logo

ས་ལེ་བར་དྲུག་སྟོང་གི་འགྲུལ་བཞུད། ལེའུ་གསུམ་པ།

རྩོམ་པ་པོ།:བསེ་ཀུན་དོང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-08-21 ཀློག་གྲངས།:
ཁྲོན་བོད་གཞུང་ལམ་གྱི་མཐོང་ཐོས་སྣ་ཟིན་སྤུ་ཟིན།

2023ལོའི་ཟླ7པའི་ཚེས22-23ཉིན། 
ལམ་ཐིག ཆབ་མདོ
(昌都) དཔའ་ཤོད།(八宿) ར་འོག(然乌) སྤོ་བོའི་ཡུལ།(波密) ཀླུ་ནང་།(鲁朗) ཉིང་ཁྲི།(林芝) 
ལམ་ཐག སྤྱི་ལེ709 བགྲོད་ལམ་གཙོ་བོ། G318
དམིགས་ཡུལ། རྒྱལ་མོ་དངུལ་ཆུའི་དཀྱོག་དོན་གཉིས།(业拉山怒江72拐) ར་འོག་མཚོ།(然乌湖) གཉའ་ཁྲི་བཙན་པོའི་ཡབ་གཞིས།(藏王洞)
ལར་སྒེར་གྱི་རླངས་འཁོར་བསྐོར་ནས་དབུས་ལ་འགྲོ་ན། དབུས་ལམ་གཙོ་བོ་གཉིས་ཏེ། མཚོ་བོད་གཞུང་ལམ(青藏公路)དང་ཁྲོན་བོད་གཞུང་ལམ(川藏公路)ཡིན།
       དབུས་གྲོགས་གཡང་འབུམ་རྒྱལ་དང་ངེད་གཉིས་ཀྱིས་གྲོས་བྱས་ཏེ། སྒེར་གྱི་རླངས་འཁོར་སྐོར་བའི་དམིགས་ཡུལ་ནི་རང་དབང་གི་འགྲུལ་བཞུད་དང་ལྗོངས་རྣམ་གྱི་མཛེས་པ་ཉམས་སུ་མྱོང་བ། དབུས་ལམ་གཡས་བསྐོར་རྒྱག་པའི་འཆར་གཞི་སྔ་མོ་ནས་བཟོས་ཡོད་པས། མཚོ་བོད་གཞུང་ལམ་གྱིས་དབུ་བཟུང་ཡང་ཁྲོན་བོད་གཞུང་ལམ་བརྒྱུད་དེ་དབུས་ལ་གཡས་སྐོར་བརྒྱབ་པ་ཡིན།
       གོ་ཐོས་སུ་ཁྲོན་བོད་གཞུང་ལམ་འདིའི་ལྗོངས་མཛེས་ལྟ་ན་སྡུག་པར་བཤད་པས་ཀྱང་འགྲོ་བའི་འདུན་པ་ཤིན་ཏུ་ཆེ། ད་ཐེངས་ཆབ་མདོ་ནས་དཔའ་ཤོད་དུ་ཡོང་བའི་ལམ་བར་དུ་རི་ཆུ་ནགས་གསུམ་གྱིས་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག་སོང་།
       རྔ་མཇུག་ལ་རིང་གི་དབུ་རྩེ་ནས་རི་ཤོད་ཀྱི་ལྗོངས་རྣམ་ལ་བལྟས་ན། ཆུ་འཛིན་གྱི་ན་བཟའ་བཀླུབས་པའི་རི་ཚོགས་ཀྱི་ཁྲོད་ན་གཡུ་འབྲུག་ལྟར་འཁྱིལ་བའི་གཞུང་ལམ་དང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུན་དྲག་ཅིང་བཞུར་རྒྱུན་རིང་། ལྷག་པར་དུ་ཡེ་ལ་རི་བོའི་དཀྱོག་དོན་གཉིས་ནི་དཀྱོག་ཐུང་བ་དང་གཅོང་རིང་བ། ཡུལ་སྐོར་བའི་རླངས་འཁོར་དང་གཞུང་ལམ་འཛུགས་སྐྲུན་གྱི་འཕྲུལ་ཆས་སྣ་ཚོགས་འཚངས་ཁ་ཤིན་ཏུ་ཆེ་ཁར། ཉིན་དེར་དཔའ་ཤོད་དྲག་ཆས་རུ་ཁག་གི་རླངས་འཁོར་མང་པོས་ལམ་ཁེགས་ཏེ་ཉིན་ཕྱེད་འགོར། ལམ་དུ་སྒྱོགས་མདེལ(坦克)དང་མཁའ་དབྱིངས་སུ་དམག་འཐབ་གནམ་གྲུ(战斗机)རེ་གཉིས་ལྡིང་སྐོར་རྒྱག་པ་མཐོང་བས་བྱིས་པ་ཚོར་སྤྲོ་སྣང་བསྐྱེད།
       དཔའ་ཤོད་ཀྱི་ར་འོག་མཚོ་ནི་དབུས་ལམ་གྱི་མཚོ་མོ་ཐོག་མ་ཡིན་ལ། ནགས་ཀླུང་གི་ལྕགས་རིའི་མུ་ཁྱུད་བརྗིད་ཆགས་ཤིང་ཤྭ་འོད་ཀྱིས་བྲུག་པའི་མཚོ་མོ་ལྟེ་མེར་འཁྱིལ་འདུག
       ཇི་སྐད་དུ། ཤེས་རབ་ཅན་ཆུ་ལ་དགའ། སྙིང་རྗེ་ཅན་རི་ལ་དགའ་ཟེར་བ་བཞིན་རང་བྱུང་གི་རི་ཆུའི་བཀོད་པ་འདིས་སྐྱེ་བོ་ག་ཚོད་ཅིག་གི་ཡིད་ཀྱི་དང་བ་དབང་མེད་དུ་དྲངས་ཡོད་དམ། བདག་གིས་ལེ་བར་སྟོང་ཕྲག་གོམ་པས་གཞལ་དཀའ་ཡང་འཁོར་ལོས་བསྐོར་བ་འདི་ཡང་མི་ཚེའི་ཚེ་ནོམ་ཞིག་ཏུ་རློམ་ན་མི་ཆོག་པ་མེད་པར་བསམས། ར་འོག་ནས་སྤོ་བའི་ཡུལ་དུ་ཆུ་ཚོད་གསུམ་ལྷག་ལ་རླངས་འཁོར་བསྐོར་ནས་ཡོང་ནའང་ལམ་གྱི་ནགས་ཀླུང་དང་རི་ཆུའི་མཛེས་ལྗོངས་ཀྱི་མཐའ་མ་རེག་པས་ཡིད་ཀྱི་མཚོ་མོ་བསྐྱོམས་པའི་དགའ་སྤྲོ་འཇགས་མ་ཐུབ།
       རི་བོའི་སྤོ་ལ་གངས་ཀྱི་ལ་ཐོད་བཅིངས་ཤིང་རི་ཤོད་ནགས་ཀླུང་འཁྲུགས་པ། རི་སུལ་གྱི་རྫ་ཆུ་ཤག་ཤག་འབབ་པའི་རྒྱུན་གྱི་ང་ཚོ་ནི་སྣུམ་ཚོན་རི་མོའི་ཁྲོད་ཀྱི་འགྲུལ་བཞུད་པ་ཞིག་དང་ཅི་འདྲའི་མཚུངས་ཨང་།
 
བོད་རྒྱལ་བྲག་ཕུག
       ཚིག་མཛོད་ཆེན་མོ་ལས། བོད་ལྗོངས་སྤོ་བོ་རྫོང་ནི་གནའ་དུས་སྤུ་བོ་ཀ་གནམ་རྒྱལ་པོའི་མངའ་ཁོངས་ཡིན་ཞིང་། དེའི་མངའ་ཁོངས་ལ་ལྷོ་རོང་ཆེན་བཅོ་བརྒྱད། མོན་ཚོ་ཁག་ལྔ། སྤུ་ཆུ་ལུང་དྲུག་བཅས་འདུས་ཡོད། བོད་ཀྱི་ལོ་རྒྱུས་ཐོག་ཡུལ་འདིར་རལ་གྲིའི་ཐོན་ཁུངས་ཡིན་ཞིང་། སྤུ་གྲི་ཞེས་པ་བོད་ཁམས་ཡོངས་ལ་སྐད་གྲགས་ཡོད་པ་རེད།
       རྒྱུ་ཆ་ལྟར་ན་སྤོ་བོ་རྫོང་ནས་བྱང་ཕྱོགས་སུ་ལེ་དབར་སུམ་ཅུ་ཙམ་ན་ཆུ་མདོ་སྡེ་ཤོག་ཡོད་འདུག དེ་ན་བྱ་མོ་ཁ་ཟེར་བའི་གྲོང་ཚོ་ཆུང་ངུ་ཞིག་ཡོད་པ་དེ་ནི་རྒྱལ་པོ་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་ཡིན་པ་དང་། གྲོང་མིང་བྱ་མོ་ཁ་ཟེར་བ་ནི་གཉའ་ཁྲི་བཙན་པོའི་མ་ཡུམ་གྱི་མིང་ཡིན་པར་བཤད། བདེན་དོན་ནི་ནམ་ཡང་རྫུན་འགེབ་བྱ་མི་ཐུབ་པ་ཞིག་སྟེ། གནའ་བོའི་ཡིག་རྙིང་ལྡེའུ་ཆོས་འབྱུང་ནང་དུ་སྤུ་བོའི་མི་མོ་བྱ་མོ་བཙུན་བྱ་བའི་རུམ་ན་ཐེ་བྲང་མང་སྙ་ཨུ་བེ་ར་འཁྲུངས་ཞེས་འཁོད་ཡོད་པ་དང། དེང་དུས་སྤུ་བོ་ཆུ་མདོ་སྡེ་པའི་མི་རྣམས་ཀྱི་ཁ་ན་བྱ་མོ་ཁ་ཞེས་པའི་གྲོང་འདི་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་ཡིན་པ་དང་། གྲོང་མིང་དེ་གཉའ་ཁྲིའི་མ་ཡུམ་གྱི་མིང་ལས་བྱུང་བ་ཡིན་པའི་བཤད་སྲོལ་བསྡད་ཡོད་པ་འདི་གཉིས་མ་གྲོས་གཅིག་མཐུན་བྱུང་བ་ཡིས་ཆེས་གནའ་བོའི་དུས་ནས་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་སྤུ་བོ་ཡིན་པའི་བཤད་སྲོལ་དེ་བདེན་དོན་ར་སྤྲོད་ཡོད་པར་མ་ཟད། བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་གནམ་གྱི་ཁྲི་བདུན་པོ་ཐམས་ཅད་ཀྱི་རུས་མིང་མ་ཡུམ་ལས་བཞེས་ཡོད་ཚུལ་འདི་ལ་བརྟག་ན། བྱ་མོ་ཁ་ཞེས་གྲོང་པ་འདི་ཡང་ཐོག་མར་གཉའ་ཁྲི་བཙན་པོའི་ཡབ་གཞིས་ཀྱི་མིང་ཡིན་ཞིང་། དེ་ལ་བརྟེན་ནས་ད་ལྟའི་བར་གྲོང་མིང་གནས་ཐུབ་ཡོད་པར་ངེས། བྱ་མོ་ཁའི་གྲོང་ཚོའི་རྒྱབ་ཀྱི་གངས་རི་མཐོན་པོ་ཞིག་ཡོད་པ་དེ་ལ་ས་ཕ་བཙན་རྒོད་ཆེན་མོ་ཟེར། མིང་གཞན་བཙན་རྒོད་སྤུ་རི་སྤུ་བཙན་ཟེར་ཞིང་དེ་ནི་རྒྱལ་པོ་གཉའ་ཁྲི་བཙན་པོའི་ཕ་ཡབ་ཡུལ་ལྷར་གྱུར་པའི་མིང་ཡིན་ཟེར་སྲོལ་འདུག ཆུ་མདོ་སྡེ་ཤོག་གི་གཡོན་ཕྱོགས་ནས་ཆུ་བོ་ཆེན་པོ་ཞིག་འབབ་བཞིན་འདུག་པ་དེའི་མིང་ལ་ཡར་ཀླུང་གཙང་པོ་ཟེར། སྤོ་བོ་རྫོང་ཨུ་ཏོང་པུའུ་ཀྲང་གི་དགོངས་བཞེད་ལ། རྒྱལ་པོ་གཉའ་ཁྲི་བཙན་པོ་ནི་རང་ཁྱིམ་དང་རང་ཡུལ་ལ་ཞེན་པ་ཆེ་བ་ཞིག་ཡིན་སྟབས་ཁོང་རང་སྐྱུར་ནས་ཡུལ་གཞན་འགྲིམས་དགོས་པ་བྱུང་བ་དང་། ཁོ་རང་གི་རྟེན་གཞིས་ཡུམ་བུ་བླ་སྒང་གི་འཁྲིས་སུ་འབབ་པའི་ཆུ་བོ་དེ་ལ་རང་ཡུལ་དྲན་རྟེན་གྱི་ཆེད་དུ་ཡར་ཀླུང་གཙང་པོ་ཞེས་མིང་བཏགས་པ་རྗེས་སུ་དེང་དུས་ལྷོ་ཁའི་ཕྱོགས་ནས་འབབ་པའི་ཆུ་བོ་འདི་ཡོངས་གྲགས་ཀྱི་ཡར་ཀླུང་གཙང་པོ་ཆགས་པ་མིན་ནམ་སེམས།
       ད་ལྟ་ལྷ་རི་གྱང་ཐོར་ངོས་འཛིན་ཚུལ་མི་འདྲ་བ་གསུམ་སྟེ། དང་པོ་ནི་གཉའ་ཁྲི་བཙན་པོ་ཐོག་མར་རྩེ་ཐང་དུ་བྱོན་པའི་གནས་དེང་སང་བཙན་ཐང་ལྷ་རི་ཟེར་བ་དེ་ཡིན་པ་དང་། གཉིས་པ་ནི་བོན་གྱི་ཆོས་འབྱུང་ལྟར་ན་ལྷ་རི་གྱང་ཐོ་ཀོང་པོར་ཡོད་པར་བཤད། གསུམ་ནི་སྤོ་བོའི་ཡུལ་གྱི་གཉའ་ཁྲི་བཙན་པོའི་ཡབ་གཞིས་ཏེ། བྱ་མོ་ཁའི་གྲོང་གི་རྒྱབ་རི་ཕ་བཙན་རྒོད་ཆེན་མོ་དེ་ཡིན་ཟེར།
       གང་ལྟར་གཉའ་ཁྲི་བཙན་པོའི་ཡབ་གཞིས་ལ་མཇལ་བས་གཉའ་ཁྲི་བཙན་པོ་དང་ཡར་ཀླུང་གཙང་བོ། ལྷ་རུ་གྱང་ཐོ་བཅས་ལ་ངོས་ཟིན་གསར་བ་ཞིག་ཐོབ་སོང་།
འབྲེལ་ཡོད་འོས་སྦྱོར།