logo

གངས་དབང་གི་ལྷུག་རྩོམ་ཚན་པ་གསུམ།

རྩོམ་པ་པོ།:གངས་དབང་། ཡོང་ཁུངས།:མི་རྒོད་འཕྲིན་སྟེགས། དུས་ཚོད།:2023-08-22 ཀློག་གྲངས།:
ཕ་ལྟར་འགྱིང་བའི་གངས་ཏི་སེ་དང་མ་ལྟར་བཞུགས་པའི་མཚོ་མ་པང་།(ཞར་བཀོད་གཉིས)
གངས་དབང་།

       ས་བབ་མཐོ་དམའ་དང་ལོ་རྒྱུས་འཕེལ་འགྱུར་མི་འདྲ་བའི་དབང་གིས། བོད་ཡུལ་སྟོད་སྨད་བར་གསུམ་གྱི་རི་ཆུ་དང་བཅས་པའི་རང་བྱུང་ཁམས་དང་། རང་བྱུང་ཁམས་ན་འཚོ་སྡོད་བྱེད་པའི་བོད་མི་རྣམས་ཀྱི་ཆོས་ལུགས་དད་མོས་དང་། འགྲོ་འདུག་གནས་མལ་བཅས་ཡུལ་སྲོལ་གོམས་གཤིས་ཐད་ལ་སོ་སོའི་དམིགས་བསལ་གྱི་ལོ་རྒྱུས་རིག་གནས་དང་སེམས་ཁམས་མཚོན་པའི་རྟགས་རེ་ཡོད། ཁམས་ཕྱོགས་སུ་སྐྱེས་ཏེ་འཚར་ལོངས་བྱུང་བའི་རིང་ལ་ཁམས་ཀྱི་རི་ཆུ་མང་པོ་མཇལ་བའི་ང་ལ་མཚོན་ན། ཉེ་བའི་ས་ཆ་ཁོ་ན་ལ་སྐོར་བ་བརྒྱབ་པ་ལས་རྒྱང་སྐྱོད་མ་བྱས་ན། ས་དོག་མོར་རང་ལྟ་མཆོག་འཛིན་གྱི་ལྟ་བས་བསམ་སྤྱོད་ཁ་ལོ་བསྒྱུར་སྲིད་པས། སྨད་ཀྱི་ཞིང་ཁ་ནས་བར་གྱི་ཡུར་བ་དེད་དེ་སྟོད་ཀྱི་ཆུ་མགོ་མཇལ་ན། ལག་ནང་གི་སྨྱུ་གུ་ལས་ཡིག་འབྲུ་ལ་ཟད་མཐའ་མེད་པ་དང་། ཡིག་འབྲུའི་བཅུད་དུ་སྨིན་པའི་ནས་ཆང་སྔོན་མོ་སྟོད་སྨད་བར་གསུམ་ལྷན་དུ་འཛོམས་པའི་རྟེན་འབྲེལ་དུ་འབུལ་ཆོག་པར་འདོད་དེ། རི་ཡི་རྒྱལ་པོ་གངས་ཏི་སེ་དང་ཆུ་ཡི་མགོ་ཁུངས་མ་པང་གཡུ་མཚོའི་ཕྱོགས་སུ་འགྲོ་མགོ་ཚུགས།
       ཡར་འབྲོག་གཡུ་མཚོས་སེམས་པ་མཚོ་ཡི་ངོས་ལྟར་འཇམ་ལྷོད་ལྷོད་དུ་བཏང་ནས་ཉིན་གཅིག་མ་འགོར་བར། རྒྱལ་རྩེའི་རྒྱལ་ཕམ་གྱིས་སེམས་པ་ཆུ་ཁོལ་བ་ལྟར་འཚབ་འཚུབ་ཏུ་བཟོས་ཀྱང་། འདས་ཟིན་པའི་རྒྱལ་ཕམ་ནང་དུ་མགོ་འཐོམས་པ་ལས་མ་འོངས་པའི་སྐྱིད་སྡུག་བཙལ་ན་དགའ་བས། རི་མཐོ་ས་གཙང་ཞེས་གནམ་གྱི་མཐིལ་ལ་ཆགས་པ་ལྟ་བུའི་མངའ་རིས་ཕྱོགས་སུ་བསྐྱོད་པ་ཡིན། འགྲོ་མ་མྱོང་བའི་ས་ལ་འགྲོ་དུས། འགྲམ་ལ་སྡོད་རོགས་དང་གཏམ་སྐད་ཆ་བཤད་རོགས་མེད་ནའང་། རྒྱུས་མེད་ཡུལ་གྱི་རི་ཆུ་དང་ནམ་མཁའ། ས་ཞིང་ཚང་མ་ཡིད་དུ་འོང་ཞིང་མཚར་སྣང་སྐྱེས་པས་མཚམས་མཚམས་སུ་མིག་ཕྱེ་ནས་ལྟད་མོར་བལྟས་ཤིང་། ལན་རེར་མིག་བཙུམས་ནས་བསམ་བློ་བཏང་ཆོག་པ་ནི། ཐག་རིང་པོར་འགྲོ་ལ་དགའ་བའི་མི་ཁོ་ན་ལས་སུས་ཀྱང་ཚོར་མི་ཐུབ་པའི་བདེ་སྐྱིད་ཅིག་རེད། དེ་ལྟ་བུའི་བདེ་སྐྱིད་མྱོང་བཞིན་ལྷ་རྩེ་རྫོང་ལ་སླེབས། ལམ་འགྲམ་ལ་སྐུ་ཉིད་ལྷ་རྩེར་ཕེབས་པར་དགའ་བསུ་ཞུ་ཞེས་པ་མཐོང་མ་ཐག ལམ་སང་དུས་རྒྱུན་བརྙན་འཕྲིན་ལས་གཞས་དང་ཞབས་བྲོ། རོལ་ཆ་སྒྲ་སྙན་རྒྱུད་དྲུག་བཅས་མཉམ་དུ་འཛོམས་པའི་སྟོད་གཞས་འཁྲབ་པའི་རྣམ་པ་མིག་ལམ་དུ་ཝ་ལེར་ཤར་བྱུང་། སྟོད་གཞས་ནི་ཡར་ཀླུང་གཙང་པོའི་སྟོད་རྒྱུད་ཀྱི་ངམ་རིང་དང་དིང་རི། ལྷ་རྩེ། ས་དགའ། མངའ་རིས་ས་ཁུལ་གྱི་ས་ཆ་ཁག་གཅིག་ལ་དར་བའི་དམངས་ཁྲོད་སྒྱུ་རྩལ་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་པས། དེང་སང་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཁོངས་སུ་ཚུད་ཡོད་ལ། མེས་པོ་རྣམས་ཀྱིས་ཁ་ནས་བཤད་མ་ཐུབ་པ་རྣམས་གླུ་རུ་བླངས། གླུ་རུ་ལེན་མ་ཐུབ་པ་རྣམས་ལུས་ཀྱིས་འཁྲབས་ཏེ་གཟུགས་མེད་ཀྱི་རིག་གནས་མང་པོ་ཤུལ་དུ་བཞག་པ་དེ་དག་ནི། ང་ཚོ་ཡུལ་དུ་བསྡད་ན་ཁྱིམ་གཞིས་དང་གཞན་དུ་སོང་ན་ལམ་རྒྱགས་ཡིན།
       ལྷ་རྩེ་རྫོང་གྲའུ་ཡུལ་ཤོག་གི་མངའ་ཁོངས་སུ་སླེབས་དུས། ལམ་འགྲམ་གྱི་ཞིང་ཁ་ན་མི་མང་པོ་འཛོམས་འདུག  རླངས་འཁོར་ལས་བབས་ཏེ་འགྲམ་ལ་བཅར་དུས། རྒན་དར་གཞོན་གསུམ་མང་པོས་སྒར་ཆེན་པོ་ཞིག་བརྒྱབ་པ་དང་། རྔ་དང་རྒྱལ་མཚན། གླེགས་ཤིང་བར་བསྡམས་པའི་པོ་ཏི་མང་པོ་འགྲམ་ལ་བཞག་སྟེ། ནས་ཆང་སེར་པོ་དང་བོད་ཇ་མངར་པོ་འཐུང་གིན་རྩེད་མོ་རྩེ་བཞིན་སྣང་། རྒན་པོ་ཞིག་ལ་དྲིས་པ་ན། ཁོང་ཚོས་ལོ་རེའི་འོང་སྐོར་དུས་ཆེན་གཏོང་བཞིན་ཡོད་ཟེར། འོང་སྐོར་དུས་ཆེན་ཞེས་པ་ནི་ཡུལ་སྐད་དུ་ཞིང་ཁ་ལ་འོང་ཁ་ཟེར་བ་དང་། དེ་སྐོར་བ་བརྒྱབ་པ་ལ་འོང་སྐོར་ཞེས་འབོད། དེ་ཡང་སྟོན་དུས་ལོ་ཏོག་སྨིན་པའི་མཚམས་སུ་སྐྱེས་ཕོ་མོ་རྣམས་ཀྱིས་ཕྱུ་པ་དང་སོག་ཞྭ་གྱོན། མདའ་གཞུ་དང་རྔ། གདུགས། རྒྱལ་མཚན། པོ་ཏི་སོགས་ཁུར་ནས་ཞིང་ཁར་སྐོར་བ་རྒྱག་པ་དང་། བསང་བཏང་ནས་ལོ་ཏོག་ལ་སད་དང་སེར་བ་སོགས་རང་བྱུང་གི་གནོད་པ་མི་འབྱུང་བར་གསོལ་བ་འདེབས་ཤིང་། ཉི་ཟླ་སྐར་གསུམ་དང་ཆོས་སྐྱོང་སྲུང་མ་སོགས་ཀྱི་བཀའ་དྲིན་དྲན་པའི་དུས་ཆེན་ཞིག་རེད། དེའི་རིང་ལ་རྟ་རྒྱུག་དང་ཐག་འཐེན། གླུ་བྲོ་སོགས་རྩེད་མོ་སྣ་ཚོགས་རྩེ་སྲོལ་མཆིས། བཤད་རྒྱུན་དུ་བོད་ཀྱི་རྒྱལ་པོ་སྤུ་དེ་གུང་རྒྱལ་གྱི་དུས་སུ་འཕྲུལ་བློན་མཛངས་མི་དང་པོ་རུ་ལས་སྐྱེས་ཀྱིས། རྨོན་པ་དོར་བསྡེབས་ས་ཞིང་བསྐྱེད། །ཞིང་ལ་ཆུ་དྲངས་ལོ་ལེགས་སྐྱེས། །ཞེས་པ་ལྟར་ས་ཞིང་རྨོ་བའི་སྲོལ་བཏོད་དེ་ཞིང་ལས་ལ་མཐོང་ཆེན་མཛད་པས། བོད་པ་རྣམས་ཀྱིས་ཞིང་ཁར་སྐོར་བ་བརྒྱབ་ནས་ལོ་ལེགས་འབྱུང་བར་གསོལ་བ་འདེབས་པའི་ཆོ་ག་སྤེལ་སྲོལ་དར་བ་ནས་བཟུང་། རིམ་བཞིན་ལུགས་སྲོལ་དེ་དུས་ཆེན་ལ་གྱུར་པར་གྲགས།
       མིག་གིས་དངོས་སུ་མཐོང་བ་དང་རྣ་བས་དངོས་སུ་ཐོས་པ་ནི་བདུད་རྩི་ཆང་འཚོད་བྱེད་ཀྱི་འབྲུ་རིགས་ཡིན་ན། དེའི་ཐོག་ལ་བསམ་གཞིག་བྱེད་པ་ནི་ཆང་ལྡང་བྱེད་ཀྱི་ཕབ་རྩི་ཡིན་པས། མཐོང་ཐོས་ནི་ཕྱི་ལ་བསྟན་དུ་མེད་ཀྱང་། དགོས་དུས་སེམས་ཀྱི་ཕུགས་ན་ལེན་ཆོག་ཆོག་ཏུ་ཡོད་པའི་ནོར་བུ་ཞིག་རེད།
       ལོ་རྒྱུས་ཀྱི་ཤོག་ལེབ་རེ་རེ་བསྒྱུར་བ་བཞིན། ལ་དང་ལུང་པ་མང་པོ་བརྒལ་ནས་ས་དཀར་དང་འབྲོང་པ་བརྒྱུད་རྗེས་མངའ་རིས་ཀྱི་ས་ཁོངས་སུ་སླེབས། ས་ཡར་ཡར་འགྲོ་བཞིན་མུ་མཐའ་མེད་པའི་འབྲོག་སྟོང་དུ་སྐྱ་ཐལ་ཐལ་གྱི་རྣམ་པ་འགོག་མེད་དུ་ཤར་མོད། འདི་ནི་མེས་པོ་ཚོས་རྐྱང་རྒོད་རྟ་དང་འབྲོང་རྒོད་གཡག་ལ་བཏུལ་སའི་གནས་མཆོག་དང་། ཤ་རུས་རི་བོར་སྤུངས་ཤིང་ཁྲག་རྒྱུན་གངས་ཆུར་བཞུར་ས་ཡིན་པས། རླུང་ཁ་ན་འདར་བའི་རྩྭ་ཕྲན་དང་། ལམ་འགྲམ་ལ་ལུས་པའི་རྡེའུ་ཚང་མ་མིག་ལམ་དུ་མཛེས་ཤིང་ཡིད་སེམས་ཆགས་པ་ཞིག་རེད། ལོ་རྒྱུས་ཀྱི་ཡིག་ཆ་རུ། མངའ་རིས་སྐོར་གསུམ་ཤྭ་རྐྱང་རི་དྭགས་གླིང་། །བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང་། །སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང་། །ཞེས་པ་ལྟར་མཚམས་མཚམས་སུ་གཙོད་ཁྱུ་དང་རྐྱང་ཁྱུ་མཐོང་ཐུབ་པ་དང་། སྐབས་སྐབས་སུ་མཐོ་སྒང་གི་རླུང་བུ་ལུས་ཀྱི་བ་སྤུའི་བུ་གར་འཛུལ་ཏེ། རི་མཐོན་པོ་དང་ས་གཙང་མའི་དྲི་ངད་ལུས་པོ་ཡོངས་ལ་ཁྱབ།
       གྲོང་ཚོ་རེ་རེ་བརྒྱུད་དུས་དགོས་མེད་དུ་ཕྲད་པའི་དཀའ་ངལ་མང་པོས། མངའ་རིས་མཇལ་ལམ་དུ་འཁོར་བའི་སེམས་པ་ལ་ཕོག་ཐུག་བཏང་ཡང་། ད་སྔོན་བར་ཡིག་འབྲུ་དང་པར་རིས་ལས་མཇལ་མ་མྱོང་བའི་རི་ཡི་རྒྱལ་པོ་གངས་ཏི་སེ་དང་ཆུ་ཡི་མགོ་ཁུངས་མ་པང་གཡུ་མཚོ་ནི། ཕ་ལྟར་འགྱིང་ལ་མ་ལྟར་བཞུགས་ནས་སྒུག་བཞིན་ཡོད་པ་དྲན་མུར། འཁང་ར་དང་ཁོང་ཁྲོ་ཞི་སྟེ་སེམས་པ་ལྷོད་ལྷོད་དུ་ཆགས་སོང་།

གངས་ཏི་སེ།

       ཡུན་རིང་པོར་རླངས་འཁོར་དུ་བསྡད་པས་ཐམ་མེ་ཐོམ་མེར་གྱུར་སོང་། གློ་བུར་དུ་མིག་ལམ་དུ་འཇའ་ཚོན་སྣ་ལྔ་དང་འདྲ་བའི་བོད་གོས་གྱོན་པའི་བོད་མི་འགའ་ཤར་བྱུང་། དེ་ནི་མངའ་རིས་ཁོ་ན་ལ་ཡོད་པའི་བོད་མི་ཚོའི་རྒྱན་གོས་ཏེ། སེར་སྐྱ་ཡི་ས་གཞིར་ཁྲ་ཆིལ་ལེར་བཞད་པའི་མེ་ཏོག་ཚོམ་བུ་དང་འདྲ་བས། ཉབ་ཉོབ་ཏུ་གྱུར་པའི་སེམས་པ་ལའང་ངར་ཤུགས་ཤིག་རྒྱས་བྱུང་། གཡས་ཕྱོགས་ཀྱི་རི་བོའི་ཕྲེང་བ་ལས་འབུར་དུ་ཐོན་པ་དེ་ནི། ཡུན་རིང་པོར་སེམས་སུ་ཉར་བའི་གངས་ཏི་སེའམ་གངས་རིན་པོ་ཆེ་སྟེ། རྩེ་མོ་སྤྲིན་ནང་དུ་ཟུག་ཅིང་འདབས་ལ་གྲིབ་བསིལ་གྱི་གདུགས་ཕུབ་ཡོད་པ་མཐོང་མ་ཐག  བོད་མི་ཚོས་ཚ་ཀོང་ནས་དཔར་བའི་ཚ་ཚ་དང་། ཆོ་ག་སྒྲུབ་དུས་ཀྱི་རྩམ་པའི་མཆོད་པ་དྲན་མུར་རང་བྱུང་ཁམས་སུ་འཚོས་ཤིང་། རི་ཆུ་ལ་ལད་མོ་བྱེད་མཁས་པའི་མེས་པོ་གོང་མ་ཚོའི་བློ་གྲོས་ལ་ཡིད་སྨོན་སྐྱེས། དེ་ནས་གངས་ཏི་སེའི་འདབས་ལ་ཆགས་པའི་སྤུ་ཧྲེང་རྫོང་གི་དར་ཆེན་གྲོང་རྡལ་དུ་སླེབས། འདི་ནི་གངས་སྐོར་ལ་འགྲོ་དུས་ཀྱི་ས་ཚིགས་གལ་ཆེན་ཞིག་སྟེ། གངས་རིའི་གཡས་ཕྱོགས་ནི་ཆོས་སྐོར་དང་གཡོན་ཕྱོགས་ནི་བོན་སྐོར་ལ་འགྲོ་ས་ཡིན་པས། ངས་མགྱོགས་པར་ཆར་གོས་དང་བཏུང་ཆུ་སོགས་ཉོས་རྗེས་ཆོས་སྐོར་གྱི་ལམ་དུ་འགྲོ་མགོ་ཚུགས་པ་ཡིན།
       སྤྱི་ལེ་བདུན་ཙམ་སོང་རྗེས་གངས་མདུན་གསེར་གཞོང་ཐང་ཞེས་པར་སླེབས། དེ་ཡང་སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་སངས་རྒྱས་པའི་དུས་ནི་ས་ག་ཟླ་བ་ཡིན་ལ། སྟོན་པ་ཞལ་བཞུགས་སྐབས་དགྲ་བཅོམ་པ་ལྔ་བརྒྱ་དང་ལྷན་དུ་གངས་ཏི་སེར་ཕེབས་པའི་དུས་ཀྱང་ས་ག་ཟླ་བ་ཡིན་པར་གྲགས་པས། ལོ་རེའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་གནས་དེ་རུ་སྐུ་དར་གསར་བཞེངས་བྱེད་པ་དང་། དུས་ཆེན་དེ་ལ་མངའ་རིས་ལྷ་འབངས་འདུ་བའི་ཉིན་ཡང་ཟེར་གྱིན་འདུག མགོ་བཀྱགས་ནས་ལྟ་དུས། སྐལ་བ་དམན་པ་ལམ་ལ་མ་ཞུགས་པ་རྣམས་ཀྱི་སྣང་ངོར། གངས་རི་མཐོ་བརྗིད་ནམ་མཁར་སྙེག་པ་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུ་ཞེས་པ་དང་། སློབ་དཔོན་ནག་མོ་ཁོལ་གྱིས«སྤྲིན་གྱི་ཕོ་ཉ»རུ། གངྒཱ་ཉིད་ཀྱི་ཡབ་གྱུར་ཁ་བས་དཀར་བའི་གཡོ་མེད་གངས་ལྡན་ཞེས་པ་དང་། གང་གི་རྩེ་མོ་ཤིན་ཏུ་མཐོ་བ་ཀུ་མུ་ཏ་ལྟར་མཁའ་ལ་ཁྱབ་པར་གནས་པ་ཞེས་གསུངས་པ་ལྟར། གངས་རིན་པོ་ཆེ་ནི་པོ་ཏི་བརྩེགས་པ་འདྲ་བའི་རི་བོའི་གདན་ཐོག་ཏུ་བཞུགས་ནས་ང་ལ་གཟིགས་བཞིན་ཡོད་པ་དང་འདྲ་བས་ངས་རང་དབང་མེད་པར། ངའི་ཕ་ཡུལ་གངས་ལྗོངས་ལུང་པ་རེད། །གངས་ཁ་བ་ང་ཡི་སེམས་པ་ཡིན། །གངས་ཏི་སེས་ང་ལ་ཟེར་རྒྱུ་ལ། །གངས་ཁ་བའི་བཀའ་དྲིན་མ་བརྗེད་ཟེར། །ཞེས་རང་གིས་རང་ལ་བྲིས་པའི་གླུ་དབྱངས་དེ་སྐད་དམའ་མོས་ཐེངས་གཅིག་ལེན་དགོས་བྱུང་། ལམ་བར་དུ་བརྐྱངས་ཕྱག་འཚལ་ནས་ཆོས་སྐོར་དུ་འགྲོ་མཁན་དང་། བོན་སྐོར་དུ་སོང་ནས་རི་འདབས་ལ་འབབ་མཁན་ཡང་མང་པོ་ཐུག་རྒྱུ་འདུག སྐབས་དེར་རྩོམ་པ་པོ་ཞིག་གིས། བན་གྱིས་གཡས་སུ་བསྐོར་སོང་དུང་གི་ལྷུན་པོ་ལགས། །བོན་གྱིས་གཡོན་དུ་བསྐོར་བྱུང་ཤེལ་གྱི་ས་འཛིན་ལགས། །གངས་རྩེར་ཉི་འོད་ཕོག་ཅིང་ཉི་རྩེ་ས་ལ་བརྒྱབ། །ས་ལ་དད་པའི་རྡུལ་དག་རླུང་དང་བཅས་ཏེ་འཕུར། །འགྲེལ་བཤད་རྒྱག་ཀྱང་མི་ཕོད་བརྒྱག་ཀྱང་མི་དགོས་ལགས། །ཞེས་པའི་སྙན་ཚིག་དེ་དྲན་བྱུང་།
       བོད་མི་ཚོ་ནི་ས་ཞིང་རྨོ་བ་དང་ནོར་ལུག་འཚོས་ཏེ་ལྟོ་འགྲངས་པ་དང་རྒྱབ་དྲོ་བ་ཙམ་གྱིས་མི་ཆོག་པར། སེམས་པ་ལ་རྟེན་ས་ཞིག་དགོས་པའི་མི་རིགས་ཤིག་ཡིན་ལ། སེམས་རྟེན་དེ་ནི་སུ་ཞིག་གིས་གནང་སྦྱིན་བྱེད་མི་ཐུབ་པར་རང་བྱུང་ཁམས་ལ་བསྟུན་ཏེ་མཐུན་སྦྱོར་བྱེད་པའི་སྙིང་སྟོབས་ཤིག་རེད།
       སོ་སོའི་དད་པའི་དབང་གིས་སྐོར་ཕྱོགས་མི་འདྲ་ཡང་། སེམས་ཀྱི་དབུས་སུ་བཞུགས་པའི་རི་རྒྱལ་ལྷུན་པོ་ནི་གངས་རིན་པོ་ཆེ་ལས་མེད་ལ། དེ་ལ་འགྱུར་ལྡོག་ཅི་ཡང་མེད་པས་ལམ་འགྲམ་གྱི་རྩྭ་དང་ཆུ། རྡོ་དང་རྡེའུ། མི་དང་ནོར་ལུག་སོགས་སེམས་ཅན་དང་སེམས་མེད་ཚང་མ་ཡིད་དུ་འོང་ཞིང་སྙིང་རྗེ་བ་ཞིག་རེད། ལུང་པའི་གཡོན་ཕྱོགས་ཀྱི་མཐོ་ས་ན་རི་འབུར་འབུར་གསུམ་ཡོད་པ་དེ་ནི། གངས་རིན་པོ་ཆེའི་མདུན་ན་བཞེངས་པའི་རིགས་གསུམ་མགོན་པོ་དང་འདྲ། དང་པོ་དང་གཉིས་པའི་བར་ནས་དར་དཀར་པོ་ཐུར་དུ་དཔྱངས་པ་འདྲ་བའི་གངས་ཆུ་ཞིག་བཞུར་བཞིན་ཡོད་པ་དེ་ལ། གེ་སར་རྒྱལ་པོའི་ཆིབས་རྟའི་རྔ་མ་ཞེས་བཏགས་པ་དང་། དེའི་འདབས་ལ་ལས་ཀྱི་རྟ་སྒའམ་གེ་སར་གྱི་ཆིབས་སྒ་ཞེས་རྡོ་གཞོང་རྟ་སྒ་འདྲ་མོ་ཞིག་ཡོད་པ་བཅས་ཀྱིས། བོད་མི་ཚོས་དུས་ནམ་ཡང་གླིང་གེ་སར་གྱི་འཕྲིན་ལས་བརྗེད་མེད་པ་དང་། ཡུལ་གང་དུའང་ཕྱི་རབས་པ་ཚོ་ལ་དྲན་སྐུལ་བྱེད་བཞིན་ཡོད་པ་མཚོན། རི་འབུར་འབུར་གསུམ་གྱི་འདབས་སུ་རྟ་མགྲིན་རང་བྱོན་ཞེས་རྡོ་ཕ་བོང་རྟ་མགོ་དང་ཧ་ཅང་འདྲ་མོ་ཞིག་ཡོད་པ་དེ་ནི། གངས་རིན་པོ་ཆེའི་གནས་ལོ་རྟ་ལོ་ཡིན་པས་དེ་མཚོན་བྱེད་ཀྱི་བསྡུས་གཟུགས་ཤིག་ཡིན་པར་ངེས།
       ལུང་པའི་གཡས་ངོས་སུ་དགོན་པ་ཞིག་ཡོད་པ་དེ་ལ་འབྲི་རྭ་ཕུག་ཟེར། དགོན་པ་དེ་ནི་སྔོན་རྒྱལ་བ་རྒོད་ཚང་པ་གནས་སྒོ་འབྱེད་པར་ཕེབས་སྐབས། ལུང་པའི་འདབས་ལ་མཁའ་འགྲོ་སེང་གདོང་མའི་སྤྲུལ་པ་འབྲོང་ཞིག་དང་ཐུག དེའི་རྗེས་དེད་ནས་བྱོན་ཏེ་ད་ལྟའི་སྒྲུབ་ཕུག་ཡོད་སར་སླེབས་དུས། འབྲོང་དེ་ཕུག་པ་ཞིག་གི་རྡོ་ལ་ཐིམ་པའི་ཤུལ་ལ་དབུ་རྭའི་རྗེས་དང་། རྡོ་ཕ་བོང་ཞིག་གི་ཐོག་ལ་ཞབས་རྗེས་བཞག་ཡོད་པས། གནས་དེ་ལ་འབྲི་ཐིམ་ཕུག་གམ་འབྲི་རྭ་ཕུག་ཅེས་གྲགས།
       ང་དར་ཆེན་ནས་སྤྱི་ལེ་ཉི་ཤུ་ཙམ་སོང་ནས་འབྲི་རྭ་ཕུག་དགོན་པ་ཆགས་སར་སླེབས་དུས་མུན་རུབ་ལ་ཉེ། དགོན་པའི་ཞབས་ལ་ཁང་པ་སྐྱ་ལེབ་དང་གུར་འགའ་ཤས་ཡོད་པ་ནི། ཆོས་སྐོར་ལ་འགྲོ་མཁན་རྣམས་ཀྱིས་དགོང་མོར་གནས་ཚང་གཡར་ས་དང་། བོན་སྐོར་ལ་འོང་མཁན་རྣམས་ཀྱིས་ཉིན་མོར་ཚ་ཕོག་རྒྱག་ས་ཡིན་པས། ཁང་པ་ཆེ་ཆུང་ཚང་མའི་ནང་དུ་ལ་ལས་མགོ་བོ་བཏུམས་ནས་ཉལ་འདུག་ལ།  འགའ་ཞིག་ཙོག་པུར་བསྡད་དེ་ཁ་བརྡ་བྱེད་བཞིན་སྣང་། ངས་ཀྱང་ཁང་མིག་ཆུང་ཆུང་ཞིག་བཙལ་ཏེ་ཁ་ཟས་ཐབས་ཆག་ཅིག་བཟས་རྗེས་ཉལ་ན་ཡང་། དེ་རུ་མཚོ་འཕགས་སྨི་བཞི་སྟོང་དྲུག་བརྒྱ་ཙམ་ལ་ཟིན་པས་མགོ་ན་སྟེ་གཉིད་ཁུག་མ་ཐུབ། རེད་དེ། དཀའ་སྡུག་གི་ལམ་དུ་བདེ་སྐྱིད་འཚོལ་བ་ནི་ལམ་འགྲོ་བའི་སྤོབས་པ་དང་། ཤི་གསོན་གྱི་མཚམས་སུ་གསོལ་འདེབས་ཀྱིས་རང་སེམས་གསོ་བ་ནི་དད་ལྡན་པ་ཚོའི་སྙིང་སྟོབས་ཡིན་པས། ངས་ཀྱང་དོ་དགོང་ནི་གངས་རིན་པོ་ཆེའི་རུམ་ནང་ཉལ་ཆོག་ལ། དགོང་མོ་འདི་ནི་ཚེ་འདིའི་ཐོག་མ་ཡིན་ལ་མཐའ་མའང་ཡིན་སྲིད་བསམས་ཏེ། ལག་པའི་ཐལ་མོ་བྲང་ཁར་སྦྱར་ཏེ་གངས་རིན་པོ་ཆེ་ལ་ཁ་འཁོར་ནས་ཉལ་བ་ཡིན།
       གངས་རིན་པོ་ཆེར་ཆོས་སྐོར་དང་བོན་སྐོར་བྱེད་མཁན་ནི་བོད་མི་དང་རྒྱ་མི། བལ་པོ་བ། རྒྱ་གར་པ་བཅས་ཡིག་ངོ་ཆོད་མི་ཆོད་མང་པོ་ཡོད་ཀྱང་། མང་ཤོས་ཀྱིས་སྐོར་བ་ཡི་ཆེད་དུ་སྐོར་བ་བརྒྱབ་པ་ཙམ་ལས།གངས་རིན་པོ་ཆེ་ལ་ཆ་རྒྱུས་མེད་པས་འདིར་ངོ་སྤྲོད་ཅུང་ཟད་མི་བྱེད་ཀ་མེད་རེད།
       བོད་སྐད་དུ་ཡོངས་གྲགས་སུ་གངས་རིན་པོ་ཆེ་ཞེས་པ་ལ་མཚན་གཞན་དུ་གངས་ཏི་སེ་ཞེས་འབོད། འགའ་ཞིག་གིས་གངས་ནི་བོད་སྐད་དུ་ཁ་བ་དང་། ཏི་སེ་ནི་རྒྱ་གར་སྐད་དེ་བསིལ་བའི་དོན་ནམ་ཕུལ་བྱུང་གི་དོན་ལ་གོ་ཞེས་པ་དང་། ལ་ལས་ཞང་ཞུང་གི་སྐད་དེ་དྭངས་བསིལ་གྱི་དོན་རེད་ཀྱང་ཟེར། རི་ཡི་མཐོ་ཚད་ལ་མཚོ་འཕགས་སྤྱི་ཁྲེ་དྲུག་སྟོང་བདུན་བརྒྱ་བཅུ་བཞི་ཡོད་པ་དང་། གངས་སྐོར་གཅིག་ལ་སྤྱི་ལེ་ལྔ་བཅུ་ང་གཉིས་ཡོད། སྐོར་ལམ་ཕྱི་མར་ནུབ་ངོས་སུ་ཆོས་སྐུ་དགོན་དང་། བྱང་དུ་འབྲི་རྭ་དགོན། ཤར་ལྷོར་རྫུ་འཕྲུལ་དགོན། ལྷོ་ངོས་སུ་དར་ཆེན་སྒྲོལ་མ་ལྷ་ཁང་། སྐོར་ལམ་ནང་མར་རྒྱང་གྲགས་དགོན(འདི་སྔོན་མར་ཞང་ཞུང་གི་གྲགས་ཆེ་བའི་རྒྱལ་རབས་བཅོ་བརྒྱད་ཀྱི་ཐོག་མ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་གྱི་རྒྱལ་ས་ཡིན་པར་གྲགས་ཤིང་། རྗེས་སུ་འབྲི་གུང་བཀའ་བརྒྱུད་པས་བཟུང)དང་གསེར་ལུང་དགོན་བཅས་ཡོད། འདི་ནས་བྱང་དུ་རི་ནག་པོ་དགུ་འདས། དེ་ནི་གངས་རིའོ་ཞེས་པ་ལྟར་རྒྱ་གར་གྱི་མུ་སྟེགས་ཆོས་ལུགས་དབང་ཕྱུག་པ་དང་།གཅེར་བུ་བ་སོགས་ལྷ་དབང་ཕྱུག་སྐྱབས་གནས་སུ་འཛིན་པ་རྣམས་ཀྱིས།གངས་ཏི་སེ་ནི་ལྷ་དབང་ཕྱུག་གི་བཞུགས་གནས་སུ་འདོད་པ་དང་། གཡུང་དྲུང་བོན་པོ་རྣམས་ཀྱིས་སྟོན་པ་གཤེན་རབ་མི་བོ་ཆེས་ཞབས་ཀྱིས་བཅགས་ནས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་དུ་བཀུར། ཐུབ་བསྟན་པ་ཚོས་སངས་རྒྱས་ཀྱི་ལུང་གིས་ཟིན་པའི་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་། ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་ཡིན་པ་ལུང་དུ་དྲངས་ཤིང་། རྗེས་སུ་བཀའ་བརྒྱུད་པས་བདག་པོ་མཛད་པར་བརྩིས་ཏེ་ཕྱག་མཆོད་སྐོར་བ་བྱེད་སྲོལ་དར་བས། རིའི་རྒྱལ་པོ་གངས་ཏི་སེ་དང་ཆུ་ཡི་མགོ་ཁུངས་མ་པང་གཡུ་མཚོ་ནི་འཛམ་གླིང་ས་ཡི་ལྟེ་བ་ཞེས་ཕྱི་ནང་ཀུན་ལ་གྲགས། དེ་ཡང་ཞང་ཞུང་ནི་ཁྱུང་ལུང་ཞེས་པའི་དོན་ཡིན་ལ། དེའི་མངའ་ཁོངས་ལ་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་ཕྱེ་བ་ལྟར་ན། སྔོན་མར་ཞང་ཞུང་གི་མངའ་ཁོངས་ནི་ཧ་ཅང་རྒྱ་ཆེ་ལ། གངས་ཏི་སེའི་ཉེ་འགྲམ་གྱི་འོལ་མོ་ལུང་རིང་ལ་འཁྲུངས་པའི་སྟོན་པ་གཤེན་རབ་མི་བོ་ཆེས། གཡུང་དྲུང་བོན་བསྟན་སྲོལ་འབྱེད་བྱས་ཏེ་སྤེལ་བ་ནས་བཟུང་། ཞང་ཞུང་བར་མའི་ལྟེ་བར་གྱུར་པའི་ཁྱུང་ལུང་དངུལ་མཁར་ནི་ཞང་ཞུང་བོན་གྱི་རིག་གནས་ཀྱི་ལྟེ་བར་གྱུར་པ་རེད་འདུག སྤྱིར་བོན་ལུགས་སུ་སྟེང་ལྷ་ཡི་སྲིད་པ་དང་། བར་གཉན་གྱི་སྲིད་པ། འོག་ཀླུ་ཡི་སྲིད་པ་ཞེས་སྲིད་པ་གསུམ་དུ་འདོད་པ་དང་། གངས་ཏི་སེ་ནི་རྩ་བ་ཀླུ་ཡི་སྲིད་པར་ཚུགས་ཤིང་རྩེ་མོ་ལྷ་ཡི་སྲིད་པར་ཟུག་པས་སྲིད་གསུམ་ལྷན་དུ་སྦྲེལ་བའི་གཡུང་དྲུང་དགུ་བརྩེགས་ཀྱི་རི་ཞེས་སྐྱབས་གནས་སུ་བཀུར་བ་རེད། དེ་ཡང་གཡུང་དྲུང་དགུ་བརྩེགས་ཀྱི་རི་ཞེས་པ་ནི། བོན་པོའི་རྒྱུ་བོན་བཞི་དང་འབྲས་བོན་ལྔ་ཞེས་གཡུང་དྲུང་ཐེག་པ་རིམ་དགུ་དང་འབྲེལ་བ་ཡོད་ངེས་སྙམ་མོ། །
       གནའ་ཆགས་ཀྱི་མི་རིགས་གང་འདྲ་ཞིག་ཡིན་རུང་། ཁོར་ཡུག་གི་རི་ཆུ་ལ་བརྟེན་ནས་ཆོས་ལུགས་དད་མོས་དང་ཤི་གསོན་གྱི་ལྟ་བ། འགྲོ་འདུག་གནས་མལ་བཅས་ཀྱི་རིག་གནས་དར་ཞིང་རྒྱས་པ་ཡིན་པས། གངས་ཏི་སེའི་མཐའ་འཁོར་གྱི་རྒྱ་གར་དང་བལ་པོ། ཞང་ཞུང་བཅས་ཀྱི་མི་ཚོས་གངས་ཏི་སེ་ལྟེ་གནས་སུ་བསྒོམས་ཏེ་ཕྱག་མཆོད་བྱས་པས། དེ་ནི་རིག་གནས་ཀྱི་ལྟེ་བ་ཞེས་པར་གོ་དགོས་པ་ལས་ས་ཡི་ལྟེ་བ་ཡིན་པའི་ངེས་པ་མེད། ཚང་མས་གདོད་མའི་བོན་དར་ས་ནི་ཞང་ཞུང་ཡིན་ཞེས་པ་ལྟར་ན།གངས་ཏི་སེ་དང་མཚོ་མ་པང་གིས་ལྟེ་བར་བྱས་པའི་ཡུལ་གྲུར་ཐོག་མར་རང་བྱུང་ཁམས་ལ་བསྟུན་པའི་གདོད་མའི་ཆོས་ལུགས་དར། རྗེས་སུ་སྟོན་པ་གཤེན་རབ་མི་བོ་ཆེས་ལེགས་བཅོས་དང་དར་སྤེལ་བཏང་བ་ལ་གཡུང་དྲུང་བོན་ཞེས་ཟེར། བོད་རིག་པ་བ་འགའ་ཡིས་གཡུང་དྲུང་བོན་ནི་ཉི་མ་ལ་དད་པ་བྱེད་པའི་ཏ་ཟིག་གི་གཤེན་བསྟན(祆教)གྱིས་ཤུགས་རྐྱེན་ཐེབས་པས། གཡུང་དྲུང་ཞེས་པའི་རི་མོ་ཡིས་འཇིག་རྟེན་གསལ་བར་བྱེད་པའི་ཉི་འོད་མཚོན་པ་སོགས་བཤད་སྲོལ་མང་མོད། ཡང་སྙིང་གཡུང་དྲུང་བོན་གྱིས་ཏ་ཟིག་གི་གཤེན་བསྟན་ལ་ཤུགས་རྐྱེན་ཐེབས་པ་ཡིན་ནམ། ཏ་ཟིག་གཤེན་བསྟན་གྱིས་གཡུང་དྲུང་བོན་ལ་ཤུགས་རྐྱེན་ཐེབས་པ་ཡིན།གནད་དོན་འདི་ནི་ད་དུང་ཁུངས་བཙུན་པའི་ལུང་དང་རིགས་པ་ལ་བརྟེན་ནས་བསྒྲུབ་དགོས་པ་ཞིག་རེད། བོད་མི་ཚོས་ད་སྔོན་བར་གཡུང་དྲུང་ཞེས་པ་ནི། རྟག་བརྟན་མི་འགྱུར་བའི་དོན་ཞེས་པ་ཙམ་ལས་བསམ་གཞིག་མ་བྱས་མོད། ངས་བལྟས་ན་འདི་ནི་ལོ་རྒྱུས་རིག་གནས་གོང་བུར་དྲིལ་བའི་ཐ་སྙད་ཅིག་ལ་འདོད། སྤྱིར་གཡུང་ཞེས་པ་ནི་རྒོད་པོའམ་རྩུབ་མོའི་ལྡོག་ཟླ་སྟེ་རྟ་རྒོད་གཡུང་ལ་ཕབ་པ་ཞེས་པ་དང་། གཡུང་དུ་ཕབ་པའི་རི་དྭགས་ལ་གཡུང་དྭགས་ཞེས་པ། དུད་འགྲོ་ཀུན་ལས་གཡུང་གཤིས་ལྡན་པའི་ལུག་ལ་གཡང་དཀར་ལུག་ཅེས་གཡང་འཁོར་བའི་སྲོག་ཆགས་ཤིག་ལ་བརྩིས་པ་ལྟར་ན། གདོད་མའི་བོན་ལུགས་སུ་སེམས་ཅན་གྱི་སྲོག་བཅད་དེ་དམར་མཆོད་བྱེད་སྲོལ་དར་བ་དེ། རྗེས་སུ་སྟོན་པ་གཤེན་རབ་ཀྱིས་མཚམས་བཅད་དེ་རྩམ་པའི་གཏོར་མས་ཚབ་བྱས་པ་ན། སྔར་ཡོད་ཀྱི་སྤྱོད་པ་རྩུབ་མོ་དེ་གཡུང་ལ་ཕབ་སྟེ།ལེགས་པའི་དགེ་སྤྱོད་དང་བཅས་པ་དྲུང་དུ་འཁོར་བར་བྱེད་པའི་བོན་ལ་གཡུང་དྲུང་བོན་ཞེས་མིང་བཏགས་པ་མིན་ནམ་སྙམ། དེ་མིན་གཡུང་དྲུང་གི་རི་མོ་ལ་གཡས་ཕྱོགས་སུ་འཁོར་བ་དང་གཡོན་ཕྱོགས་སུ་འཁོར་བ་གཉིས་ཡོད་པ་ལས། དང་ཐོག་ནི་གཡོན་ཕྱོགས་སུ་འཁོར་བ་དེ་ཡིན་པ་འདྲ་སྟེ། དེང་སང་ཆུ་འཁོར་གྱི་སྟེང་རྡོ་ནི་གཡོན་ཕྱོགས་སུ་འཁོར་བ་ཡིན་ལ། རང་འཐག(མཆིག)ཀྱང་གཡོན་ཕྱོགས་སུ་བསྐོར་དགོས་པ་དང་། ཆུ་ནང་གི་ཆུ་འཁོར་དང་བར་སྣང་གི་རླུང་འཁོར་མང་ཤས་གཡོན་དུ་འཁོར་བས། གནའ་མི་ཚོས་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་བསྟུན་ནས་རིག་གནས་ཀྱི་མཚོན་རྟགས་ཤིག་བཟོས་པ་ཤུགས་སུ་རྟོགས་ཐུབ། རྗེས་སུ་ཐུབ་པའི་བསྟན་པ་དར་རྗེས་བོན་བསྟན་དང་མ་འདྲ་བར་གཡས་ཕྱོགས་སུ་འཁོར་བའི་རི་མོ་དེ་བྱུང་བ་འདྲ། དེང་སང་ང་ཚོས་གཡོན་ཕྱོགས་སུ་བསྐོར་བ་ལ་ཕྱི་བསྐོར་དང་། གཡས་ཕྱོགས་སུ་བསྐོར་བ་ལ་དྲང་སྐོར་རམ་ནང་སྐོར་ཞེས་འབོད་པ་དེ་ནི་ཆོས་ལུགས་ཀྱི་ཕྱོགས་ཞེན་ཙམ་ཡིན་པས།དོན་དངོས་སུ་བོན་སྐོར་དང་ཆོས་སྐོར། ཡང་ན་བོན་སྐོར་དང་བན་སྐོར་ཞེ་ན་ཕྱོགས་རིས་མེད་པར་དོན་དང་མཐུན་པ་ཞིག་རེད་སྙམ།
       དགོང་མོ་དེར་གཉིད་ཐིབས་པོ་ཞིག་མ་ཁུག་པར།གངས་རི་མཐོན་པོ་ཞིག་གི་འདབས་ཀྱི་རྩྭ་ཐང་ན་རྟ་དང་ཕག ལུག ནོར་སོགས་སྲོག་ཆགས་མང་པོ་ལྷན་གཅིག་ཏུ་གནས་ཡོད་པ་རྨིས། སྔ་མོར་ནམ་གསལ་ལ་མ་གསལ་གྱི་མཚམས་ནས་ཡར་ལངས་ཏེ་གངས་སྐོར་དུ་འགྲོ་མགོ་ཚུགས། ནམ་གསལ་ཡག་བྱས་མེད་པས་མི་རྣམས་ཀྱིས་གློག་སྒྲོན་སྦར་ཏེ་འགྲོ་བཞིན་ཡོད་པ་ནི་འབྲུག་ཆེན་པོ་ཞིག་རི་སྐེད་ལ་འཁྱུག་པ་དང་འདྲ། ཕར་གཏད་ཀྱི་གངས་རིན་པོ་ཆེའི་རྒྱབ་ངོས་ནི། ལྭ་བ་དཀར་པོ་གྱོན་ཏེ་བསམ་གཏན་ལ་བཞུགས་པའི་མི་རྒན་ཞིག་གི་རྒྱབ་གཞུང་དང་འདྲ་ལ། འབྲི་རྭ་ཕུག་གི་རྒྱབ་ཕྱོགས་ཀྱི་སངས་རྒྱས་སྟོང་གི་ཕོ་བྲང་དུ་གྲགས་པའི་རི་བོ་ཡིས། དགོང་མོར་གནས་ཚང་གཡར་བའི་ལམ་འགྲོ་བ་ཞིག་ལ་སྐྱེལ་མ་བྱེད་པ་དང་མཚུངས།
       ཕོ་བྲང་ཆེན་པོ་ཏི་སེ་ལ། །སྐོར་བ་ལན་གཅིག་བསྐོར་གྱུར་ན། །སྐྱེ་བ་གཅིག་གི་སྒྲིབ་པ་དག །དེ་བཞིན་རིམ་པ་བཅུ་བསྐོར་ན། །བསྐལ་པ་གཅིག་གི་སྒྲིབ་པ་དག །སྐོར་བ་བརྒྱ་ཙམ་སོང་བ་ན། །རྟགས་བཅུ་ཡོན་ཏན་བརྒྱད་རྫོགས་ནས། །ཚེ་གཅིག་སངས་རྒྱས་འཐོབ་པར་འགྱུར། །ཞེས་གསུངས་པས། གངས་སྐོར་གྱི་ལམ་དུ་སྔོན་ལ་གོམ་སྟབས་མགྱོགས་པོས་འགྲོ་མཁན་ནི་བོད་མི་ཚོ་དང་།རྗེས་ལ་རུས་སྦལ་ནུར་འགྲོས་ལྟར་འགྲོ་མཁན་ནི་རྒྱ་མི་ཚོ་རེད། ང་ནི་བར་དུ་ལམ་འགྲོ་བ་ཞིག་གི་ཚུལ་གྱིས་གོམ་པ་གང་རེ་གང་རེ་སྤོ་བཞིན་སེམས་སུ་ཕྱི་རོལ་དང་ནང་རོལ། བོན་པོ་དང་བན་དེ། ཞང་ཞུང་དང་གཡུང་དྲུང་བཅས་ལོ་རྒྱུས་ཀྱི་ཁུར་པོ་འདེགས་པའི་ཐ་སྙད་མང་པོ་བློ་རུ་དྲངས་ཏེ་མདུན་དུ་སྐྱོད་དུས། ལུང་པའི་གཡས་གཡོན་ནི་སྨུག་པ་སྲབ་མོས་ཡང་ནས་ཡང་དུ་སྒྲིབ་ཙམ་སྒྲིབ་ཙམ་བྱས་པས། འཆར་ཡན་གྱི་འཇིག་རྟེན་དུ་རང་གི་སྙིང་གི་འཕར་སྒྲ་དང་དབུགས་ཀྱི་འབྱིན་རྔུབ་ལས་ཅི་ཡང་ཐོས་རྒྱུ་མི་འདུག སྐོར་ལམ་ན་རིམ་བཞིན་དུ་དུར་ཁྲོད་བསིལ་བ་ཚལ་དང་། བཅོམ་ལྡན་འདས་ཀྱི་ཆོས་སྐོར་བཞུགས་ཁྲི། མི་ལ་རས་པ་དང་ནཱ་རོ་བོན་ཆུང་གཉིས་ཀྱི་རྩལ་འགྲན་གྱད་རྡོ། དགེ་སྡིག་དཀར་ནག་ལྟ་ས། ལས་ཀྱི་མེ་ལོང་སོགས་མཇལ་ཏེ་སྒྲོལ་མ་ལ་ཡི་འདབས་སུ་སླེབས།
       དེ་ཡང་ལམ་འགྲམ་དུ་རྡོ་ལེབ་ལེབ་གཉིས་ཀྱི་ཐོག་ལ་རྡོ་ཕ་བོང་ཆེན་པོ་ཞིག་བཞག་ཡོད་པ་ནི། མི་ལ་རས་པ་དང་ནཱ་རོ་བོན་ཆུང་གཉིས་ཀྱིས་རྩལ་འགྲན་པའི་གྱད་རྡོ་རེད་ཟེར།
       «རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར»དུ་བཀོད་པ་ལྟར་ན། རྗེ་བཙུན་མི་ལ་རས་པས་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་དྲུང་ནས་གདམས་ངག་ཡོངས་སུ་རྫོགས་པར་གསན་རྗེས། མར་པ་ཡིས་སྒོམ་སྒྲུབ་ལ་ཞུགས་མ་ནུས་ན་མི་ཚེ་སྟོང་ཟད་དུ་འགྲོ་བས་སངས་རྒྱས་ཀྱིས་ལུང་བསྟན་པའི་གངས་ཏི་སེ་ལ་བསྒོམ་དུ་སོང་ཞེས་པའི་བཀའ་ལྟར། མི་ལ་རས་པ་གངས་ཏི་སེ་དང་མཚོ་མ་པང་ཡོད་སར་སླེབས་དུས། ནཱ་རོ་བོན་ཆུང་གིས་གནས་འདིའི་བདག་པོ་ང་ཡིན་པས།ཁྱེད་ཀྱིས་གངས་ཏི་སེར་སྒོམ་སྒྲུབ་བྱེད་འདོད་ན་ངའི་ལུགས་ཀྱི་བོན་བྱེད་དགོས་ཞེས་བཤད་ཀྱང་། མི་ལ་རས་པས་ཁས་མ་བླངས། མཐར་གཉིས་ཀས་རྫུ་འཕྲུལ་འགྲན་དུས་ནཱ་རོ་བོན་ཆུང་གིས་མཚོ་མ་པང་གི་ཕར་ཚུར་ལ་རྐང་པ་བཞག མི་ལ་རས་པས་མཚོ་མ་པང་ཕྱག་གི་རྩེ་མོར་བླངས་ཤིང་། ཆུ་ལ་གནས་པའི་སྲོག་ཆགས་ལ་གནོད་པ་མེད་པར་མཛད་པས་རྫུ་འཕྲུལ་འགྲན་པ་ལས་རྒྱལ་ཡང་། ནཱ་རོ་བོན་ཆུང་གིས་ད་རུང་འགྲན་དགོས་ཟེར་ནས། ཁོ་རང་གངས་ཏི་སེ་ལ་བོན་སྐོར་དང་མི་ལ་རས་པ་ཆོས་སྐོར་དུ་སོང་། མཐར་སྒྲོལ་མ་ལ་རུ་འཛོམས་པ་ན།བོན་སྐོར་དང་ཆོས་སྐོར་འགྲོ་རྒྱུར་རྩོད་པ་བྱུང་སྟེ་ཕར་འཐེན་ཚུར་འཐེན་བྱས་རྗེས། མི་ལ་རས་པ་ནུས་པ་ཆེ་བས་ནཱ་རོ་བོན་ཆུང་ཆོས་སྐོར་དུ་ཁྲིད་ནས་སོང་བ་ན། ནཱ་རོ་བོན་ཆུང་གིས་ད་ངེད་གཉིས་ཀྱིས་གྱད་ཀྱི་རྩལ་འགྲན་དགོས་ཟེར་ནས། ཕ་བོང་ཆེན་པོ་ཞིག་གི་ཐོག་ལ་ཕ་བོང་གཡག་རོ་ཙམ་ཞིག་བཞག་མ་ཐག མི་ལ་རས་པས་ནཱ་རོ་བོན་ཆུང་གིས་བཞག་པའི་རྡོའི་ཐོག་ལ་ལྡབ་གཉིས་ཙམ་གྱིས་ཆེ་བའི་ཕ་བོང་ཞིག་བཞག་པས་ཡང་མི་ལ་རས་པ་རྒྱལ། ཡིན་ན་ཡང་། ནཱ་རོ་བོན་ཆུང་གིས་མུ་མཐུད་ནས་འགྲན་བསླངས་པས། མི་ལ་རས་པ་གངས་ཏི་སེའི་ནུབ་ཕྱོགས་རྫོང་ལུང་གི་པད་མ་ཕུག་ན་བཞུགས། ནཱ་རོ་བོན་ཆུང་དེའི་ཤར་ཕྱོགས་སུ་བཞུགས། མི་ལ་རས་པས་ཞབས་ནུབ་རི་ནས་ནཱ་རོ་བོན་ཆུང་གི་ཕྱོགས་སུ་བརྐྱངས་ཏེ།ཁྱེད་ཀྱིས་ཀྱང་འདི་ལྟར་གྱིས་ཞེས་པ་ལ་ནཱ་རོ་བོན་ཆུང་གིས་ཞབས་བརྐྱངས་ནའང་ཆུ་ཁ་ལ་མ་སླེབས་པས་ཕམ་པ་རེད། འོན་ཀྱང་། ན་རོ་བོན་ཆུང་གིས་ད་དུང་ཡང་རྫུ་འཕྲུལ་འགྲན་དགོས་ཞེས་བོན་སྐོར་ལ་སོང་། མི་ལ་རས་པ་ཆོས་སྐོར་ལ་སོང་སྟེ་གཉིས་ཀ་ཏི་སེའི་ལྷོ་ཕྱོགས་སུ་འཕྲད་དུས་གནམ་ལས་ཆར་པ་ཆེན་པོ་བབས་པས་ཆར་ཡིབ་བྱེད་ས་ཞིག་འབུབས་པར་རྫུ་འཕྲུལ་འགྲན། དེ་ནས་གཉིས་ཀས་ཚེས་བཅོ་ལྔ་ཉིན་སུ་གངས་ཏི་སེའི་རྩེ་མོར་སླེབས་ན་གངས་ཏི་སེ་དེ་ལ་དབང་རྒྱུ་བྱས། ཚེས་བཅོ་ལྔའི་ཐོ་རངས་ལ་ནཱ་རོ་བོན་ཆུང་རྔ་ཞིག་ལ་བཞོན་ཏེ་གངས་ཏི་སེ་ལ་འཛེག་དུས། མི་ལ་རས་པ་ད་རུང་གཟིམས་ཡོད་པས།བུ་སློབ་རྣམས་ཀྱིས་ནཱ་རོ་བོན་ཆུང་སྔ་མོ་ནས་རྔ་ལ་བཞོན་ནས་འཕུར་ཏེ་རི་སྐེད་ལ་སླེབས་སོང་ཞེས་ཞུ་དུས། མི་ལ་རས་པས་གཟིགས་སྟངས་ཤིག་མཛད་མ་ཐག་ནཱ་རོ་བོན་ཆུང་གྱེན་ལ་འགྲོ་མི་ནུས་པར་གྱུར། དེ་ནས་ཉི་མ་འཆར་ལ་ཉེ་བ་ན་མི་ལ་རས་པས་རང་གི་ན་བཟའ་ཡིས་གཤོག་པ་བྱས་ཏེ་འཕུར་བས།སྐད་ཅིག་ཉིད་ལ་རི་རྩེར་སླེབས་པ་དང་མཉམ་དུ་ཉི་མའི་འོད་ཟེར་འཕྲོས། ནཱ་རོ་བོན་ཆུང་སླར་ཡང་གངས་ཏི་སེའི་མགུལ་ནས་ཡར་འོངས་ཀྱང་། མི་ལ་རས་པའི་ཟིལ་མ་བཟོད་པས་ནམ་མཁའ་ནས་ལྷུང་སྟེ་གངས་ཏི་སེའི་ལྷོ་ཕྱོགས་ན་རྦབ་ཏུ་འགྲིལ་པས། ང་རྒྱལ་དང་ཁེངས་དྲེགས་ཉམས་ཏེ་ད་ནི་གངས་ཏི་སེ་ཁྱེད་ལ་དབང་། ང་ཡང་གནས་འདི་རིག་ས་ཞིག་ཏུ་བསྡད་དགོས་ཞེས་བཤད་པར། མི་ལ་རས་པས་ཁྱེད་ལ་གངས་ཏི་སེའི་རྩེ་མོར་སྡོད་པའི་སྐལ་བ་མེད། ཕ་གིར་སྡོད་ཅིག་ཅེས་ཕྱག་ཡ་གཅིག་གིས་ཁ་བ་ཕྱག་སྦར་གང་ཤར་ཕྱོགས་ཀྱི་རི་སྟག་ལའི་རྩེར་འཕངས་པ་རེད་ཅེས་ངག་རྒྱུན་དུ་འདུག་ལ། དེང་སང་ཤར་ཕྱོགས་ཀྱི་རི་དེའི་རྩེ་མོར་ཁ་བ་ཅུང་ཟད་ཆགས་ཡོད་པ་དང་། གངས་ཏི་སེའི་ལྷོ་ཕྱོགས་ལ་ནག་ཤུར་ཤུར་ཞིག་མཐོང་བ་དེ་ནི་ནཱ་རོ་བོན་ཆུང་གི་རྔ་གྲིལ་བའི་རྗེས་རེད་ཟེར།
       ང་ཚོས་ཡིད་ལས་འགོངས་པའི་གཏམ་རྒྱུད་དེ་ནི་གཏམ་རྒྱུད་རང་དུ་བརྩི་མི་རུང་བར། དེའི་ནང་ལ་བན་བོན་གཉིས་ཀས་གངས་ཏི་སེ་འཕྲོག་རྩོད་བྱས་པའི་ལོ་རྒྱུས་ཤིག་སྦས་ཡོད་པ་གོ་དགོས།
       སྣང་བ་དཔེ་རུ་ཤར་བའི་ལྗགས་རྩལ་དང་། འཚོ་བའི་དཀའ་སྡུག་ལས་སྨིན་པའི་དགོངས་བཅུད་ཀྱིས་ཕྱུར་བུར་གཏམས་པའི«རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར»ཞེས་པ་ནི། ང་རང་ཆེས་དགའ་བའི་བརྩམས་ཆོས་ཤིག་ཡིན་པས་ཐེངས་གསུམ་ཙམ་བལྟས་མྱོང་ལ། དྲིན་ཆེན་ཨ་མ་འཇིག་རྟེན་དུ་བཞུགས་དུས། ང་ཁོང་གི་འགྲམ་ལ་བསྡད་དེ་མི་ལ་རས་པའི་ངོ་མཚར་བའི་མི་ཚེ་གཅིག་གི་བརྒྱུད་རིམ་ཁོང་ལ་ཞུས་པ་ཡིན། བོད་པ་རྒན་རྒོན་མང་པོ་དང་འདྲ་བར། ངའི་ཨ་མས་ཀྱང་བན་བོན་དང་གྲུབ་མཐའ་ཞེས་ཅི་ཡང་མ་ཤེས་ནའང་། མི་ལ་རས་པ་རྫུ་འཕྲུལ་ཡོད་ཚད་ལས་རྒྱལ་ཚུལ་ཐོས་རྗེས།ལག་པས་ཕྲེང་བ་བགྲང་བཞིན་ཁ་ནས་སྐྱབས་སུ་མཆི་ཞེས་གསོལ་བ་ཡང་ཡང་བཏབ་པའི་ཚུལ་ནི་ནམ་ཡང་བརྗེད་རྒྱུ་མི་འདུག
       གྱད་རྡོ་སུམ་བརྩེགས་དེ་ནས་ཅུང་ཁོད་སྙོམས་པའི་མཇལ་ལམ་བརྒྱུད་རྗེས་སྒྲོལ་མ་ལ་ལ་འཛེག་དགོས། མཐོ་ཚད་ལ་མཚོ་འཕགས་སྤྱི་ཁྲེ་ལྔ་སྟོང་བདུན་བརྒྱ་ཉི་ཤུ་རྩ་གསུམ་ཡོད་པའི་ལ་དེར་སྒྲོལ་མ་ལ་ཞེས་པ་ནི། རྒྱལ་བ་རྒོད་ཚང་པ་སྐོར་ལམ་འཚོལ་བར་ཕེབས་སྐབས། སྐོར་ལམ་མ་མཁྱེན་པས་སྒྲོལ་མ་ཉེར་གཅིག་གིས་སྤྱང་ཀི་སྔོན་མོ་ཉེར་གཅིག་ལ་སྤྲུལ་ཏེ་ལམ་བསྟན་པ་དང་། ལ་མགོར་སླེབས་དུས་སྤྱང་ཀི་རྣམས་གཅིག་ལ་གཅིག་ཐིམ་ནས། མཐར་ཕ་བོང་ཞིག་ལ་ཐིམ་པས་དེང་སང་རྡོ་ངོས་སུ་སྤྱང་ཀིའི་སུག་རྗེས་ཀྱང་ཡོད་ལ། དེ་ནས་བཟུང་ལ་དེར་སྒྲོལ་མ་ལ་ཞེས་ཐོགས་པར་གྲགས། ལ་དེའི་གཡོན་ཕྱོགས་སུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་དང་མགོན་པོའི་ཕོ་བྲང་། གནོད་སྦྱིན་གངས་བཟང་གི་ཕོ་བྲང་དུ་གྲགས་པའི་རི་ཁ་ཤས་དང་། སྐོར་ལམ་འགྲམ་ལ་ཤན་པ་རྨེ་རུ་རྩེའི་སྡིག་ལག་འཁྲུད་ས་དང་གླེགས་ཤིང་རང་བྱོན། ཕ་མའི་དྲིན་ལན་འཇལ་ས་ཞེས་རང་བྱུང་གི་རྡོ་ཡ་མཚན་ཅན་མང་པོ་མཇལ་རྒྱུ་འདུག ཁྱད་པར་དུ་ཕ་མའི་དྲིན་ལན་འཇལ་ས་ཞེས་པའི་རྡོ་དེའི་ངོས་སུ་རྡོ་མིག་ཆེ་ཆུང་འགའ་སྣང་། གོམ་པ་ལྔ་དྲུག་ཙམ་གྱི་ས་ནས་མིག་བཙུམས་ཤིང་ལག་གཡས་པ་བརྐྱངས་ནས་ཡོང་དུས། མཛུབ་མོ་རྡོ་མིག་ཏུ་འཛུགས་ཐུབ་ན་ཕ་མའི་དྲིན་ལན་འཇལ་ཐུབ་པ་རེད་ཅེས་པ་ནི། མི་རྣམས་ལ་ཕ་མའི་བཀའ་དྲིན་ཤེས་དགོས་པས་མ་ཚད་དྲིན་ལན་འཇལ་དགོས་པར་སྐུལ་བ་དང་། ཕ་མའི་དྲིན་ལན་འཇལ་དཀའ་བའི་གནས་ལུགས་བསྟན་པ་ལོས་ཡིན། སྐབས་དེར་ངའི་སེམས་སུ་ཕ་མ་གཉིས་ཀྱིས་ང་རང་ཆུང་དུས་ནས་ཁ་ཡིས་འབར་མི་བྲ། ལག་པས་རྡུང་མི་ཚུགས་པར་བྱམས་སྐྱོང་གནང་སྟེ་རང་མགོ་ཐོན་ཡང་། ངས་ཆུ་ཕོར་པ་གང་དང་ཟས་ཁ་སྡེར་གང་། གོས་ལྷན་པ་ཙམ་ལས་དྲིན་ལན་འཇལ་མ་མྱོང་བ་དྲན་དུས། སེམས་པ་ལྷག་པར་སྐྱོ་སྟེ་མཛུབ་མོ་རྡོ་མིག་དང་འཕྲད་མིན་ཡང་ལྟ་མ་ཕོད་པར་དེ་གར་ལུས་སོང་།
       མདོ་དབུས་ཁམས་གསུམ་གྱི་ཕྱོགས་སོ་སོ་ནས་གངས་སྐོར་དུ་ཡོང་མཁན་ཚང་མས།ཕ་མའི་དྲིན་ལན་འཇལ་ཐུབ་མིན་ཚོད་ལྟ་བྱས་རྗེས་མུ་མཐུད་ནས་ལ་མོར་འཛེགས། བར་མཚམས་སུ་རྟ་བཞོན་ནས་གངས་སྐོར་དུ་འགྲོ་མཁན་ཡང་འདུག བོད་མི་ཚོ་ཡིན་ན་གནས་མཇལ་གྱི་ལམ་དུ་དུད་འགྲོ་ལ་སྡུག་བསྔལ་གཏད་མི་སྲིད་པས། ཡ་མཚན་ནས་གཟབ་གཟབ་ཀྱིས་བལྟས་པ་ན། དེ་ཚོ་ནི་རྒྱ་གར་དང་བལ་པོ་ནས་ཡོང་བའི་གངས་སྐོར་པ་ཚོ་རེད། རྟ་ཁྲིད་མཁན་ཞིག་གིས་རྟ་བཞོན་ནས་གངས་སྐོར་གཅིག་བརྒྱབ་ན་གླ་ཆ་སྒོར་སྟོང་གཅིག་དགོས་པ་རེད་ཟེར།
       སྒྲོལ་མ་ལ་ཡི་ལ་མགོར་སླེབས་དུས་ཆོས་སྐོར་བྱས་ནས་འགྲོ་མཁན་དང་། བོན་སྐོར་གྱིས་འོང་མཁན་ཧ་ཅང་མང་པོ་རེད། གངས་སྐོར་གྱི་ལམ་ཕྲ་ཡང་ཚང་མས་དོགས་པ་དང་འཚེར་སྣང་ཅི་ཡང་མེད་པར། ངོ་ལ་འཛུམ་མདངས་རྒྱས་བཞིན་ཕན་ཚུན་ལ་ལམ་བཟུར་ཏེ་རང་རང་སོ་སོའི་སྐོར་ལམ་དུ་འགྲོ་བཞིན་ཡོད་པ་ནི། མིག་ནང་འོངས་ཤིང་སེམས་པ་བདེ་ལ་ཕབ་པའི་མཛེས་ལྗོངས་ཤིག་རེད། ལ་མགོར་སླེབས་མ་ཐག་སེམས་པ་ནི་རླུང་གིས་བཀྱགས་པའི་བྱ་སྤུ་ལྟར་གནོན་མི་ཐུབ་པའི་དགའ་སྤྲོ་སྐྱེས། དེ་ནི་རི་མཐོན་པོ་རྐང་འོག་ཏུ་མནན་པས་མ་ཡིན་ཏེ། རང་སེམས་ཀྱི་བདུད་རྒན་བཏུལ་ཞིང་བདུད་རྒན་གྱི་དྲེགས་པ་ལས་རྒྱལ་བས་ཡིན། ལམ་འགྲམ་ལ་ཡོད་པའི་ལྷ་བསང་གཏོང་ས་ཞིག་ན་ཚང་མས་བསང་རྫས་སྣོན་བཞིན་གསོལ་བ་བཏབ་པ་ལྟར། ངས་ཀྱང་ཁུག་མ་ལས་ཁ་ཟས་གཙང་མ་ཉུང་ཙམ་བླངས་ཏེ་བསང་མེའི་ཐོག་བསྣན་རྗེས། ལྷ་གསོལ་ལོ། འགྲོ་བའི་ལམ་དུ་བགེགས་བར་མ་བྱུང་རི་ཆུ་གཉིས་ལ་སྐྱབས་སུ་མཆི། །འདུག་པའི་གནས་སུ་རིས་སུ་མ་བོར་དབྱངས་གསལ་གཉིས་ལ་གསོལ་བ་འདེབས། །འགྲོ་འདུག་གཉིས་ལ་བསམ་དོན་ལྷུན་གྲུབ་གངས་དཀར་ཏི་སེ་ལྷ་རྒྱལ་ལོ། །ཞེས་གསོལ་བ་བཏབ་ཚར་རྗེས། གངས་འདབས་ནས་ཡོང་དུས་བླངས་པའི་གླུ་དབྱངས་ཀྱི་མཇུག་མཐུད་དེ། ངའི་ཕ་ཡུལ་གངས་ལྗོངས་ལུང་པ་རེད། །དགུང་ཨ་སྔོན་ང་ཡི་འཕུར་ལམ་རེད། །སྤྲིན་དཀར་པོས་ང་ལ་ཟེར་རྒྱུ་ལ། །བྱ་རྒོད་པོ་འཕུར་ལམ་མ་ནོར་ཟེར། །ཞེས་ལེན་བཞིན་སྒྲོལ་མ་ལ་བརྒྱབ་སྟེ་ཐུར་ལ་བབས།
       སྒྲོལ་མ་ལ་བརྒྱབ་མ་ཐག་ཏུ་མཁའ་འགྲོ་མའི་ཁྲུས་ཀྱི་རྫིང་བུ་ཞེས་མཚེའུ་གཡུ་ཡི་གཞོང་པ་དང་འདྲ་བ་ཞིག་འདུག དེ་ལ་དགུན་དུས་ཡིན་ཡང་འཁྱག་རོམ་ཆགས་མི་སྲིད་ཟེར། མཚེའུ་ཡོད་ས་ཡི་ཕར་ཁ་ན་སྟ་རེ་ཆེན་པོ་ཞིག་དང་འདྲ་བའི་རི་རྩེ་ཞིག་ཡོད་པ་དེ་ལ་ལས་ཀྱི་སྟ་རེ་ཞེས་འབོད་ཀྱང་། དར་ཆ་ཞིག་རླུང་གིས་གཡོ་བ་དང་ཧ་ཅང་འདྲ་བས། ངས་དེ་ལ་ཏི་སེའི་སྲིད་པའི་དར་ཆེན་ཞེས་མིང་སྙན་མོ་ཞིག་བཏགས་པ་ཡིན། ལ་དེའི་ཕར་རྒྱབ་ནི་གཡང་གཟར་ཆེ་བས་ཧ་ཅང་འགྲོ་དཀའ་བ་ཞིག་རེད། མཁའ་འགྲོ་ཁྲུས་མཚོ་ནས་ཐུར་དུ་ཅུང་ཟད་སོང་ཚེ། ལྷ་ཐོ་ཞིག་གི་རྩར་མི་ལ་རས་པ་དང་ནཱ་རོ་བོན་ཆུང་གཉིས་ཀྱིས་ཕར་འཐེན་ཚུར་འཐེན་བྱས་པའི་ཞབས་རྗེས་གསུམ་བཞི་ཙམ་མཐོང་བས། གོང་དུ་བཤད་པ་ལྟར། བོན་སྐོར་དང་ཆོས་སྐོར་གྱི་ཐད་ལ་ཁོང་གཉིས་འགལ་བ་ལྟག་སྤྲོད་དུ་ལངས་ནས་ཁྱོད་ཤི་ང་གསོན་གྱིས་འཕྲོག་རྩོད་བྱས་ཀྱང་། དེང་སང་བོད་མི་རྣམས་ཀྱིས་རང་རང་གི་འདོད་མོས་ལྟར་གངས་སྐོར་བྱེད་པས་མ་ཚད། ཕན་ཚུན་བར་འཁོན་འཛིན་དང་དོགས་པ་ཅི་ཡང་མེད་ཚུལ་རྗེས་སུ་དྲན་དུས། མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད། །འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད། །ཅེས་དགེ་འདུན་ཆོས་འཕེལ་གྱི་ཚིག་དེ་དྲན་མུར་རང་གིས་ཀྱང་། ལྟ་བས་གྲུབ་པའི་མཐའ་ལས་བརྒལ་དུས་མེད། །བརྒལ་དུས་ཡོད་ཀྱང་རིགས་ཀྱིས་སྡང་ཞིང་གཙེས། །ཞེས་ངག་ལས་ཤོར་སོང་།
       དེ་ནས་རིམ་བཞིན་དུ་སློབ་དཔོན་པད་མའི་ཞབས་རྗེས་དང་རྡོ་རྗེ་ཕག་མོའི་སྐུ་རང་བྱོན། སྒོམ་ཆེན་མང་པོའི་སྒྲུབ་ཁང་། བདེ་བཤེགས་མཆོད་རྟེན་བརྒྱད་ཀྱི་གཟུགས་བརྙན། མི་ལ་རས་པའི་ཞབས་རྗེས། ཀརྨ་པའི་དབུ་ཞྭ་ནག་པོའི་རྗེས་སོགས་ཐག་རྒྱང་ཉེ་གཉིས་སུ་མཇལ་རྒྱུ་འདུག ངས་ལས་ཀྱིས་འཕྲད་པའི་གྲུབ་རྟགས་དང་རྗེས་ཤུལ་རྣམས་མཇལ་བཞིན་ཕུ་རུང་གི་ཁ་ཕྱེ་བ་ལྟ་བུའི་ལུང་པ་དེད་ནས་འགྲོ་དུས། ལམ་འགྲམ་ལ་རྫུ་འཕྲུལ་ཕུག་དགོན་པ་ཞེས་པའི་བྱང་བུ་ཞིག་མཐོང་། མདའ་རྩེས་བསྟན་ཕྱོགས་སུ་བལྟས་པ་ན་དགོན་པ་ཞིག་འདུག དེ་ནི་མི་ལ་རས་པ་དང་འབྲེལ་བ་ཡོད་པའི་དགོན་པ་ཞིག་མིན་ནམ་སྙམ་སྟེ། དེའི་ཕྱོགས་སུ་སོང་བ་ན་འདུ་ཁང་དུ་ཨ་ཁུ་ཞིག་དང་མཇལ། ཨ་ཁུ་དེས་ངོ་སྤྲོད་བྱས་པ་ལྟར་ན། དགོན་པ་དེ་ནི་ཏག་ཏག་མི་ལ་རས་པ་དང་འབྲེལ་བ་ཡོད་པ་ཞིག་རེད་འདུག
       གོང་དུ་ཟུར་ཙམ་བཤད་པ་ལྟར། མི་ལ་རས་པ་དང་ནཱ་རོ་བོན་ཆུང་གཉིས་ཀྱིས་གྱད་ཀྱི་རྩལ་དང་རྫུ་འཕྲུལ་འགྲན་ཡང་། ད་དུང་བོན་སྐོར་དང་ཆོས་སྐོར་ལ་མ་མཐུན་པས། ནཱ་རོ་བོན་ཆུང་བོན་སྐོར་དང་མི་ལ་རས་པ་ཆོས་སྐོར་ལ་བྱོན་ཏེ། གཉིས་ཀ་ཏི་སེའི་ལྷོ་ཕྱོགས་སུ་འཕྲད་དུས་གནམ་ལས་ཆར་པ་ཆེན་པོ་བབས། མི་ལ་རས་པས་ནཱ་རོ་བོན་ཆུང་ལ་ངེད་གཉིས་ལ་ཆར་པར་ཡིབ་ས་ཞིག་དགོས་པས། ཁྱེད་ཁང་པའི་འགྲམ་སློང་བར་དགའམ་ཐོག་འབུབས་པར་དགའ་ཞེས་དྲིས་པར། ནཱ་རོ་བོན་ཆུང་གིས་ང་འགྲམ་སློང་བར་དགའ་ཞེས་རྫུ་འཕྲུལ་གྱིས་རྡོ་རྣམས་བཤགས་ཀྱང་། མི་ལ་རས་པས་རྡོ་ཆག་ཏུ་བཅུག་མ་ཐག་སྐད་ཅིག་ཉིད་ལ་རྫུ་འཕྲུལ་གྱིས་ཐོག་ཕུབ་རྗེས། དམའ་འདུག་ཅེས་འོག་ནས་དབུ་ཡིས་བཀྱགས་པས་རྡོ་ལ་དབུ་རྗེས་དང་། ཡང་མཐོ་འདུག་ཅེས་ཐོག་ལ་ཞབས་ཀྱིས་མནན་པས་རྡོ་ལ་ཞབས་རྗེས་བྱུང་བ་ནས་བཟུང་།གནས་དེ་ལ་རྫུ་འཕྲུལ་ཕུག་ཅེས་གྲགས་པ་དང་། དེ་ནས་རིམ་བཞིན་ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་ཀྱི་ཕུག་པ་མང་པོ་བྱུང་། ཨ་ཁུ་དེས་གསུངས་པ་ལྟར་ན།འབྲི་གུང་གི་གྲུབ་ཐོབ་རི་བ་སྔོན་པོ་ཡིས་ཐོག་མར་དགོན་པ་བཏབ་རྗེས་དེ་ནས་རྒྱ་བསྐྱེད་བྱུང་བ་ཞིག་རེད་འདུག  དགོན་པའི་འདུ་ཁང་གི་སྦུབས་སུ་འགྲམ་དུ་རྩིག་པ་བསླངས་ཤིང་། ཐོག་ལ་རྡོ་ཕ་བོང་ཆེན་པོ་ཞིག་བཀབ་པའི་སྒྲུབ་ཁང་ཞིག་ཡོད་པ་དེ་ནི། མི་ལ་རས་པ་དང་ནཱ་རོ་བོན་ཆུང་གཉིས་ཀྱིས་རྫུ་འཕྲུལ་འགྲན་ཏེ་བཞེངས་པའི་ཕུག་པ་དེ་རེད་འདུག ནང་རྟེན་དུ་མི་ལ་མཐོང་བ་རང་གྲོལ་དང་སྟོན་པའི་སྐུ་བརྙན། དེ་མིན་མི་ལ་རས་པའི་ཕྱག་མཁར་རེད་ཅེས་རྡོ་རིང་ཞིག་ཀྱང་མཇལ་རྒྱུ་སྣང་།
       ཞི་ཞིང་དུལ་ལ་ངང་རྒྱུད་རིང་བའི་ཨ་ཁུ་དེས་ངོ་སྤྲོད་བྱས་པ་དང་ངག་རྒྱུན་བཤད་པར་མཉན་རྗེས། ང་རང་རྫུ་འཕྲུལ་ཕུག་དགོན་པ་ལས་བྲལ་ཏེ་སོང་། ལམ་དུ་བུད་མེད་བརྐྱངས་ཕྱག་འཚལ་མཁན་ཞིག་དང་ཐུག མོ་ལ་སྒོར་མོ་འགའ་སྦྱིན་དགོས་བསམས་ཏེ་ཁུག་མ་བཤེར་དུས། མོས་ཕྱག་འཚལ་མཚམས་བཞག་སྟེ་ང་ལ་སྒོར་མོ་མི་དགོས། ང་ཧྲན་ཞི་ནས་ཡོང་བའི་རྒྱ་མི་ཞིག་ཡིན། གངས་ཏི་སེ་ལ་བརྐྱངས་ཕྱག་འཚལ་ནས་ཆོས་སྐོར་བྱས་ཏེ་དེ་རིང་བར་ཉིན་བཞི་འགོར་སོང་ཟེར། སྐད་ཆ་དེ་ཐོས་པ་ན་ང་ཧ་ལས་ཏེ་མུ་མཐུད་ནས་གཏམ་གླེང་བྱེད་མ་བདེ་བར་གྱུར་སོང་། མོས་ད་བར་འཚོ་བའི་སྐྱིད་སྡུག་གང་འདྲ་ཞིག་མྱངས་ཡོད་མེད་ངས་མི་ཤེས་མོད། ཡན་ལག་ལྔ་པོ་ས་ལ་ཕབ་སྟེ་ལུས་ངག་ཡིད་གསུམ་ལ་གཙང་ཁྲུས་བྱེད་པའི་སྙིང་སྟོབས་དང་ཆོད་སེམས་ཀྱི་མདུན་དུ། ང་ཚོ་ནི་མིང་དོན་ཉི་ཚེ་བའི་དོན་དུ་གངས་སྐོར་དུ་འགྲོ་བ་ཙམ་རེད་དྲན་བཞིན།མུ་མཐུད་ནས་མཁའ་འགྲོའི་བྲོ་ར་ཞེས་པའི་གནས་དང་། སྤྱན་སྔ་འབྲི་གུང་གླིང་པ་དང་ཆིབས་རྟའི་ཞབས་རྗེས། ཁྱི་ར་མགོན་པོ་རྡོ་རྗེའི་ཞབས་རྗེས་སོགས་མཇལ་ཏེ། གངས་སྐོར་དུ་འགྲོ་མགོ་བཙུགས་སའི་དར་ཆེན་གྲོང་རྡལ་དུ་སླེབས།
       དབྱངས་གསལ་གྱི་མཚོ་མོར་ཅི་བདེར་ཞུགས་ཐུབ་པ་ནས་བཟུང་། ཡིག་འབྲུའི་གཏེར་དུ་སྦས་པའི་རི་ཆུའི་རྟོགས་བརྗོད་མཇལ་བ་ནི། དཔེ་ཆ་བ་ཞིག་གི་ལྟ་ཀློག་གི་ལས་ཙམ་དུ་ཆགས་ཤིང་། དཔེ་ཀློག་གི་འཆིང་རྒྱ་ལས་གྲོལ་ཏེ་ལམ་འགྲོ་བ་ཞིག་གི་ཚུལ་དུ་གཏམ་རྒྱུད་ཁྲོད་ཀྱི་རི་ཆུ་འཚོལ་བ་དང་། རི་ཆུའི་བར་གྱི་ངག་རྒྱུན་འཚོལ་བའི་ལམ་བར་ལ་དྲང་དོན་དང་ངེས་དོན། ཐབས་མཁས་དང་ཟུར་བསྟན་བཅས་རི་ཆུར་སྦས་པའི་ཟབ་དོན་འདྲ་མིན་སྣ་ཚོགས་ཀྱིས་ངའི་མི་ཚེའི་རིན་ཐང་གི་ལྟ་བ་དང་རིག་གནས་ཀྱི་ལྟ་བ། རང་བྱུང་གི་མཛེས་དཔྱོད་བཅས་ལ་ས་གས་རྡོ་ཆག་གི་འགུལ་སྐྱོད་ཅིག་བྱུང་མོད། ཆོས་སྐོར་གྱི་ལམ་ཁོ་ན་ལས་ཡོད་ཚད་མིག་གིས་ཟིན་མ་ཐུབ་ལ་སེམས་ཀྱིས་ཚོར་མ་ནུས་པས། གལ་སྲིད་སླར་ཡང་གངས་སྐོར་དུ་འགྲོ་བའི་སྐལ་བ་བཟང་པོ་ཞིག་ཡོད་ན། ངས་ངེས་པར་དུ་བོན་སྐོར་བྱས་ནས་འགྲོ་རྒྱུ་ཡིན། གཅིག་བྱས་ན་ཁ་མཁས་ལྕེ་བདེ་ཚོས་ཁྱོད་ནི་ལྟ་བ་མེད་པའི་གྱང་ཁའི་རྩྭ་ཞེས་དམོད་སྲིད་མོད། ཏག་ཏག་ང་ནི་ལྟ་བ་ཡོད་ཀྱང་གྲུབ་མཐའ་མེད་པའི་ལམ་འགྲོ་བ་ཞིག་ཡིན་པས་ཅི་ཟེར་ནའང་ཟེར་དུ་ཆུག ལུས་ད་ཐོབ་ལ་ཆོས་སྐོར་ཐེངས་གཅིག་ལས་འགྲོ་མ་ཐུབ་ན་ཡང་། ཚེ་ཕྱི་མར་བོན་སྐོར་དུ་ཐེངས་གཅིག་འགྲོ་ཐུབ་པའི་སྨོན་ལམ་བཏབ་ཡོད་པ་གངས་ཏི་སེས་མཁྱེན་ནོ། །

མཚོ་མ་པང་།

       བོད་ཀྱི་རི་ཆུ་གཉིས་ཀྱི་བར་ལ་ཁ་བྲལ་དུ་མེད་པའི་རྟེན་དང་བརྟེན་པའི་འབྲེལ་བ་ཆགས་ཡོད་ལ། ངག་རྒྱུན་དུ་མ་པང་གཡུ་མཚོ་ནི་གངས་རིན་པོ་ཆེའི་ལྕམ་ཡིན་ཞེས་པ་དང་། དམངས་གཞས་ནང་དུའང་། མ་པང་གཡུ་མཚོ་གཡུ་རེད། །གངས་རི་ཏི་སེ་གསེར་རེད། །ཅེས་པ་ཡིས་གངས་རི་དང་མཚོ་བར་གྱི་འབྲེལ་བ་མཚོན་པས། ངས་གངས་ཏི་སེ་བསྐོར་ཚར་རྗེས་ལམ་སང་མ་པང་གཡུ་མཚོ་མཇལ་དུ་སོང་བ་ཡིན། གངས་སྐོར་ལ་འགྲོ་བ་ལྟར་མཚོ་མ་པང་གི་མཐའ་རུ་མཚོ་སྐོར་ལ་འགྲོ་མཁན་ཡང་མང་པོ་སྣང་། གཡུ་ཡི་ཞུན་མ་འཁྱིལ་བ་ལྟ་བུའི་མཚོའི་འགྲམ་ལ་ལངས་དུས།མཚོ་རླུང་འུར་འུར་དུ་ལྡངས་ཏེ་མིག་ཀྱང་འབྱེད་མི་ཐུབ་པར་བྱས་མོད། ཡ་གི་ན་གངས་ཏི་སེ་ལྷུན་ནེར་བཞུགས་ཡོད་པ་དང་། མ་གི་ན་མཚོ་མ་པང་ལྷོད་འཇགས་སེ་འཁྱིལ་བ་ནི། དངོས་གནས་མཐོ་དམའ་ཡི་ཕྱོགས་གཉིས་ནས་ཕན་ཚུན་གྱི་གཟི་བརྗིད་དང་མཛེས་སྡུག་ལ་ཡིད་སྨོན་ཤོར་བའི་ཕོ་རྒོད་ཅིག་དང་མཛངས་མ་ཞིག་དང་འདྲ། མ་པང་གཡུ་མཚོ་ལ་དེ་མིན་མ་ཕམ་དང་མ་དྲོས་ཞེས་ཀྱང་འབྲི་སྲོལ་འདུག མ་ཕམ་ཞེས་པ་ནི་མཚོ་འདི་ཡན་ལག་བརྒྱད་དང་ལྡན་ཞིང་མཚོ་གཞན་ལས་རྒྱལ་བས་མ་ཕམ་ཞེས་པ་དང་། ཡང་ན། མི་ལ་རས་པས་ནཱ་རོ་བོན་ཆུང་དང་རྫུ་འཕྲུལ་འགྲན་པ་ལས་མ་ཕམ་པས་མིང་དེ་ལྟར་ཐོགས་པ་རེད་ཅེས་ཟེར། མ་དྲོས་ཞེས་པ་ནི་མཚོ་འདི་མེད་པའི་གོང་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྨྱུག་སྦལ་ཞེས་བྱང་ཆུབ་སེམས་དཔའ་ཞིག་གིས། མིའི་སྐྱེ་རྒ་ན་འཆི་བཟློག་ཐབས་སུ་སྦྱིན་གཏོང་རྒྱ་ཆེན་པོ་མཛད་པའི་ཚེ། དོང་ཆེན་པོ་དྲུས་ནས་འབྲས་བཙོས་པའི་ཁུ་བ་རྣམས་འཕོས་པ་ལས་རྗེས་སུ་དོང་ནས་མཚོ་འཕྱུར་བ་དང་། དེ་ཡང་དང་པོ་འབྲས་ཁུ་དྲོན་པོ་བླུགས་པ་ཡིན་ཡང་མཐར་ཤིན་ཏུ་བསིལ་བར་གྱུར་པས། མཚོའི་མིང་ལ་མ་དྲོས་པ་ཐོགས་པ་རེད་ཅེས་གཏམ་རྒྱུད་ཅིག་བཤད་རྒྱུ་འདུག ངས་བལྟས་ན་མཚོ་འདི་གངས་ཏི་སེ་གཙོ་བོར་བྱས་པའི་གངས་རིའི་ཁྲོད་དུ་ལྷོད་གེར་འཁྱིལ་བ་ནི། ས་གཞི་སྒེག་མོའི་པང་ངམ་ཕང་དུ་ཡོད་པ་དང་འདྲ་བས་ཐོག་མར་མ་པང་ངམ་མ་ཕང་ཞེས་པའི་མིང་ཐོགས་པ་འདྲ་སྟེ། ཏུན་ཧོང་གི་གཏེར་ཡིག་ནང་དུ། བོད་ཀྱི་ལྷ་བཙན་པོ་ཐམས་ཅད་ལ། ཆོས་བཤད་ཅིང་དབང་བསྐུར། གངས་ཏི་སེ་ལ་བསྙེན་བསྒྲུབ་ཟབ་མོ་བགྱིས། མཚོ་མ་འཕང་ལ་འཁྲུས་བགྱིས་ནས། །ཞེས་མ་འཕང་བྲིས་ཤིང་། མདོ་ལས།  རི་བོ་གངས་ཅན་ཏི་སེའི་དྲུང་། །མཚོ་ནི་མ་པང་གཡུ་མཚོའི་འགྲམ། །ཞེས་མ་པང་བྲིས་འདུག མ་ཕམ་ཞེས་པ་ནི་མ་པང་ངམ་མ་ཕང་ལས་ཟུར་ཆག་རྗེས་བོད་མི་ཚོས་མཚོའི་ཡོན་ཏན་ལ་ཆེ་བསྟོད་དང་། ཐུབ་བསྟན་པ་ཚོས་མི་ལ་རས་པ་ལ་དད་བཀུར་བྱེད་ཆེད་དུ་ཁུངས་ལུང་སྙན་མོ་ཞིག་བཙལ་བ་དང་། མ་དྲོས་པ་ཞེས་པ་ནི་མཚོ་འདིར་ཧ་ཅང་བསིལ་བའི་ཡོན་ཏན་ལྡན་པས་ཡིན་རྒྱུ་རེད་བསམས།
       ཡང་མཚོ་དེའི་འགྲམ་ན་ཤིང་འཛམ་བུ་པྲྀཀྵའི་སྡོང་པོ་འབྲས་བུ་ཆེ་ལ་མངར་བ་ཅན་ཞིག་ཡོད་པ་དང་། དེའི་འབྲས་བུ་ཆུ་ནང་ལྷུང་དུས་འཛམ་བུ་ཞེས་པའི་སྒྲ་གྲགས་པས། འཛམ་བུ་གླིང་ཞེས་པའི་མིང་ཐོགས་པ་རེད་ཟེར། ཤིང་འཛམ་བུ་པྲྀཀྵའི་ནི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་སྐལ་བ་དམན་པ་རྣམས་ཀྱིས་མཐོང་མི་ཐུབ་ཅེས་ཟེར་ཡང་། གངས་ཏི་སེ་དང་མཚོ་མ་པང་ནི་འཛམ་གླིང་གི་ལྟེ་བ་ཡིན་ཞེས་པ་ནི་རྒྱ་གར་རིག་བྱེད་པ་དང་། བོད་ཀྱི་བན་བོན་ཀུན་གྱི་རིག་གནས་ཀྱི་ལྟེ་བ་ལ་གོ་དགོས་པ་ལྟར། འཛམ་བུ་གླིང་ཞེས་པའི་མིང་གི་འབྱུང་ཁུངས་མཚོ་འདི་ལ་གཏུགས་པའང་། ལྟེ་གནས་ཀྱི་ལྟ་བ་ཁུངས་བཙན་དུ་བསྒྲུབ་པའི་ཆེད་དུ་གཏམ་རྒྱུད་སྙན་མོ་ཞིག་བསྒྲིགས་པ་མིན་ནམ་སྙམ། རྒྱུ་མཚན་ཡོད་དེ། དེང་སང་ཆབ་སྲིད་དང་དཔལ་འབྱོར། རིག་གནས་ཀྱི་ལྟེ་གནས་སམ་གཙོ་བོ་ལ་ཁུལ་ཞེས་པའི་མིང་བཏགས་པ་ལྟར་རོ། །
       སྔོན་མའི་གཞུང་དུ། མ་དྲོས་པ་ཡི་ཆུ་ཞེང་དུ། །དཔག་ཚད་ལྔ་བཅུ་ལྔ་བཅུ་སྟེ། །ཞེས་པར་མི་ལ་ལས་མཚོ་མ་དྲོས་པ་ནི་ཀུན་ནས་གྲུ་བཞི་མ། དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་ཞེས་འགྲེལ་བཤད་བརྒྱབ་འདུག མཚོའི་འགྲམ་ངོགས་ལ་ལངས་ནས་བལྟས་ན། མཚོ་ཧྲིལ་པོ་མིག་འོག་ཏུ་ཚུད་མི་ཐུབ་པས་གྲུ་བཞི་མ་ལྟ་བུར་སྣང་མོད། མཐོ་ས་ནས་བླངས་པའི་པར་ལ་ལྟོས་དང་། གྲུ་བཞི་མའམ་བཞི་སྒམ་མ་ཞིག་མ་ཡིན་པར་ནར་གཟུགས་ཅན་ཞིག་རེད། ལྟག་སྤྲུལ་ཨོ་རྒྱན་ཆོས་འཕེལ་ལགས་ཀྱིས། གཡུ་ལ་གཟུགས་དབྱིབས་ཀྱི་ཆ་ནས་ཆེ་ཆུང་ཅི་རིགས་མངའ། སྐབས་རེ་ལ(གཡུ་ཆུང་མ་པང་གཡུ་མཚོ)འདི་མགུལ་རྒྱན་དུ་འདོགས་མཁན་ཡང་ཡོད། གང་ལྟར་གཙུག་གཡུ་མ་པང་གཡུ་མཚོ་ནི་ལུས་ཀྱི་རྒྱན་ཆ་ཡོད་ཚད་ལས་མ་གཞིའམ་མ་ཡི་ཚབ་ཏུ་ཡིན་ཕྱིར། ལོ་ཁམས་མཚོན་པའི་རྒྱན་ཆུང་ཐམས་ཅད་མཚོ་མོ་འདི་ནས་བྱུང་། གཉེན་སྟོན་སྐབས་མནའ་མའི་མགོར་གཡུ་བཏགས་ཏེ་གཡུ་བཤད་རྒྱག་པའང་གཙོ་བོར་མ་པང་གཡུ་མཚོ་དང་ས་གཞི་བདག་མོའི་བྱིན་རླབས་ཞུ་བའི་ཆོ་ག་དང་། ལོ་ཁམས་གསོ་བའི་བྱེད་སྟངས་ཤིག་ཡིན། གཙུག་གཡུ་འདི་ཉིད་བཟོ་བ་ལ་ངེས་པར་དུ་གཡུ་ཡི་དབྱིབས་གཟུགས་ལྟ་ན་སྡུག་པ་ཕྱོགས་ཙམ་གྲུ་བཞི་འདྲ་ཞིག་དགོས། དེའང་རང་བྱུང་དུ་ཡིན་པ་ལས་མིའི་ལག་རྩལ་གྱིས་བཟོས་པ་དང་དབྱིབས་འདོན་མི་རུང་། དེས་ན་བོད་ཀྱི་གཙུག་གཡུ་འདི་རིགས་ཚང་མ་བཟོ་ལྟའི་ཆ་ནས་ཕལ་ཆེར་གཅིག་མཚུངས་རེད། དེ་འདྲའི་དགོས་པ་གཙོ་བོ་ནི་གཡུ་ཡི་རྒྱན་ཆ་འདི་མ་པང་གཡུ་མཚོ་དང་འདྲ་མོ་ཞིག་དོད་ན་སེམས་པས། ཅི་ཙམ་འདྲ་ན་དེ་ཙམ་འདོད་ཡོན་ལོངས་སྤྱོད་ཆར་བཞིན་འབེབས་པའོ། །དེང་སང་ངོ་མཚར་བ་ཞིག་ནི་ནམ་མཁའ་ནས་བཏབ་པའི་པར་རིས་དང་བསྡུར་ན། གཡུ་ཡི་རྒྱན་ཆ་འདིའི་དབྱིབས་གཟུགས་དེ་མ་པང་གཡུ་མཚོ་དང་གཉིས་སུ་མེད། དེ་ནི་ཅི་འདྲའི་ཡ་མཚན་པ་ཞིག་རེད་ཨང་ཞེས་གསུངས་པའི་གཏམ་དེར་རྗེས་སུ་ཡི་རངས་སོ། །
       གཡུ་ཡི་འབྱུང་ཁུངས་བཤད་དུས། མ་དྲོས་ལས་འོང་རྒྱ་ནག་ཞང་ཞུང་དང་། །གངས་ཅན་ཡུལ་ལས་རྒྱ་གར་ལས་མི་འབྱུང་། །ཞེས་པ་ལྟར། མཚོ་མ་པང་ནི་གཡུ་ཡི་འབྱུང་ཁུངས་གཙོ་བོ་ཡིན་ཏེ། ཡུན་རིང་པོར་ཆུ་ནང་གི་མུ་ཟི་དང་ཟངས་རྡོའི་གཡའ་དྲེག་ལས་ཆགས་པས། མི་འགྱུར་རྟག་བརྟན་གྱི་དངོས་པོར་བརྩིས་ཏེ་གཡུ་ཡི་གཡུང་དྲུང་ཡང་སྒྲིག་སྲོལ་ཡོད་པ་དང་། གཡུ་ཡིས་མདོག་སྔོན་པོ་དང་ཕོ་མོ་གཉིས་ལས་མོ་རྟགས་མཚོན་པས། བླ་གཡུ་དང་གཙུག་གཡུ་ཞེས་གལ་ཆེན་པོར་བརྩིས་པ་ལྟར་ན། མ་པང་གཡུ་མཚོ་ཞེས་པས་ཆུ་ཡི་མདོག་བསྟན་པ་ཙམ་གྱིས་མ་ཚད་པར། རིག་གནས་ཀྱི་བརྡ་རྟགས་གལ་ཆེན་ཞིག་ཀྱང་མཚོན་གྱིན་ཡོད་པ་ནི། གླིང་སྒྲུང་ནང་གཡུ་ཡི་བཤད་པ་མང་པོ་ཡོད་པ་ལས་ཀྱང་ཤེས་ཐུབ་བོ། །
       གངས་ཏི་སེ་ནི་རི་ཡི་རྒྱལ་པོ་དང་མཚོ་མ་པང་ནི་ཆུ་ཡི་མགོ་ཁུངས་ཞེས་པ་ལྟར། ཏི་སེ་དང་མ་པང་གཉིས་ཀྱི་ཕྱོགས་བཞིར་ཆུ་བོ་བཞིའམ་ཁ་འབབ་བཞི་ཡོད་པ་ནི་བོད་ཀྱི་དམངས་གཞས་ལས། སེང་གེ་ཁ་འབབ་ལ་དྭགས་གཞུང་ལ་འབབ། །ལ་དྭགས་དཔའ་རྩལ་ཆེ་བ་དེ་ནས་བྱུང་། །རྨ་བྱ་ཁ་འབབ་སྤུ་ཧྲེང་གཞུང་ལ་འབབ། །སྤུ་ཧྲེང་སྐྱེས་པ་ཡག་པ་དེ་ནས་བྱུང་། །རྟ་མཆོག་ཁ་འབབ་དབུས་གཙང་གཞུང་ལ་འབབ། །དབུས་གཙང་རྟ་མཆོག་ཡག་པ་དེ་ནས་བྱུང་། །གླང་ཆེན་ཁ་འབབ་ཡར་རྐྱེན་གཞུང་ལ་འབབ། །སྟོད་ཧོར་སྟོབས་རལ་ཆེ་བ་དེ་ནས་བྱུང་། །ཞེས་ལེན་སྲོལ་ཡོད་པ་དང་། ཁ་འབབ་བཞིའི་སྐོར་ལ། ལ་ལ་ཡིས་ཤར་ཕྱོགས་ཀྱི་བྲག་རྟ་ཡི་ཁ་འདྲ་བ་ནས་ཆུ་བོ་གངྒཱ་དང་། ལྷོ་ཕྱོགས་ཀྱི་བྲག་རྨ་བྱའི་ཁ་འདྲ་བ་ནས་ཆུ་བོ་པཀྵུ། ནུབ་ཕྱོགས་ཀྱི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་ཆུ་བོ་སིནྡྷུ། བྱང་ཕྱོགས་ཀྱི་བྲག་སེང་གེའི་ཁ་འདྲ་བ་ནས་ཆུ་བོ་སི་ཏཱ་ཞེས་པ་དང་། འགའ་ཞིག་གིས་ཤར་ཕྱོགས་ཀྱི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་ཆུ་བོ་གངྒཱ་དང་། ལྷོ་ཕྱོགས་ཀྱི་བྲག་ཁྱུང་ཆེན(ལ་ལས་རྨ་བྱ་ཟེར)གྱི་ཁ་འདྲ་བ་ནས་ཆུ་བོ་སིནྡྷུ། ནུབ་ཕྱོགས་ཀྱི་བྲག་རྟ་ཡི་ཁ་འདྲ་བ་ནས་ཆུ་བོ་པཀྵུ། བྱང་ཕྱོགས་ཀྱི་བྲག་སེང་གེའི་ཁ་འདྲ་བ་ནས་ཆུ་བོ་སི་ཏཱ་ཞེས་བཤད་སྲོལ་མི་འདྲ་བ་འགའ་འདུག དེ་དག་ནི་ཡུལ་དངོས་སུ་སོང་སྟེ་ཡིན་མིན་བརྟག་དཔྱད་བྱེད་དགོས་པ་ལས་འོལ་ཚོད་ཀྱིས་ཐག་གཅད་དུ་རུང་བ་ཞིག་མ་རེད།
       གང་ལྟར། རི་ནི་ཆུ་ཡི་རྩ་བ་དང་ཆུ་ནི་རིག་གནས་ཀྱི་འབྱུང་ཁུངས་ཡིན་ཞེས་པ་ལྟར། ཆུ་བོ་ཆེན་པོ་བཞི་གངས་ཅན་ལྗོངས་ནས་བཞུར་མགོ་བཙུགས་ཏེ་མཐར་ཕྱིའི་རྒྱ་མཚོར་འདུས་པའི་བརྒྱུད་ལམ་དུ། ཡུལ་དུས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་མངོན་པར་བཀྲ་བ་ན། ཆུ་བོ་ཆེན་པོ་བཞི་ནི་ཕྱི་ནང་རིག་གནས་ཀྱི་ཕོ་ཉ་རེད་ཅེས་བསྟོད་པར་འདོད་དོ། །
       མངའ་རིས་སྐོར་གསུམ་ཞེས་པ་ནི་སྤུ་རངས་གངས་ཀྱིས་བསྐོར་བ་དང་། ཟངས་དཀར་མཚོ་ཡིས་བསྐོར། གུ་གེ་གཡའ་ཡིས་བསྐོར་བ་ལྟར།སྤུ་རངས་རྫོང་གི་ཕྱོགས་བཞིར་གངས་རི་མང་པོས་བསྐོར་ཡོད་པས་མ་ཚད། མ་པང་མཚོ་དང་ཐག་ཉེ་བ་ན་ལག་ངར་མཚོ་ཞེས་པ་ཞིག་འདུག ཐག་རིང་ནས་བལྟས་ན་མཚོ་དེའི་རྣམ་པ་ནི་ལག་པའི་གྲུ་ཁུག་དང་འདྲ་བས་མིང་ལ་ལག་ངར་མཚོ་ཐོགས་ཤིང་། ལ་ལས་ལྷ་མཚོར་བཀུར་ཞིང་འགའ་ཤས་ཀྱིས་འདྲེ་མཚོར་རྩི་སྲོལ་འདུག  བཤད་སྲོལ་ལ་མཚོ་དེ་དང་མ་པང་མཚོ་གཉིས་ས་འོག་ཏུ་སྦྲེལ་ཡོད་པ་རེད་ཟེར།
       ངས་གླས་པའི་རླངས་འཁོར་གྱི་ཁ་ལོ་བ་དེའི་ཁ་སྐད་ནི་ཁམས་སྡེ་དགེའི་སྐད་དང་འདྲ་མོ་འདུག ཁོས་མངའ་རིས་ལ་རྫོང་ཁག་བདུན་ཡོད་པ་ལས།སྒེར་རྩེ་རྫོང་ཁོངས་སུ་ཁམས་དང་ཨ་མདོ་ནས་ཡོང་བའི་མི་མང་པོ་ལྷན་དུ་འདུས་ཡོད་པས། ས་ཕྱོགས་དེའི་བོད་སྐད་ནི་ཆོལ་ཁ་གསུམ་གྱི་སྐད་འདྲེས་ཡོད་པ་ཞིག་རེད་ཟེར། དེ་སྔོན་གྲོགས་པོ་ཞིག་གིས་མངའ་རིས་ནའང་ཨ་མདོའི་སྐད་བཤད་མཁན་ཡོད་ཅེས་པ་ནི་དེ་ལ་ཟེར་བ་འདྲ།
       སྲིད་པ་ཆགས་པའི་དུས་སུ་རི་མཐོན་པོ་དང་མཚོ་ཆེན་པོ་ནི་ས་གཞི་བུ་མོའི་ཤ་དང་རུས་པར་ཆགས་པ་དང་། མཐོ་སྒང་ཡུལ་ལ་དབུ་ནག་བོད་མི་འཁྲུངས་པ་ནས་བཟུང་། དུས་ཡུན་རིང་པོའི་ནང་མེས་པོ་རྣམས་ཀྱིས་རི་ལ་རིའི་བླ་སྲོག་དང་། ཆུ་ལ་ཆུ་ཡི་རྣམ་ཤེས་གསོལ་ཏེ་བླ་རུ་བཀུར་བས། དུས་དེང་སང་ང་ཚོ་ལ་འཇིག་ཐབས་མེད་པའི་རི་མགོ་དང་། འཛད་མཐའ་བྲལ་བའི་ཆུ་མགོ་ཡོད་པ་ནི་རིག་གནས་ཀྱི་སྙིང་སྟོབས་ཤིག་རེད། ཡུལ་སྐོར་ལྗོངས་རྒྱུ་བ་ཚོ་ཉིན་ནས་ཟླ། ཟླ་ནས་ལོར་མཐུད་དེ་རྒྱུན་མི་ཆད་པར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བ་ནི། མིག་གི་དབང་པོ་ཚིམ་པའི་ཆེད་དུ་ཡིན་ནམ། སེམས་པར་བྱབས་ཁྲུས་ཐོབ་པའི་ཆེད་དུ་ཡིན་ངས་གསལ་པོར་མི་ཤེས་མོད། ང་ཡིས་རི་འདབས་ནས་རི་མགོའི་ཁ་བ་དྲན་ཞིང་། ཆུ་མཇུག་ནས་ཆུ་མགོའི་གཙང་ཆུ་དྲན་བཞིན་འོང་དུས། ཤར་ལྷོ་ནུབ་བྱང་གི་ཁ་འབབ་བཞི་ནི་རླབས་ཆེན་གྱི་མི་རིགས་ཤིག་གིས། འཛམ་གླིང་གི་ཕྱོགས་བཞིར་མངགས་པའི་ཞི་རྒྱས་དབང་དྲག་གི་ལས་བཞིའི་ཕོ་ཉ་ལ་མཐོང་བས། གངས་སྐོར་གཅིག་ལས་མཚོ་སྐོར་བྱེད་མ་ཐུབ་ཀྱང་། མ་པང་གཡུ་མཚོའི་འགྲམ་དུ་བཅར་ཏེ་ཡན་ལག་བརྒྱད་ལྡན་གྱི་གངས་ཆུ་གཙང་མ་ཧུབ་གང་བཏུངས་རྗེས། ངའི་ཕ་ཡུལ་གངས་ལྗོངས་ལུང་པ་རེད། །མཚོ་མ་པང་ང་ཡི་འཐུང་ཆུ་ཡིན། །དྲིན་ཕ་མས་ང་ལ་ཟེར་རྒྱུ་ལ། །ཚེ་འདི་ལ་འཐུང་ཆུ་མ་ནོར་ཟེར། །ཞེས་རང་གིས་རང་ལ་བརྩམས་པའི་གླུ་དེའི་མཇུག་མཐའི་ཚིག་དེ་བླངས་སོ། །
       ཡུན་རིང་པོར་སེམས་ཀྱི་མཆོད་སྟེགས་སུ་བཞུགས་པའི་གངས་ཏི་སེ་དང་མཚོ་མ་པང་གཉིས་མཇལ་རྗེས། ཚེ་འདི་ཕྱི་གཉིས་ཀ་ལ། དོན་ལྔ་སྣོད་དྲུག་དོན་དང་ལྡན་ཞིང་སྣོད་དུ་རུང་བར་བྱ་རྒྱུའི་ཆོད་སེམས་ཀྱི་རི་མོ་ནི། གངས་རི་དང་མཚོ་མོའི་བར་མཚམས་སུ་བརྐོས་ཡོད་པས། ཕ་ལྟར་འགྱིང་བའི་གངས་རིན་པོ་ཆེས་མཐོ་ས་ནས་གཟིགས་སྐྱོང་གནང་རོགས། མ་ལྟར་བཞུགས་པའི་མཚོ་མ་པང་གིས་དམའ་ས་ནས་གསོ་སྐྱོང་མཛད་རོགས་ལགས།

རྩོམ་པ་པོ་ངོ་སྤྲོད།
གངས་དབང་། ཁམས་ཉག་ཆུ་རྫོང་གི་རོང་ས་ཞིག་ནས་སྐྱེས། སློབ་ཆེན་ལས་མཐར་ཕྱིན་རྗེས། ལོ་བཅོ་ལྔའི་རིང་ལ་དར་རྩེ་མདོ་ར་རྔ་ཁ་བོད་ཡིག་སློབ་འབྲིང་དུ་དགེ་རྒན་བྱས། བོད་ཡིག་དུས་དེབ་སོ་སོར་ལྷུག་རྩོམ་གཙོར་བྱས་བརྩམས་ཆོས་མང་ཙམ་སྤེལ་མྱོང་། ད་བར་རིག་གནས་ལྷུག་རྩོམ«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»དང་ལྷུག་རྩོམ«ཕྱིར་ལོག་པའི་ལམ་དུ»ཞེས་པ་པར་དུ་བསྐྲུན། སྤྱི་ལོ2018ལོ་དང་སྤྱི་ལོ2021ལོར་སི་ཁྲོན་ཞིང་ཆེན་གྱི་སྐབས་བདུན་པ་དང་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་རྩོམ་རིག་བྱ་དགའ་ཐོབ། ད་ལྟ་མི་ཉག་དར་རྩེ་མདོ་རུ་ཚགས་པར་དང་དུས་དེབ། དྲ་བ་བཅས་ཀྱི་ལས་ཀ་སྒྲུབ་ཞོར་དུ་མུ་མཐུད་ནས«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཅེས་པའི་མུ་འབྲེལ་རིག་གནས་ལྷུག་རྩོམ་ལ་འབད་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།