྒྱས་ཐུགས་རྗེ་ཆེ། །
གྲོགས་པོ་གྲོགས་མཆེད་བཅས་ལའང་ཁ་དྲོ་ཞུ། །

༢༠༢༢ལོའི་ཟླ་བ༨པའི་ཚེས་སུམ་ཅུར། ཕ་ཡུལ་དུ།
རྩོམ་པ་པོ་ངོ་སྤྲོད།
སྤྱི་ལོ༡༩༩༩ལོར་གཙང་འོ་ཡུག་གོས་སྔོན་ལུང་པར་སྐྱེས། རྩོམ་ཡིག་བཅུ་གྲངས་ཤིག་ལྗོངས་ཕྱི་ནང་གི་དུས་དེབ་ཐོག་སྤེལ། ༢༠༢༠ལོར་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་བྱ་དགའ་ཨང་དང་པོ་དང་། ༢༠༢༢ལོར«མི་རིགས་ཀྱི་རྩོམ་རིག»དུས་དེབ་ཀྱི་ལོ་འཁོར་སྒྲུང་གཏམ་བྱ་དགའ་ཐོབ། ད་ལྟ་བོད་ལྗོངས་སློབ་ཆེན་དུ་སློབ་གཉེར་བྱེད་བཞིན་མཆིས།
རྩོམ་ཁུངས། ༢༠༢༣ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་གཉིས་པ།

འབྲེལ་ཡོད་འོས་སྦྱོར།