logo

བསམ་འགྲུབ་ཚང་གི་མནའ་མ་ལྷ་སྐྱིད་བཟང་མོ།

རྩོམ་པ་པོ།:ཞོགས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-10-03 ཀློག་གྲངས།:
གཅིག
       ལྷ་སྐྱིད་ཁྱོད་ད་དུང་མི་ཡོང་བར་ཅི་ཞིག་སྒུག་ནས་བསྡད་ཡོད་ཅེས་ཅུང་གཏུམ་ཉམས་ཅན་གྱི་སྐད་ཅིག་གིས་དེ་ལྟར་བོས་སོང་། སྐད་དེ་ཐོས་པ་དང་ལྷ་སྐྱིད་ཀྱིས་གྲོགས་མོ་སྒྲོལ་མར་ཁ་བརྡ་བྱེད་མཚམས་བཞག་སྟེ་ཆུ་ཟོམ་ཁུར་ཞིང་ནང་དུ་ལོག ལྷ་སྐྱིད་ལ་འབོད་མཁན་ནི་རྒྱུག་མོ་གཡུ་སྒྲོན་ཡིན་ལ། ད་ནངས་ལྷ་སྐྱིད་ཆུ་ལེན་དུ་འགྲོ་སྐབས་ཁྱིམ་མཚེས་བསོད་སྐྱབས་ཚང་གི་བུ་མོ་སྒྲོལ་མ་དང་འཕྲད། ལྷ་སྐྱིད་བསམ་འགྲུབ་ཚང་ལ་ཡོང་སྟེ་ལོ་ངོ་དྲུག་གི་དུས་ཡུན་འགོར་ཡོད་ཅིང་། ལོ་དེ་དག་གི་རིང་ལྷ་སྐྱིད་ལ་སེམས་ཐག་ཤིན་ཏུ་ཉེ་བའི་གྲོགས་མོ་ཞིག་ཡོད་པ་ནི་སྒྲོལ་མ་རེད། སྒྲོལ་མ་ཁོང་གཉིས་སེམས་ཐག་ཤིན་ཏུ་ཉེ་བས་རྒྱུན་པར་སོ་སོའི་སེམས་གཏིང་གི་སྐད་ཆ་རྣམས་སྦས་གསང་མེད་པར་བཤད་ཆོག་པས། ལྷ་སྐྱིད་ལ་མཚོན་ན་སྒྲོལ་མར་ཁ་བརྡ་བྱེད་རྒྱུ་ནི་སེམས་ཀྱི་དཀའ་ངལ་སེལ་བའི་མཐུན་རྐྱེན་བཟང་པོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་། བསམ་འགྲུབ་ཚང་གི་ནང་མི་ཚོས་མོ་རང་སྒྲོལ་མ་དང་འཕྲད་པར་བཀག་འགོག་བྱེད་ཀྱི་ཡོད་ལ། ཐ་ན་རང་གི་གཟའ་ཟླ་ཚེ་རིང་གིས་ཀྱང་ལྷ་སྐྱིད་ལ་སྒྲོལ་མའི་མཉམ་དུ་འགྲོ་མི་ཉན་ཞེས་བཤད་ཀྱིན་ཡོད་པས་ད་ལྟ་ལྷ་སྐྱིད་ཀྱིས་སྒྲོལ་མར་ལས་སླ་བོར་ཐུག་འཕྲད་བྱེད་ཕོད་ཀྱི་མེད།
       ལྷ་སྐྱིད་ཀྱི་ཕ་ཡུལ་ནི་འབའ་ཐང་སྡེ་བ་ཞེས་པའི་འབྲོག་ཕྱོགས་ཀྱི་ས་ཆ་ཞིག་ནས་ཡིན་ལ། ཉིས་སྟོང་གཅིག་ལོར་མོ་རང་གི་ཁུ་བོ་དོན་ལྡན་གྱིས་གཏམ་ཤོད་སྡེ་བའི་བསམ་འགྲུབ་ཚང་ལ་འདུན་མར་གཏམ། དང་ཐོག་ལྷ་སྐྱིད་གནས་ལ་མི་འགྲོ་ཞེས་ཉིན་འགའ་ཡི་རིང་མིག་ཆུ་བཏང་ཡང་། འཇིག་རྟེན་གནའ་མིའི་གཏམ་དཔེ་ལ“སྐྱེ་གཟུགས་རང་ལ་ཅི་ཡོད་ཡིན། །གཉེན་ཐག་ཕ་མས་ཅི་བཅད་ཡིན། །”ཞེས་པའི་དཔེ་ལྟར་དུ་གྱུར་པས། མཇུག་མཐར་ལྷ་སྐྱིད་བསམ་འགྲུབ་ཚང་ལ་མི་འགྲོ་ཐབས་མེད་དུ་གྱུར། དེར་བརྟེན་ཉིས་སྟོང་གཅིག་ལོའི་བོད་ཟླ་གཉིས་པའི་ཚེས་བདུན་ཉིན་གྱི་ཞོགས་པར་ལྷ་སྐྱིད་ཀྱིས་གོམ་པ་ཅན་གྱི་རྟ་ཞོན། རི་མོ་ཅན་གྱི་གོས་གོན་ཏེ། སྔོན་ནས་བསུ་མ་དང་རྒྱབ་ནས་སྐྱེལ་མ་བྱས་ཤིང་བསམ་འགྲུབ་ཚང་ལ་མནའ་མར་ཡོང་བ་རེད། ལོ་དེར་ལྷ་སྐྱིད་མོ་ལོ་བཅྭོ་བརྒྱད་ཀྱི་གོང་དུ་བུད་ཙམ་ཡིན།
       ལྷ་སྐྱིད་གནས་ལ་འགྲོ་སྐབས་གླེང་བརྗོད་ཆེན་པོ་གཉིས་བྱུང་ཡོད་དེ། གླེང་བརྗོད་གཅིག་ནི་འབའ་ཐང་སྡེ་བ་ནས་ཡིན་ཞིང་། ཐུབ་བསྟན་ཚང་གི་བུ་མོ་གནས་ལ་འགྲོ་ས་གཏམ་ཤོད་སྡེ་བའི་ཕྱུག་ཆེན་བསམ་འགྲུབ་ཚང་གི་སྐོར་ནས་ཡིན་པ་དང་། གཅིག་ཤོས་ནི་གཏམ་ཤོད་སྡེ་བ་ནས་བསམ་འགྲུབ་ཚང་གི་མནའ་མའི་སྐྱེ་གཟུགས་དང་མོ་སྒོའི་སྐོར་ནས་རེད།
       དང་པོ་འབའ་ཐང་སྡེ་བའི་སྐོར་ནས་གླེང་ན། ཐུབ་བསྟན་ཚང་གི་བུ་མོ་གནས་ལ་འགྲོ་ས་ནི་གཏམ་ཤོད་སྡེ་བ་ནས་བསམ་འགྲུབ་ཚང་ཟེར་བ་ཞིག་ཡིན་སྐད་འདུག རེད། དུད་མིང་ལ་བསམ་འགྲུབ་ཚང་ཟེར། བསམ་འགྲུབ་ཚང་ནི་གཏམ་ཤོད་སྡེ་བ་ནས་ཕྱུག་ཆེན་ཨང་དང་པོ་ཡིན་ཞིང་། ཡར་བརྩིས་ན་ཁོང་ཚང་གི་རྒྱུད་པ་ཡང་གཏམ་ཤོད་དཔོན་ཚང་གི་རྒྱུད་པ་ཡིན། ཁོང་ཚང་གི་ཕ་རྒན་བསམ་འགྲུབ་ནི་སྐད་གྲགས་ཆོད་པའི་ཚོང་པ་ཞིག་ཡིན་ལ། ད་ལྟ་བསམ་འགྲུབ་ཚང་ལ་ལྷ་སར་ཡང་ཁང་པ་དང་ཚོང་ཁང་སོགས་ཡོད་སྐད་ཐོས་རྒྱུ་འདུག དེས་ན་ཐུབ་བསྟན་ཚང་གི་བུ་མོ་ལྷ་སྐྱིད་ཀྱིས་གནས་ས་རག་འདུག བསམ་འགྲུབ་ཚང་གི་བུ་ཆེ་བ་རྒྱ་གར་ལ་ཡོད་ཅིང་ལོ་འགའི་གོང་ནས་ཁོང་བསམ་བསྟན་ཆོས་གླིང་དགོན་པའི་སྤྲུལ་སྐུ་འཇིགས་མེད་སྐལ་བཟང་རིན་པོ་ཆེ་ཡི་སྐུ་ཕྲེང་བཞི་པའི་ཡང་སྲིད་ལ་ངོས་འཛིན་གནང་། ད་ལྟ་རིན་པོ་ཆེ་ཁོང་ལ་ཐེ་ཝན་དང་སིང་ག་པུར་སོགས་སུ་དད་ལྡན་སྦྱིན་བདག་ཡང་མི་ཉུང་བ་ཡོད་སྐད། “ཨ་ལ་ལ”དེས་ན་ངོ་མ་ལྷ་སྐྱིད་ཀྱིས་གནས་སྒོ་བརྫིས་འདུག་ཟེར།
བསམ་འགྲུབ་ཚང་གི་མནའ་མ་དེ་ངོ་མ་ཅི་འདྲའི་མཛེས་པ་ལ་ཨང་། བུ་མོ་དེའི་ཁྲ་ཆུང་མིག་གི་གཟི་མདངས་ལ་བལྟས་ན། ཐོ་རེངས་སྐར་ཆེན་ལས་ཀྱང་དྭངས་ཤིང་གསལ་ལ། ཤ་དཀར་པགས་པའི་དམར་མདངས་ལ་བལྟས་ན། ཁམ་བུ་མེ་ཏོག་ཡིན་ཡང་མཛེས་ཉམས་མི་སྟེར། དུང་སོ་སུམ་ཅུའི་དཀར་མདངས་ལ་བལྟས་ན། གངས་རི་དཀར་པོ་ཡིན་ཡང་དཀར་ཉམས་མེད། ཕྲ་ཞིང་ལྡེམ་པའི་ལུས་པོ་མཐོང་ན། ཚིགས་དྲུག་སྨྱུག་མ་ཡིན་ཡང་ཅུང་ཟད་གྱོང་ཞད་འདུག ཁ་རྩང་གཉེན་སྟོན་གྱི་ཁ་ནས་ང་ཡིན་ཁོ་ཡིན་ཟེར་བའི་བུ་མོ་ཚོའི་གྲལ་ནས་བསམ་འགྲུབ་ཚང་གི་མནའ་མ་ནི་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ལྟ་བུ་རེད། བུ་མོ་དེའི་མཛེས་པ་ནི་མིག་ཕར་བལྟས་ཚུལ་ལ་མི་ལོན་པ་ཞིག་འདུག ཅི་འདྲའི་བུ་མོ་ཡག་པོ་ཞིག“ཨ་ལ་ལ”ཟེར། འདི་ནི་གཏམ་ཤོད་སྡེ་བས་ལྷ་སྐྱིད་ཀྱི་སྐོར་ནས་གླེང་བའི་སྐད་ཆ་ཡིན།
གཉིས།
       ལྷ་སྐྱིད་ཀྱི་ཕ་ལ་ཐུབ་བསྟན་འགྱུར་མེད་དང་། མ་ལ་ཀརྨ་ཆོས་མཚོ་ཟེར། ཐུབ་བསྟན་འགྱུར་མེད་དང་ཀརྨ་ཆོས་མཚོ་གཉིས་ལ་མིང་སྲིང་བཞི་ཡོད་པའི་ནང་ནས་ལྷ་སྐྱིད་ཆུང་བ་ཡིན་ལ། ཁེར་གཅེས་ཀྱི་བུ་མོ་ཡང་ཡིན་པས་ཐུབ་བསྟན་ཚང་གི་བཟའ་མི་གང་བོའི་ལྷ་སྐྱིད་ལ་ཤིན་ཏུ་བརྩེ་བ་ཟབ་ཅིང་དབྱར་ཉི་མ་མཐོང་ན་ནམ་མཁར་སྟོན་མི་བྲ་ཞིང་། དགུན་བ་མོ་མཐོང་ན་ས་ཐོག་ལ་འཇོག་མི་བྲ་བའི་གཅེས་ཕྲུག་མ་ཞིག་ཡིན། ལྷ་སྐྱིད་ཆུང་དུས་དེ་ལྟ་བུའི་དམིགས་བསལ་གྱིས་བྱམས་སྐྱོང་འོག་ནས་ནར་སོན་པར་གྱུར།
       འབའ་ཐང་སྡེ་བ་ནས་ཀྱང་ལྷ་སྐྱིད་ཀྱི་སྐྱེ་གཟུགས་ལ་སྐད་གྲགས་ཡོད་དེ་ཐུབ་བསྟན་ཚང་གི་བུ་མོ་ཞེས་ཉེ་འགྱང་ཀུན་ནས་གླེང་བར་བྱེད་ཅིང་། ལྷག་ཏུ་སྡེ་བའི་གསར་བུ་ཚོའི་སེམས་ནས་ལྷ་སྐྱིད་ནི་ནམ་ཡང་ནུབ་པ་མེད་པའི་སྐར་མ་འོད་ཆེན་ཞིག་དང་འདྲ་བར་ཁ་ཡར་གྲག་ལ་ལྷ་སྐྱིད་བཟང་མོ་དང་། ཁ་མར་གྲག་ལ་ལྷ་སྐྱིད་བཟང་མོ་ཟེར། ཡིན་ཡང་ལྷ་སྐྱིད་བསམ་འགྲུབ་ཚང་ལ་མ་སོང་གི་བར་དུ་མོའི་མེ་ཏོག་འདྲ་བའི་ལང་ཚོ་ལ་ལག་དྲི་མ་ཅན་ཞིག་གིས་ཐུག་མ་མྱོང་ཞིང་། ཐ་ན་གཞན་ལ་བརྩེ་དུང་ཙམ་ཡང་གླེང་མྱོང་མེད་ཟེར། འོ། ལྷ་སྐྱིད་ཀྱིས་གཞན་ལ་བརྩེ་དུང་གླེང་མྱོང་མེད་ཟེར་བ་ནི་རྫུན་ཡིན་ཏེ། ཐུབ་བསྟན་ཚང་དང་རུ་འཁོར་གཅིག་པ་ཡིན་པའི་འབྲོང་ཚང་གི་བུ་བློ་བཟང་ལ་ལྷ་སྐྱིད་ཀྱིས་བརྩེ་གཞས་ལེན་མྱོང་ཡོད།
       དབྱར་དུས་ཤིག་ལ་ལྷ་སྐྱིད་ནོར་རྫི་རུ་འགྲོ་སྐབས་བློ་བཟང་དང་འཕྲད་ཅིང་། ཁོང་གཉིས་དུས་ཡུན་གང་འཚམས་རིང་སྤང་ཁུག་གཅིག་ཏུ་མཉམ་པོར་བསྡད། བློ་བཟང་གིས་དང་པོ་ལྷ་སྐྱིད་ལ་རྒྱུན་ལྡན་གྱི་ཁ་བརྡ་བྱས་ཤིང་རིམ་བཞིན་བརྩེ་དུང་གི་སྐོར་ནས་གླེང་ཡང་། ལྷ་སྐྱིད་ཀྱིས་མགོ་བོ་སྒུར་ཏེ་མཛུབ་མོས་སྤང་ཤ་རྐོ་བ་ལས་བརྩེ་དུང་གི་སྐོར་ནས་ལན་ཅི་ཡང་མི་སྟེར། ཕྱི་དྲོ་ཁོང་གཉིས་ཀྱིས་རང་རང་གི་ནོར་ཁྱུ་རྣམས་རི་ནས་ཕབ་པའི་སྐབས་སུ། བློ་བཟང་གིས་ལྷ་སྐྱིད་ལ་གླུ་འདི་ལྟར་བླངས། “རྟ་རྒྱུག་ན་རྒྱུག་ས་འདི་རེད་འོ། །འདི་ཡིན་ཆོད་གུ་ར་རྫ་རེད་འོ།། རོགས་འགྲོས་ན་འགྲོས་ས་འདི་རེད་འོ། །འདི་ཡིན་ཆོད་ཨ་ནེའི་དགོན་རེད་འོ། །”ཞེས་བླངས་པ་དང་།
       ལྷ་སྐྱིད་ཀྱིས། “སེར་ཆེན་མེ་ཏོག་འདབ་མ་དེ། །གཡང་དཀར་ལུག་གི་ཟ་དགོས་ཟེར། །ཟ་དགོས་ན་མགོ་ཟ་གཞུག་ཟ་གྱིས། །དེ་མིན་ན་མེ་རྩི་སྤྲུག་དོན་མེད། །”ཅེས་བློ་བཟང་ལ་གླུ་ལེན་འདེབས་མྱོང་ཡོད།
       འོ། ད་དུང་ལྷ་སྐྱིད་ཀྱི་སྐོར་ནས་གླེང་བརྗོད་གཞན་ཞིག་ཡོད་པ་ནི། བློ་བཟང་གིས་ལྷ་སྐྱིད་ལ་འོ་སྐྱེལ་མྱོང་བ་མ་ཟད་ཅུང་ཙམ་མིན་ན་ཁོ་ལྷ་སྐྱིད་ཀྱི་རུམ་ལ་ཡང་ཉལ་བ་ཡིན་ཟེར། འདི་ནི་བློ་བཟང་གིས་མི་གཞན་ལ་བཤད་པའི་སྐད་ཆ་ཡིན། བློ་བཟང་གིས་ཟེར་ན། ནུབ་གཅིག་ཁོ་ཐུབ་བསྟན་ཚང་གི་སྦྲ་ཡི་མཐའ་འོག་ནས་འཛུལ་ཏེ་ལྷ་སྐྱིད་ཀྱི་གོང་བའི་ཁ་ནས་འཐེན། དང་ཐོག་ལྷ་སྐྱིད་ཀྱིས་ཁྱོད་སུ་ཡིན་ནམ་ཕར་སོང་ཞེས་བཤད་ཀྱང་། ཁོས་བློ་བཟང་ཡིན་ཞེས་སྨྲས་པས་ལྷ་སྐྱིད་གཡུང་ལ་བབས། ཁོང་གཉིས་ཁ་བརྡ་ཅུང་བྱས་པ་དང་དེ་ནས་ཁོས་ལྷ་སྐྱིད་ལ་འོ་ཞིག་བྱས་པ་དང་རུམ་ལ་འཛུལ་བརྩིས་བྱེད་སྐབས། འགྲམ་ལ་ཉལ་ཡོད་པའི་ལྷ་སྐྱིད་ཀྱི་མ་རྒན་ཀརྨ་ཆོས་མཚོ་གཉིད་ལས་སད་དེ་རྐུན་པོ་ཁྱོད་སུ་ཡིན་ཞེས་འུར་བརྒྱབ་པས་ཁོ་བྲོས་སོང་བ་ཡིན་ཟེར།
       འོན་ཀྱང་། སྡེ་བའི་ཕོ་སར་ཚོས་བློ་བཟང་གིས་བཤད་པའི་སྐད་ཆ་ལ་ཡིད་ཆེས་མེད་ཟེར། གསར་བུ་ཚོས་བློ་བཟང་ལ་ཡིད་ཆེས་མེད་ཟེར་བ་ནི་ཕྲག་དོག་ཡིན་སྲིད་ཀྱང་། བློ་བཟང་གི་སྐད་ཆའང་བདེན་པ་ཡིན་ཞེས་སྨྲ་མི་ཐུབ། དཔེར་ན་ཁོ་ལྷ་སྐྱིད་ཀྱི་རུམ་ལ་ཉལ་བརྩིས་བྱས་པའི་སྐོར་ནས་བཤད་སྟངས་མི་འདྲ་བ་གཉིས་ཏེ། གཅིག་ནི་དབྱར་ས་སྟེ་ན་ལུང་ཁ་རུ་འདུག་སྐབས་ཁོ་ལྷ་སྐྱིད་ཀྱི་གམ་དུ་སོང་བ་ཡིན་ཟེར་བ་དང་། གཅིག་ནི་འབའ་ཐང་རིང་མོར་སྟོན་རུ་བབས་པའི་སྐབས་སུ་ཁོ་ལྷ་སྐྱིད་ཀྱི་གམ་དུ་སོང་བ་ཡིན་ཟེར། འདི་ལྟ་བུ་ཐོད་མི་ཐུག་པའི་སྐད་ཆ་ལ་གསར་བུ་ཚོས་ཡིད་ཆེས་མེད་པའང་ཁག་མི་འདུག་སྙམ། གང་ལྟར་བློ་བཟང་གི་སྐད་ཆ་བདེན་མིན་མི་ཤེས་ཀྱང་ལྷ་སྐྱིད་ལ་འབའ་ཐང་སྡེ་བ་ནས་མི་ཁ་ཞིག་ཡོད་པ་ནི་དེ་ཙམ་ཡིན་ཞིང་གཞན་ལབ་རྒྱུ་གླེང་རྒྱུ་ཅི་ཡང་མེད།
གསུམ།
       ལྷ་སྐྱིད་གཏམ་ཤོད་སྡེ་བར་ཐོན་རྗེས་བཟའ་ཟླ་ཚེ་རིང་གིས་བརྩེ་བ་ཟབ་པ་དང་། བསམ་འགྲུབ་ཚང་གིས་ཀྱང་མནའ་མར་བརྩི་མཐོང་ཆེ་བས་ངོ་མ་མི་སྨོན་རང་སྐྱིད་ཡིན་ལ། ལོ་གཅིག་གི་རྗེས་ནས་ཕྲུ་གུ་བུ་ཞིག་ཀྱང་བཙས་པས“ཡར་འགྲོས་སྒང་ལ་ཡས་བརྩེགས”ཞེས་པའི་དཔེ་ལྟར་དུ་གྱུར། ད་ལྟ་བསམ་འགྲུབ་ཚང་གི་སྒྱུག་པོ་སྒྱུག་མོ་གཉིས་ཀྱིས་གཙོས་པའི་ནང་མི་ཚང་མས་ལྷ་སྐྱིད་ཀྱི་སྐོར་ནས་ཡག་རབས་དང་རྒྱན་རབས་ཁོ་ན་གླེང་ཞིང་། གཞན་གཏམ་ཤོད་སྡེ་བ་ནས་ཀྱང་བསམ་འགྲུབ་ཚང་གི་མནའ་མ་ཞེས་ཀུན་གྱིས་ཡིད་སྨོན་བྱ་ཡུལ་དུ་གྱུར་བས། ལྷ་སྐྱིད་ཀྱི་ཕ་ཐུབ་བསྟན་དང་མ་ཆོས་མཚོ་གཉིས་ཀྱང་རང་གི་གཅེས་ཕྲུག་མའི་གནས་ས་ལ་ཡིད་ཚིམས་ཏེ་དགའ་བས་སྨྱོས་འདུག
       ཡིན་ཡང་། “ཨ་གསར་སྤེན་མའི་མེ་ལྕེ་དེ། །འབར་སྐབས་དྲོ་རུང་འབར་ཡུན་ཐུང་། །”ཞེས་པའི་དཔེ་ལྟར། བསམ་འགྲུབ་ཚང་གིས་ལྷ་སྐྱིད་ལ་རིམ་བཞིན་ཨ་གསར་ཡོལ་ཏེ། སྔོན་མ་ངེད་ཚང་གི་མནའ་མ་ལྷ་སྐྱིད་བཟང་མོ་ཞེས་ཁ་ནང་ལ་བཞག་ན་ཁ་མི་སྐྱུར་བ་དང་། མིག་ནང་ལ་བཞག་ན་མིག་མི་ཚ་བ་དེ་མ་ཡིན་པར་ད་ལྟ་བུ་ཚེ་རིང་ཕུད་གཞན་པ་ཚོས་ལྷ་སྐྱིད་ནི་མཐོང་ཆུང་དང་བརྙས་སྨོད་བྱ་ཡུལ་ཞིག་ཏུ་གྱུར། ལྷག་ཏུ་སྒྱུག་མོ་གཡུ་སྒྲོན་དང་བུ་མོ་གཅེན་གཅུང་གཉིས་ཀྱིས་ལྷ་སྐྱིད་ལ་ཤིན་ཏུ་སྡང་དམོད་བྱེད་ཅིང་། ཐ་ན་ཕ་རྒན་བསམ་འགྲུབ་ཀྱང་མནའ་མའི་ཐོག་སྔོན་དང་མི་འདྲ་བ་ཞིག་ལ་གྱུར་འདུག འདི་ནི་མ་རྒན་དང་བུ་མོ་ཚོའི་ཁ་རུ་རྒྱུག་པ་ཡིན་ཡང་སྲིད། གང་ལྟར་ལྷ་སྐྱིད་ནི་བསམ་འགྲུབ་ཚང་གི་གཡོག་མོ་ཞིག་གི་ཚད་ལ་ལྷུང་ཞིང་ནང་སྔ་ལངས་བྱེད་མཁན་ལྷ་སྐྱིད་ཡིན་ལ། དགོང་ཕྱི་ཉལ་བྱེད་མཁན་ཡང་ལྷ་སྐྱིད་ཡིན། ད་དུང་བསམ་འགྲུབ་ཚང་གི་བཟའ་མི་གང་བོའི་ངོ་འཛུམ་དཀར་ནག་ལ་ལྟ་དགོས་པས། ལྷ་སྐྱིད་ཀྱི་ལས་དབང་ནི་ཅི་འདྲའི་འགྱུར་ལྡོག་ཅན་ཞིག་རེད་ཨང་།
       ཀློག་པོ་ལགས་བྲེལ་བ་མ་ལང་བར་བསྒུག་དང་། ངས་འདི་ནས་ལྷ་སྐྱིད་ཀྱི་སྐོར་ནས་གླེང་མཚམས་བཞག་པ་སྟེ། གཏམ་ཤོད་སྡེ་བ་དང་བསམ་འགྲུབ་ཚང་གི་སྐོར་ནས་ཅུང་ཙམ་གླེང་བར་བྱ། གཏམ་ཤོད་སྡེ་བ་ནི་རོང་མ་འབྲོག་གི་ས་ཆ་ཞིག་ཡིན་ལ། སྡེ་བ་འདིའི་སྐོར་ནས་གླེང་ན་ངག་རྒྱུན་ཡ་མཚན་ཅན་ཞིག་དང་འབྲེལ་ནས་གླེང་དགོས། གནའ་སྔ་མོའི་དུས་སུ་སྒྲུང་གཏམ་བཤད་མཁན་གྱི་སྤྲང་པོ་ཞིག་ཡོད་པ་དེ་ཡུལ་ལུང་ཀུན་ཏུ་སྤྲང་འཆམ་ལ་སོང་སོང་མཐར་ད་ལྟ་གཏམ་ཤོད་སྡེ་བའི་ས་ཆ་འདི་ལ་ཐོན། ནུབ་གཅིག་སྤྲང་པོ་དེ་གཉིད་ལོག་པའི་སྐབས་སུ་ཡུལ་འདིའི་གཞི་བདག་གངས་དཀར་གཡུལ་རྒྱལ་ཡིན་ཟེར་བའི་མི་དཀར་རྟ་དཀར་ཅན་ཞིག་ཁོའི་གམ་ལ་ཡོང་སྟེ། ཁྱོད་ཡུལ་ལུང་གཞན་དུ་མ་འགྲོ་བར་ས་ཆ་འདིར་སྡོད་དང་མ་འོང་པར་ཁྱོད་ཀྱི་རྒྱུད་པར་བཙན་ཕྱུག་འཛོམས་པའི་རུ་སྡེ་ཞིག་ཆགས་པ་ཡིན་ཞེས་ལུང་དུ་བསྟན། སྤྲང་པོ་དེས་ལྷ་ཡི་ལུང་བསྟན་ལྟར་ས་ཆ་འདིར་གཞིས་ཆགས་ཏེ་བསྡད་པས་ཕྱིས་ནས་ཁོའི་རྒྱུད་པར་གཏམ་ཤོད་སྡེ་བ་ཆགས་ཡོད་པར་གྲགས། གཏམ་ཤོད་སྡེ་བའི་མིང་ལ་དང་པོ་གཏམ་བཤད་སྡེ་བ་ཟེར་ཡང་། རིམ་བཞིན་སྒྲ་འགྱུར་ཏེ་གཏམ་ཤོད་སྡེ་བ་ཞེས་ཐོགས་སྐད། སྡེ་བ་འདིའི་མིང་ལ་ཐོག་མར་གཏམ་བཤད་སྡེ་བ་ཞེས་ཐོགས་དོན་ནི་སྤྲང་པོ་སྒྲུང་གཏམ་བཤད་མཁན་ཞིག་གི་རྒྱུད་པ་ཡིན་པས་མིང་དེ་ལྟར་ཐོགས་པ་ཡིན་ཟེར། 
       ཕྱིས་ནས་གཏམ་ཤོད་སྡེ་བ་རིམ་བཞིན་བཙན་ཕྱུག་འཛོམས་པའི་རུ་སྡེ་ཞིག་ལ་གྱུར་བ་དང་། ལྷག་ཏུ་གཏམ་ཤོད་དཔོན་རབས་དགུ་པ་འཇིགས་མེད་རྣམ་རྒྱལ་གྱི་སྐབས་སུ་གཏམ་ཤོད་སྡེ་བ་དར་བའི་རྩེ་མོར་སོན་ཏེ་གཡས་གཡོན་གྱི་ཚོ་བ་གཞན་རྣམས་ཀྱང་གཏམ་ཤོད་དཔོན་གྱི་བཀའ་ལ་གཏོགས་པ་ལྟ་བུར་གྱུར། སྐབས་དེར་མཱ་ཇག་དམག་གིས་བོད་ཀྱི་ས་གནས་གང་སར་འཕྲོག་བཅོམ་བྱེད་པའི་དུས་སུ་ཁེལ་ཡོད་པས། ས་ཆ་འདིར་ཡང་ཇག་དམག་ཐེངས་གཉིས་ལ་ཡོང་མྱོང་འདུག འོན་ཀྱང་གཏམ་ཤོད་དཔོན་གྱིས་གཡས་གཡོན་གྱི་ཚོ་བ་གཞན་དང་མཉམ་འབྲེལ་བྱས་ཏེ་ཇག་དམག་སྔ་ཕྱི་གཉིས་ཀ་ཕམ་པར་བཏང་བས། ཕྱིས་ནས་ཇག་དམག་རྣམས་ས་ཆ་འདིར་ཡོང་མྱོང་མེད་ཟེར། གཏམ་ཤོད་དཔོན་རབས་བཅུ་པ་མཐུ་སྟོབས་མགོན་པོའི་དུས་སུ་མི་དམངས་བཅིངས་གྲོལ་དམག་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་ཁོ་དང་བུ་རིན་ཆེན་རྡོ་རྗེ་གཉིས་ཀ་བཅིངས་འགྲོལ་དམག་གིས་བསད་པས་གཏམ་ཤོད་དཔོན་ཚང་གི་མི་རྒྱུད་དང་ཁྱིམ་གཞིས་སྟོངས་ཤིང་། ད་ལྟ་ཤུལ་དུ་ལྷག་ཡོད་པ་ནི་བུ་མོ་གཡང་ཆེན་སྒྲོལ་མ་གཅིག་པའི་ཡིན།
བཞི།
       བསམ་འགྲུབ་ཚང་གི་སྐོར་ནས་གླེང་ན། བསམ་འགྲུབ་ཀྱི་མ་ལ་ཚེ་བརྟན་ལྷ་མོ་ཟེར། ཚེ་བརྟན་ལྷ་མོ་ཆུང་དུས་ཤིན་ཏུ་མཛེས་པར་གྲགས་ཤིང་། ད་ལྟ་ཁོང་ཚང་གི་མནའ་མ་ལྷ་སྐྱིད་དང་འདྲ་བར་དུས་སྐབས་དེར་གཏམ་ཤོད་སྡེ་བ་ནས་ཚེ་བརྟན་ལྷ་མོའི་མཛེས་སྡུག་ལ་སྐད་གྲགས་ཡོད་སྐད་འདུག བསམ་འགྲུབ་ནི་ཚེ་བརྟན་ལྷ་མོ་གནས་ལ་མ་སོང་བའི་གོང་གི་བྱི་ཕྲུག་ཡིན་ཞིང་ཁོའི་ཕ་ཡི་སྐོར་ནས་བཤད་ན་བཤད་སྟངས་མི་འདྲ་བ་གཉིས་ཡོད། བཤད་སྟངས་གཅིག་ནི་བསམ་འགྲུབ་ཀྱི་ཕ་གཏམ་ཤོད་དཔོན་མཐུ་སྟོབས་མགོན་པོ་ཡིན་ཟེར་བ་དང་། བཤད་སྟངས་གཞན་ཞིག་ནི་བསམ་འགྲུབ་ཀྱི་ཕ་གཏམ་ཤོད་དཔོན་མ་ཡིན་པར་རླུང་ནག་མ་ཟེར་བའི་ཁྲམ་པ་ཁྲམ་རྒོད་ཅིག་ཡོད་པ་དེ་རེད་ཟེར། སྤྱི་ཚོགས་རྙིང་པའི་དུས་སུ་བསམ་འགྲུབ་གཏམ་ཤོད་དཔོན་གྱི་རྒྱུད་པ་ཡིན་ཟེར་མཁན་ཤིན་ཏུ་ཉུང་ཡང་། གསར་པའི་སྐབས་སུ་བསམ་འགྲུབ་གཏམ་ཤོད་དཔོན་གྱི་རྒྱུད་པ་ཡིན་ཟེར་མཁན་ཅུང་མང་དུ་སོང་བ་མ་ཟད། ལོ་དགུ་བཅུར་ཉེ་བའི་རྒད་པོ་བསྟན་པ་ཚེ་རིང་གིས་ཀྱང་དེ་ལྟར་བཤད་ཀྱི་འདུག་པས། བསམ་འགྲུབ་གཏམ་ཤོད་དཔོན་གྱི་རྒྱུད་པ་ཡིན་ཡང་སྲིད་སྙམ། འོན་ཀྱང་། གཏམ་ཤོད་དཔོན་གྱི་བུ་མོ་དཔལ་སྒྲོན་གྱིས་བསམ་འགྲུབ་ཁོང་ཚང་གི་རྒྱུད་པ་མ་རེད་ཅེས་མཐའ་གཅིག་དུ་བཤད་ཀྱི་འདུག
       གང་ལྟར་ད་ལྟའི་ཆར་བསམ་འགྲུབ་ཚང་ནི་གཏམ་ཤོད་སྡེ་བའི་དུད་ཚང་ཕྱུག་པོ་ཞིག་ཡིན་པ་དང་། ད་དུང་ཁོང་ཚང་གི་བུ་ཆེ་བ་དོན་འགྲུབ་བཀྲ་ཤིས་ཀྱང་བསམ་གཏན་ཆོས་གླིང་དགོན་གྱི་བླ་མ་འཇིགས་མེད་སྐལ་བཟང་རིན་པོ་ཆེའི་ཡང་སྲིད་ལ་ངོས་འཛིན་བྱས་ཡོད་པས། བསམ་འགྲུབ་ཚང་ནི་མི་རྒྱུ་གཉིས་ཀྱི་ཆ་ནས་གཏམ་ཤོད་སྡེ་བའི་ཕྱུག་ཆེན་ཨང་དང་པོར་གྱུར་ཡོད། དེར་རྟེན་སྡེ་མི་ཚོས་བསམ་འགྲུབ་ཀྱི་ཁ་རྗེ་དབང་ཐང་དང་བསོད་རེ་བསོད་ནམས་སོགས་གང་ནས་བལྟས་ཀྱང་གཏམ་ཤོད་དཔོན་གྱི་རྒྱུད་པ་འཁྲུལ་མེད་ཡིན་ས་རེད་ཅེས་གླེང་གིན་འདུག ལྷ་སྐྱིད་གཏམ་ཤོད་སྡེ་བར་ཐོན་རྗེས་སྡེ་མི་ཚོས་ལྷ་སྐྱིད་ཀྱི་སྐོར་ནས་ཡག་རབས་རྒྱན་རབས་ཁོ་ན་གླེང་བས། བཀྲ་ཤིས་གཉིས་བརྩེགས་ཞེས་པའི་དཔེ་ལྟར་བསམ་འགྲུབ་ཚང་གི་སྙན་གྲགས་ལྷག་ཏུ་རྒྱས་པར་གྱུར།
       ལྷ་སྐྱིད་བསམ་འགྲུབ་ཚང་ལ་ཡོང་རྗེས་མིང་སྲིང་གཉིས་ཡོད་ཅིང་། བུ་ཡི་མིང་ལ་འཇིགས་མེད་བསྟན་འཛིན་དང་བུ་མོའི་མིང་ལ་པདྨ་མཚོ་མོ་ཟེར། ཕྲུ་གུ་གཉིས་ལ་མིང་དེ་ལྟར་གནང་མཁན་ནི་ཁོང་ཚང་གི་སྤྲུལ་སྐུ་འཇིགས་མེད་འཕྲིན་ལས་རིན་པོ་ཆེ་ཡིན། འཇིགས་མེད་འཕྲིན་ལས་ནི་བསམ་འགྲུབ་ཀྱི་བུ་ཆེ་བ་དོན་བཀྲ་འཇིགས་མེད་སྐལ་བཟང་རིན་པོ་ཆེའི་ཡང་སྲིད་ལ་ངོས་འཛིན་བྱས་པའི་རྗེས་ཀྱི་མཚན་རེད། བུ་འཇིགས་མེད་བསྟན་འཛིན་ནི་བསམ་འགྲུབ་ཚང་གི་བཟའ་མི་གང་བོས་ཤིན་ཏུ་གཅེས་ཤིང་། ལྷག་ཏུ་བསམ་འགྲུབ་ཀྱིས་རང་གི་ཚ་བོར་མིག་འབྲས་བཞིན་དུ་གཅེས་པར་བྱེད། བསམ་འགྲུབ་ཀྱིས་རང་གི་ཚ་བོར་འདི་ལྟར་གཅེས་པ་ནི་མེས་ཚའི་འབྲེལ་བ་གཅིག་པོ་མ་ཡིན་པར་རྒྱུ་རྐྱེན་གཞན་དག་ཀྱང་ཡོད་དེ། ལོ་འགའ་ཡི་གོང་ནས་བསམ་འགྲུབ་ཀྱིས་བདེ་ཆེན་ཆོས་འཁོར་དགོན་ལ་བཞུགས་པའི་མཁའ་འགྲོ་མ་བསམ་གཏན་དཔལ་མོར་དམངས་གཙོ་བཅོས་སྒྱུར་གྱི་སྐབས་སུ་ཚེ་ལས་འདས་པའི་རང་གི་ཨ་མ་མཐོ་རིས་མའི་སྐྱེ་གནས་ཞུས། མཁའ་འགྲོ་མས་ཁྱོད་ཀྱི་མ་རྒན་དུད་འགྲོ་ཤྭ་བ་ཞིག་གི་ལུས་བླངས་འདུག་ཅིང་། དགེ་རྩ་འདི་རྣམས་གྲུབ་ན་ད་བཟོད་ཤྭ་བའི་ལུས་ལས་ཚེ་འཕོས་ཏེ་མི་ལུས་ཚད་ལྡན་ཞིག་ཐོབ་ངེས་ཡིན་གསུངས།
       བསམ་འགྲུབ་ཀྱིས་དམངས་སྒོར་ཁྲི་ལྔ་ལྷག་གི་འགྲོ་སོང་བཏང་སྟེ་མཁའ་འགྲོ་མས་གསུངས་བའི་སྐྱེ་རྟགས་རྣམས་བསྒྲུབས་པ་དང་། སྐྱེ་རྟགས་འགྲུབ་ཚར་རྗེས་མཁའ་འགྲོ་མར་ཡང་བསྐྱར་མ་རྒན་གྱི་སྐྱེ་གནས་ལུང་བསྟན་གནང་རོགས་ཞུས། མཁའ་འགྲོ་མས་གསུངས་ན་ཁྱོད་ཀྱི་མ་རྒན་ཤྭ་བའི་ལུས་ལས་ཚེ་འཕོས་ཏེ་མ་འོངས་པར་ཁྱོའི་ཉེ་འཁོར་དུ་བུ་ཞིག་གི་སྐྱེ་བ་ལེན་པར་འགྱུར་གསུངས། ད་དུང་ལྷ་སྐྱིད་ལ་འཇིགས་མེད་བསྟན་འཛིན་མ་སྐྱེས་གོང་གི་དགོང་མོ་དེར། སྤྲུལ་སྐུ་འཇིགས་མེད་འཕྲིན་ལས་རིན་པོ་ཆེའི་རྨི་ལམ་དུ་ཡང་གོས་དཀར་པོ་གྱོན་པའི་བུད་མེད་ཅིག་ཁོང་གི་མདུན་ལ་ཡོང་སྟེ་ང་ཁྱེད་ཚང་གི་རྨོ་བོ་ཡིན་ཞིང་། ད་ནི་ང་གཞན་ལ་མི་འགྲོ་བར་ཁྱེད་ཚང་ལ་འདུག་རྒྱུ་ཡིན་ཞེས་ཟེར་སྐད། དེར་བརྟེན་བསམ་འགྲུབ་ཀྱིས་རང་གི་ཚ་བོ་ནི་རང་ཉིད་ཀྱི་མ་རྒན་མཐོ་རིས་མའི་སྐྱེ་བ་ཡིན་པར་སྙམ་ཡོད།
ལྔ།
       ལྷ་སྐྱིད་གཏམ་ཤོད་སྡེ་བར་ཐོན་རྗེས་དང་ཐོག་བསམ་འགྲུབ་ཚང་གིས་ཤིན་ཏུ་གཅེས་ཀྱང་རིམ་བཞིན་འགྱུར་བ་ཕྱིན་ཏེ་མ་དང་བུ་མོ་ཚོས་མི་འདོད་པའི་རྣམ་འགྱུར་བསྟན་ཞིང་སྡང་པོ་བྱེད་འགོ་ཚུགས། དགུན་དུས་ཀྱི་ཉིན་ཞིག་ལ་ལྷ་སྐྱིད་ཀྱིས་སྒྱུག་མོ་གཡུ་སྒྲོན་ལ་ཡུན་རྩག་གི་གོས་ཤིག་ཡོད་པ་ཁྱེར་ཏེ་ཆུ་ཁར་བཀྲུ་རུ་སོང་། ཉིན་མོ་དེར་གནམ་གཤིས་མི་ཡག་པས་ལྷ་སྐྱིད་གོས་བཀྲུ་བར་འགྲོ་འདོད་མེད་ཀྱང་། གཡུ་སྒྲོན་གྱིས་མོ་ལ་གོས་བཀྲུ་མཁན་ཙམ་ཡང་མེད་ཅེས་ཟ་ཟུར་ནས་གོ་རྒྱུ་བཏང་བས་ལྷ་སྐྱིད་གོས་བཀྲུ་རུ་མི་འགྲོ་ཐབས་མེད་དུ་གྱུར། དེ་དུས་ལྷ་སྐྱིད་ལ་བུ་མོ་པད་མཚོ་མངལ་འཁོར་ཏེ་ཟླ་བ་བདུན་ཟིན་ཡོད་པས་གྲོད་ཁོག་ཀྱང་ཅུང་འབུར་དུ་ཐོན་འདུག གྲང་ངར་ཆེ་བས་ལྷ་སྐྱིད་ཀྱིས་གོས་བཀྲུ་སྐབས་ལག་པ་དམར་པོར་གྱུར་ཏེ་རུས་པ་ལའང་ཟུག་གཟེར་ལྡང་འོང་།
       ལྷ་སྐྱིད་ཀྱི་སེམས་ལ་ཕ་མ་གཉིས་དང་ནང་མི། གཞན་ཕ་ཡུལ་དང་གཉེན་ཉེ་སོགས་དྲན་པར་གྱུར་བས་སེམས་ཤིན་ཏུ་སྐྱོ་སྟེ་མིག་ཆུ་རྡོག་པོ་རེ་རེ་བཞིན་མཁུར་མགོ་ནས་ལྷུང་ཞིང་ཆུ་ནང་དུ་ཟགས། གསོན་ཤུགས་ཅི་ཡང་མེད་པའི་མཆི་མ་རྡོག་པོ་དེ་རྣམས་གཏམ་ཆུ་སྔོན་མོའི་ནང་དུ་ལྷུང་བས་འཁྲེང་སེམས་ཤིག་དང་ལྷན་དུ་རང་དབང་མེད་པར་རྒྱང་རིང་གི་ཕྱོགས་སུ་བཞུར། འདི་ནི་ལྷ་སྐྱིད་མོ་རང་གི་ལས་དབང་དང་ཅི་འདྲའི་འདྲ་བ་ལ། མོའི་སེམས་ལ་རང་ཉིད་ཕ་མའི་དྲུང་དུ་ཡོད་ན་གནམ་གཤིས་གྲང་བའི་ཉིན་མོ་འདིར་གོས་བཀྲུ་བར་འགྲོ་མི་དགོས་པར་ཚ་སོབ་སོབ་ངང་ནང་ལ་བསྡད་ཡོད་ཨང་སྙམ།
       ད་དུང་རང་ཉིད་ཕ་མའི་དྲུང་དུ་ཡོད་སྐབས་ཟས་ཞིམ་པོ་ཡོད་ན་ལྷ་སྐྱིད་བཟང་མོ་ཟེར་བ་དང་། གོས་དྲོན་པོ་ཡོད་ན་ལྷ་སྐྱིད་བཟང་མོ་ཟེར་བ་སོགས་ཀྱང་དྲན། དེ་ལྟར་དྲན་གྱིན་དྲན་གྱིན་ཕ་མ་གཉིས་ཀྱི་ཞལ་རས་དང་སྐུ་ལུས་སོགས་མངོན་སུམ་བཞིན་ལྷ་སྐྱིད་ཀྱི་མིག་ལམ་དུ་འཁོར། མོའི་སྣང་ངོར་ད་ལྟ་ཕ་མ་གཉིས་ཀྱི་དཔྲལ་བའི་ཐོག་དུ་ལོ་ཟླའི་རྗེས་ཤུལ་གྱི་གཉེར་རིས་ཇེ་མང་ལ་སོང་ཡོད་ཅིང་། སྐྲ་དཀར་ཡང་ཇེ་མང་ལ་སོང་ཡོད་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེ་འོང་། ཨ་ཙི། ཕ་མ་གཉིས་འཇིག་རྟེན་འདིར་ཇི་ཙམ་བཞུགས་སམ། རང་ཉིད་ཕ་མ་གཉིས་དང་ནམ་ཙམ་ཁ་བྲལ་འགྲོ་ཨང་སྙམ་ཞིང་། ལྷ་སྐྱིད་ཀྱི་སེམས་ལ་སྐྱོ་སྣང་དང་ལྷན་དུ་འཇིགས་སྣང་ཡང་སྐྱེ་བཞིན་འདུག དེར་བརྟེན་མོའི་མཐོང་ལམ་མཆི་མས་བསྒྲིབས་ཏེ་མིག་མདུན་གྱི་དངོས་པོ་རྣམས་རབ་རིབ་དང་ནག་ཐིག་ཙམ་ལས་གཞན་ཅི་ཡང་མི་མཐོང་བར་གྱུར།
       ལྷ་སྐྱིད་ཁྱོའི་དེ་རིང་ཡང་གོས་བཀྲུ་བཞིན་ཡོད་དམ། ད་ལོའི་འདྲེ་གནམ་འདི་ཅི་འདྲའི་གྲང་བ་ལ། ཨ་ཙི་ཁྱོད་ངུ་བཞིན་འདུག དོན་དག་ཅི་ཞིག་བྱུང་སོང་། ཅི་ཡང་མ་བྱུང་ན་ངུ་དགོས་དོན་ཅི་ཡིན། ཡང་གཡུ་སྒྲོན་གྱིས་བཤད་བཤད་བཏང་བ་མིན་ནམ་ཟེར།
       ལྷ་སྐྱིད་ལ་སྐད་ཆ་བཤད་མཁན་ནི་བསོད་སྐྱབས་ཚང་གི་བུ་མོ་སྒྲོལ་མ་ཡིན། སྒྲོལ་མ་ཆུང་དུས་ནས་སློབ་གྲྭ་འགྲིམས་ཏེ་ལོ་གཉིས་ཀྱི་གོང་ནས་སློབ་ཆེན་མཐར་ཕྱིན་ཡང་ད་དུང་གཞུང་ཞབས་པར་རྒྱུགས་འཕྲོད་མེད། བསམ་འགྲུབ་ཚང་དང་བསོད་སྐྱབས་ཚང་གཉིས་ཁྱིམ་མཚེས་ཡིན་པས། ད་ལྟ་ལྷ་སྐྱིད་དང་སྒྲོལ་མ་གཉིས་ཤིན་ཏུ་བཟང་བའི་གྲོགས་མོར་གྱུར་ཡོད། འོན་ཀྱང་། ལྷ་སྐྱིད་ཕུད་པའི་བསམ་འགྲུབ་ཚང་གི་ནང་མའི་གཞན་པ་ཚོས་སྒྲོལ་མ་མཐོང་འདོད་ཀྱི་མེད་ལ། ལྷག་ཏུ་མ་རྒན་གཡུ་སྒྲོན་དང་བུ་མོ་གཡང་དཀར་གཉིས་ཀྱིས་སྒྲོལ་མ་ནི་མིག་ནང་གི་གྲ་མ་ཞིག་ལ་བརྩི་བར་བྱེད།
       བསམ་འགྲུབ་ཚང་གི་མ་དང་བུ་མོ་གཉིས་ཀྱིས་སྒྲོལ་མ་མཐོང་མི་འདོད་པ་ནི། ན་ནིང་རྒྱ་གར་ནས་སྤྲུལ་སྐུ་འཇིགས་མེད་འཕྲིན་ལས་རིན་པོ་ཆེ་གཏམ་ཤོད་སྡེ་བའི་ཆོས་འཁོར་དར་རྒྱས་གླིང་ལ་གཞིས་སྐོར་དུ་ཕེབས་སྐབས་བསམ་འགྲུབ་ཚང་ལ་ཡང་ཟླ་བ་གཅིག་ཙམ་བཞུགས། དུས་སྐབས་དེར་གཏམ་ཤོད་རུ་ཆེན་བཞི་ཡི་ནང་ནས་མི་མང་པོ་ཞིག་སྤྲུལ་སྐུ་མཇལ་ཁར་ཡོང་བ་དང་། ལྷག་ཏུ་ན་ཐང་སྡེ་བའི་མི་ཚང་མ་མཇལ་ཁར་ཡོང་ཡོད་ཀྱང་སྒྲོལ་མ་གཅིག་པོ་ཐོན་མ་སོང་ཟེར། འདི་ནི་བསམ་འགྲུབ་ཚང་གི་བུ་མོ་གཡང་དཀར་གྱིས་བཤད་པའི་སྐད་ཆ་ཡིན། འོན་ཀྱང་སྒྲོལ་མས་ཟེར་ན་དེ་དུས་ཁོང་ཚང་གི་བཟའ་ཚང་གང་བོ་སྤྲུལ་སྐུ་མཇལ་ཁར་སོང་བ་ཡིན་ཟེར།
       ཁོང་གཉིས་སུས་བཤད་པའི་སྐད་ཆ་བདེན་པ་ཡིན་མི་ཤེས་ཀྱང་། སྡེ་མི་ཚོས་སྒྲོལ་མས་རྒྱུན་དུ་བླ་སྤྲུལ་རྣམ་ལ་དད་པ་མེད་པས་གཡང་དཀར་གྱིས་བཤད་པའི་སྐད་ཆ་བདེན་ཤས་ཟེར། གནད་དོན་གཞན་ཞིག་ནི་ལོ་སྔོན་མར་སྒྲོལ་མ་གཡང་དཀར་གཉིས་དོན་དག་ཅིག་གི་རྐྱེན་གྱིས་ཁ་རྩོད་ཕྲན་བུ་ཤོར་ཡོད་ཅིང་། དེ་དུས་སྒྲོལ་མ་ལ་མོ་རང་གི་ཞང་པོ་སྟོབས་རྒྱལ་གྱིས་གཡང་དཀར་ནི་གཏམ་ཤོད་དཔོན་གྱི་རྒྱུད་པ་ཡིན་ལ། སྤྲུལ་སྐུ་འཇིགས་མེད་རིན་པོ་ཆེ་ཡི་ལྕམ་སྲིང་མ་ཡང་ཡིན་པས་ཁྱོས་ཁ་རྩོད་བརྒྱབ་པ་ནོར་འདུག་ཅེས་ཁ་ལྟ་བྱས། འོན་ཀྱང་སྒྲོལ་མས་དཔོན་རྒྱུད་དང་བླ་རྒྱུད་རེད་ཅེས་མགོ་སྒུ་སྒུ་དང་སྒྱིད་པ་ཞ་ཞ་བྱེད་པའི་བྲན་གཡོག་གི་གཤིས་ཀ་ང་ལ་མེད་ཅེས་ཞང་པོ་ལ་ཡང་ཁ་ལན་སློག་སོང་ཟེར། འདི་ནི་སྒྲོལ་མའི་ཞང་པོའི་བཟའ་ཟླ་བདེ་ཆེན་གྱིས་མི་གཞན་ལ་བཤད་པའི་སྐད་ཆ་རེད། རྒྱུ་རྐྱེན་དེ་དག་གིས་བསམ་འགྲུབ་ཚང་གི་མ་དང་བུ་མོ་གཉིས་ཀྱིས་སྒྲོལ་མ་མཐོང་འདོད་ཀྱི་མེད།
དྲུག
       ལྷ་སྐྱིད་ཁྱོའི་ཁོག་ལ་ཡོད་པའི་ཕྲུ་གུ་ཟླ་བ་དུ་ཙམ་རེད་འདུག ཟླ་བ་བདུན་རེད་འདུག ཟླ་བ་བདུན་ཨེ། ཁྱོའི་རང་ལུས་ལ་བདག་སྐྱོང་ཡག་པོ་དགོས་པ་ལས་འདི་ལྟར་ལས་ཀ་བྱས་ན་ཕྲུ་གུ་ལ་གནོད་པ་མ་ཟད་གཟུགས་པོ་ལའང་ཤིན་ཏུ་གནོད་ངེས་ཡིན། བུད་མེད་སྦྲུམ་མ་ཞིག་ལ་མཚོན་ན་བདེ་ཐང་ལ་གནོན་པའི་ཟས་རིགས་དང་ལས་དཀའ་ལྕི་བའི་རིགས་ལ་ཧ་ཅང་འཛེམ་དགོས། ང་ལ་རང་ཉིད་གང་འདོད་བྱེད་ཆོག་པའི་རང་དབང་ཞིག་གང་ན་ཡོད། དེ་རིང་གནམ་གཤིས་གྲང་བས་གོས་བཀྲུ་བར་མི་ཡོང་བསམས་ཀྱང་གཡུ་སྒྲོན་གྱིས་རྐང་བཙུགས་ཏེ་མོ་ལ་གོས་བཀྲུ་མཁན་ཙམ་ཡང་མེད་ཅེས་བཤད་བཤད་བཏང་བས་མི་ཡོང་ཐབས་མེད་དུ་གྱུར། ངས་སྐྱེ་བ་སྔོན་མ་ལས་ངན་ཅི་ཞིག་བསགས་པ་ཡིན་ནམ་ཞེས་ལྷ་སྐྱིད་ཀྱི་མིག་ལས་སླར་ཡང་མཆི་མ་ལྷུག་ལྷུག་ཏུ་བཞུར་སོང་།
       གཡང་དཀར་ཁྱིམ་དུ་ཡོད་པ་མིན་ནམ། ཡིན་གཅིག་དེ་རིང་གོས་བཀྲུ་དགོས་ན་གཡང་དཀར་གྱིས་བཀྲུས་ན་མི་ཆོག་གམ། མ་མཐའ་ཡང་ཁྱོའི་ཁོག་ལ་ཡོད་པའི་ཕྲུ་གུ་འདི་ཁོང་ཚང་གི་རྒྱུད་པ་མིན་ནམ་ཟེར། ང་ལ་དེ་ལྟར་བསམ་ཤེས་བྱེད་མཁན་ཞིག་གང་ན་ཡོད། དེ་རིང་གོས་བཀྲུ་རུ་མ་སོང་ན་གཡུ་སྒྲོན་གྱིས་རྗེས་མ་ཚིག་སྣེ་རུ་ལེན་ཏེ་གཏམ་འདོད་བྱེད་ངེས་ཡིན་ལ། ད་དུང་གཡང་དཀར་དང་ལྷ་དཀར་གཉིས་ཀྱིས་ཀྱང་མི་འདོད་པའི་རྣམ་འགྱུར་སྟོན་ངེས་ཡིན་པས་གནམ་གཤིས་ཇི་ལྟར་གྲང་ཡང་གོས་བཀྲུ་བར་མི་ཡོང་ཐབས་མེད་རེད། ཅེས་ངུ་ངག་དང་ལྷན་དུ་ལྷ་སྐྱིད་ཀྱིས་སྒྲོལ་མར་ལན་དེ་ལྟར་བཏབ།
       ང་ཚོ་བུད་མེད་ཟེར་བ་འདི་ངོ་མ་ལས་ངན་ཞིག་ཅི་ལ་མིན། དང་པོ་རང་མོས་རང་འཐད་ཀྱི་གཉེན་སྒྲིག་བྱེད་དབང་མེད། གཉིས་པ་དུད་ཚང་ཞིག་ལ་མནའ་མར་སོང་ན་གཡོག་མོ་ཞིག་གི་ཚད་ལ་འདུག་དགོས། ད་དུང་ཝ་སྐྱེས་ཝ་ཡི་རིགས་སྡང་བའི་དཔེ་ལྟར་མ་རྒན་དང་བུ་མོ་ཚོས་རང་ཉིད་ཀྱིས་བརྒྱུད་མྱོང་བའི་དཀའ་སྡུག་དང་མ་འོངས་པའི་གནས་སྟངས་སོགས་ལ་བསམ་བློ་མི་གཏོང་བར་མནའ་མར་བྱས་པ་མེད་ཀྱང་དགྲ་མི་ཤ་བོ་ནང་བཞིན་སྡང་པོ་བྱེད་ཟེར།
       སྒྲོལ་མའི་སྐད་ཆ་ནི་ལྷ་སྐྱིད་ལ་བསམ་བཞིན་དུ་སྡུག་བསྔལ་ཁ་སྣོན་བཏང་བ་དང་འདྲ་བས་མིག་ཆུ་གཏོང་བ་ཙམ་ལས་ལྷ་སྐྱིད་ཀྱི་ངག་སྒོ་ཡང་མི་ཁྲོལ་བར་གྱུར་འདུག ཚེ་རིང་གང་དུ་སོང་བ་རེད། སེམས་མ་སྐྱོ་དང་ནམ་ཞིག་ཁྱོད་ལ་ཡང་རང་དབང་ཐོབ་པའི་དུས་ཤིག་ཡོད་ཅེས། ཆུ་ལེན་སའི་ལྕགས་ཟེའུ་གཉིས་དང་ལྡེམ་ཤིང་སོགས་འགྲམ་ལ་བཞག་སྟེ་ལྷ་སྐྱིད་ལ་གོས་བཀྲུ་རོགས་བྱས། སྒྲོལ་མའི་རྣམ་འགྱུར་ལ་བལྟས་ན་མོའི་གོང་གི་སྐད་ཆ་དེས་ལྷ་སྐྱིད་ལ་ཕོག་ཐུག་བཏང་བ་ཤེས་ཡོད་པ་འདྲ། ཚེ་རིང་ཨེ། ལྷ་སར་སོང་སྟེ་ཕལ་ཆེར་ཟླ་ཕྱེད་ཙམ་འགོར་སོང་། མར་ག་དུས་ཡོང་རྩིས་ཡོད་ཟེར་གྱི་འདུག ནམ་ཡོང་ད་དུང་མི་ཤེས། འོ་དེ་ནས་ཞེས་ལྷ་སྐྱིད་དང་སྒྲོལ་མ་གཉིས་ཁ་བརྡ་གང་མཚམས་བྱས་རྗེས་སྒྲོལ་མས་ཆུ་འཁུར་ཏེ་སྔོན་ལ་སོང་བ་དང་། དུས་ཡུན་ཅུང་འགོར་བའི་རྗེས་སུ་ལྷ་སྐྱིད་ནང་དུ་ལོག
       ལྷ་སྐྱིད་ནང་ལ་ཐོན་སྐབས་གཡུ་སྒྲོན་དང་གཡང་དཀར་གཉིས་ཀྱིས་དགོང་ཇ་འཐུང་བཞིན་ཡོད་ཅིང་། ཁོང་གཉིས་ཟུར་དུ་ཁ་བརྡ་བྱེད་པ་ལས་ལྷ་སྐྱིད་ལ་ཁ་ཡ་མི་བྱེད། དེར་བརྟེན་ལྷ་སྐྱིད་ཀྱི་སེམས་ལ་མོ་རང་སྒྲོལ་མ་དང་མཉམ་དུ་ཡོད་པ་མཐོང་སོང་བ་མིན་ནམ་སྙམ་སྟེ་དབང་མེད་དུ་འཇིགས་སྣང་སྐྱེས། མ་དང་བུ་མོ་གཉིས་ཀྱིས་གྲང་ཤུར་ཤུར་གྱི་རྣམ་འགྱུར་མཐོང་བས་ལྷ་སྐྱིད་ནང་དུ་འདུག་ཐབས་མ་བྱུང་བར་བུ་བསྟན་འཛིན་པང་ལ་བཟུང་སྟེ་སྒོ་རའི་ནང་དུ་བུད།
       སྒོ་རའི་ནང་ནས་མོས་རང་གི་ཕ་ཡུལ་གྱི་ཕྱོགས་སུ་ཐེངས་གཅིག་བལྟས། གནམ་མཐའ་རུ་སྤྲིན་པ་ཁམ་ནག་མང་པོ་ལྷོག་ལྷོག་ཏུ་འཁྲིགས་ཡོད་པ་མཐོང་བས་ཕ་ཡུལ་ལ་ཁ་བ་འབབ་བཞིན་འདུག་ཨང་སྙམ། མོས་དེ་ལྟར་སྙམ་གྱིན་སླར་ཡང་ཕ་མ་གཉིས་མིག་ལམ་ལ་འཁོར་འོང་། དཔྲལ་བའི་ཐོག་གི་ལོ་ཟླའི་རྗེས་ཤུལ་གྱི་གཉེར་རིས་ཟབ་མོ། སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་པའི་སྐྲ་ལོ། འོད་མདངས་སྙོམ་པོར་གྱུར་པའི་མིག་ཟུང་སོགས། ལྷ་སྐྱིད་ཀྱི་མིག་ལས་ཡང་བསྐྱར་མཆི་མ་རྡོག་པོ་རེ་རེ་བཞིན་ལྷུང་འགོ་ཚུགས། དེ་ནས་མོས་བཟའ་ཟླ་ཚེ་རིང་དྲན། ཁ་རྩང་ཟླ་བ་སྔོན་མའི་ནང་ཚེ་རིང་དང་བསམ་འགྲུབ་གཉིས་ལྷ་སར་ཚོང་གི་ཆེད་དུ་སོང་ཞིང་། འགྲོ་ཁའི་དགོང་མོ་དེར་ཚེ་རིང་གིས་མོ་ལ་ལོ་ཤས་རིང་ཁྱོད་ཀྱིས་ཨ་མ་དང་གཡང་དཀར་ལ་བཟོད་སྒོམ་བྱེད་རོགས། ལོ་གཅིག་གཉིས་སོང་ན་གཡང་དཀར་གནས་ལ་འགྲོ་ངེས་ཡིན་ཞིང་ཨ་མས་ཀྱང་ཁྱོད་ལ་རྟག་ཏུ་སྡང་པོ་བྱེད་མི་སྲིད་པས། དེ་དུས་ཁྱོད་ལ་བདེ་སྐྱིད་ཐོབ་རྒྱུ་ཡོད་ཅེས་རྒྱུན་དུ་བཤད་བཞིན་པའི་སྐད་ཆ་དེ་ཐེངས་གཅིག་བཤད་སོང་། ལྷ་སྐྱིད་ཀྱི་སེམས་ལ་ལྷ་དཀར་ཡང་གནས་ལ་སོང་ཚར་བ་མིན་ནམ་སྙམ། འོན་ཀྱང་མོས་ཚེ་རིང་ལ་དེའི་སྐོར་ནས་ལན་ཅི་ཡང་བཏབ་མེད།
       བསམ་འགྲུབ་ཚང་ལ་མིང་སྲིང་ལྔ་ཡོད་དེ་ཆེ་བ་བུ་མོ་ལྷ་དཀར། དེའི་འོག་མ་སྤྲུལ་སྐུ་འཇིགས་མེད་འཕྲིན་ལས། འཇིགས་མེད་འཕྲིན་ལས་ཀྱི་འོག་མ་ཚེ་རིང་། ཚེ་རིང་གི་འོག་མ་གཡང་དཀར། གཡང་དཀར་གྱི་འོག་མ་བུ་ཞིག་ཡོད་པ་ཆུང་དུས་ནས་ཚེ་མ་ཟིན་པས་ད་ལྟ་མིང་སྲིང་བཞི་ལས་མེད། ལོ་འགའ་ཡི་གོང་ནས་ལྷ་དཀར་བྲག་ནག་སྡེ་བའི་རྡོ་རྗེ་ཚང་ལ་མནའ་མར་སོང་ཡང་དུས་ཡུན་རིང་པོ་མ་བསྡད་པར་རྡོ་རྗེ་ཚང་གི་བུ་ཆེ་བ་ལྷུན་འགྲུབ་ཁྲིད་དེ་ཚུར་ན་ཐང་སྡེ་བར་ལོག་ཅིང་ད་ལྟ་བསམ་འགྲུབ་ཚང་གི་འཁྲིས་སུ་བསྡད་ཡོད།
       ལྷ་སྐྱིད་སྒོ་རའི་ནང་ལ་བསྡད་དེ་དུས་ཡུན་ཅུང་འགོར་རྗེས་གཡང་དཀར་ཡང་སྒོ་ལ་ཐོན་སོང་། མོས་ཁྱད་མཚར་བའི་མིག་མདངས་ཤིག་གིས་ལྷ་སྐྱིད་ལ་ཐེངས་གཅིག་བལྟས། མིག་མདངས་དེ་ནི་ཁྲོ་མདངས་མིན་ལ་ཤ་ཚ་བའི་མདངས་ཀྱང་མ་ཡིན་པར་ལྷ་སྐྱིད་མཐོང་མི་འདོད་པའི་མིག་མདངས་ཁོ་ན་ཡིན་པས་ཅི་འདྲའི་ས་འཁྱགས་རྡོ་འཁྱགས་ཀྱི་མིག་མདངས་ཤིག་རེད་ཨང་། མོས་ལྷ་སྐྱིད་ལ་དེ་ལྟར་ཐེངས་གཅིག་བལྟས་རྗེས་སྒྲ་མི་གསལ་བའི་སྣ་གླུ་ཞིག་ལེན་བཞིན་སྒོ་རུ་བུད། ཕལ་ཆེར་ལྷ་དཀར་གྱི་ས་རུ་འགྲོ་བཞིན་པ་འདྲ། བུ་ཆུང་བསྟན་འཛིན་གྱི་ལག་པ་ཆུང་ཆུང་དེས་ལྷ་སྐྱིད་ཀྱི་གདོང་ལ་བྱིལ་བྱིལ་བྱེད་ཀྱིན་གདའ། མིག་མདངས་ལ་བལྟས་ན་ཨ་མར་ཤིན་ཏུ་གཅེས་པའི་ཉམས་ཤིག་མངོན་འོང་ཡང་། ངག་ནས་ཚིག་གཅིག་ཀྱང་སྨྲ་བར་མི་བྱེད།
       ལྷ་སྐྱིད་ཀྱིས་མིག་ཆུ་འཐོར་ཞོར་རང་གི་སྙིང་ལྟར་བརྩེ་བའི་བུ་ཆུང་ལ་འོ་ཞིག་བྱས་པ་དང་། མགོ་བོ་དགྱེ་སྟེ་བལྟ་སྐབས་ལུང་པའི་ཕུ་རུ་ཡོད་པའི་གཞི་བདག་གངས་དཀར་གཡུལ་རྒྱལ་གྱི་རྩེ་མོ་གངས་ཚུབ་ཀྱིས་བསྒྲིབས་ནས་ཡོད་ཅིང་། གཏམ་ཆུ་ཕར་ཀའི་བྲག་ནག་རི་འདབས་ཀྱི་ལམ་ཕྲན་རྒྱུད་ནས་ཐལ་རླུང་ཞིག་སྐྱ་ཕྱུར་ཕྱུར་ངང་འཚུབ་བཞིན་འདུག གཞན་ལྷག་རླུང་གིས་གཙེས་པའི་བྱེའུ་མཆིལ་བ་འགས་སྒྲོ་སྤུ་ཟིང་ཟིང་ངང་ར་བའི་ནང་ནས་སྒུ་འབུ་འཚོལ་བཞིན་གདའ།
       མུན་པ་ག་ལེར་རུབ་སོང་།
       ཕྱི་རོལ་གྱི་དངོས་པོ་རྣམས་ཀྱང་རིམ་བཞིན་མཐོང་བྱེད་ཀྱི་ལམ་ནས་བོར་སོང་།
       ནུབ་མོ་དེར་ལྷ་སྐྱིད་ལ་ཁ་ཡ་བྱེད་མཁན་སུ་ཡང་མ་བྱུང་།
བདུན།
       དུས་བཞི་རིས་ཀྱི་འཁོར་ཞིང་། ལོ་ཟླ་རིམ་གྱིས་འདས་པས་ལྷ་སྐྱིད་གཏམ་ཤོད་སྡེ་བར་ཡོང་སྟེ་ལོ་ངོ་དྲུག་གི་དུས་ཡུན་འགོར། ད་ནངས་ལྷ་སྐྱིད་མལ་ལས་ལངས་སྐབས་གཞི་བདག་གངས་དཀར་གཡུལ་རྒྱལ་གྱི་རྩེ་མོར་སྨུག་སྤྲིན་ཟབ་མོ་ཞིག་འཁྲིགས་ནས་འདུག མོས་མེ་ཁ་གསོས་ཤིང་ནངས་ཇ་བསྐོལ་བ་དང་ལག་པ་བཀྲུས་ཏེ་ལྷ་ཁང་གི་ནང་དུ་མཆོད་པ་གཙང་མར་བཤམས། བསམ་འགྲུབ་ཕ་མ་གཉིས་ཀྱི་ཕོར་པའི་ནང་དུ་རྩམ་པ་དང་མར་ཕྱུར་ཕྲན་ཙམ་རེ་བླུགས། ཇ་ཁོལ་བ་དང་ཕུད་ཀོང་གི་ནང་དུ་ཇ་ཕུད་ཉུང་ཙམ་བཤམས། རྫེའུ་ནང་ལ་ཇ་ཚགས་ཏེ་སྒྱུག་པོ་སྒྱུག་མོ་གཉིས་ཀྱི་མལ་ཁང་ནང་དུ་ནངས་ཇ་བསྐྱལ་བ་དང་། གཡག་དཀར་ཡང་མལ་ལས་ལངས་སོང་། ནངས་ཇ་འཐུངས་བཞིན་པའི་སྐབས་སུ་ཕྱི་རོལ་དུ་ཆར་པ་ཤག་ཤག་ཏུ་བབས་ཤིང་སྒེའུ་ཁུང་གི་ནང་ནས་བཞའ་བརླན་གྱི་དྲི་ངད་འཐུལ་ཡོང་། དེ་རིང་ཆར་པ་བབས་སོང་ཨང་། ལྷ་སྐྱིད་ཀྱིས་དེ་ལྟར་སྨྲས། བབས་སོང་ཨང་། གཡང་དཀར་གྱིས་ལན་དེ་ལྟར་བཏབ།
       ཁ་རྩང་དགོང་མོ་ལྷ་སྐྱིད་ཆུ་ལེན་དུ་འགྲོ་སྐབས་ཆུ་ཁ་ནས་ཁུག་རྟ་མང་པོ་ཞིག་འཕུར་བཞིན་འདུག་པས་མོའི་སེམས་ལ་སང་ཉིན་ཆར་པ་འབབ་ཀྱང་སྲིད་སྙམ། འབྲོག་པ་ཚོར་མཚོན་ན་ཁུག་རྟ་མང་དུ་འཕུར་བ་ནི་ཆར་པ་འབབ་པའི་རྟགས་ཁྱད་པར་བ་ཞིག་ཡིན་ལ། ངག་རྒྱུན་དུའང་ཁུག་རྟ་འཕུར་བཞིན་འདུག་པས་ཆར་པ་འབབ་ངེས་རེད་ཅེས་གླེང་སྲོལ་ཡོད། ནངས་ཇ་འཐུངས་ཚར་རྗེས་ལྷ་སྐྱིད་ཀྱིས་ཕྲུ་གུ་གཉིས་མལ་ལས་བསླངས་ཤིང་གྱོན་པ་གཡོགས་ཏེ་ལྟོ་སྟེར་བ་དང་། དུས་ཡུན་ཅུང་འགོར་རྗེས་ཆར་པ་འབབ་ཤུགས་ཆུང་རུ་སོང་བས། ལྷ་སྐྱིད་ཀྱིས་མདོག་སྔོ་ནག་ཅན་གྱི་འགྱིག་དམ་ཞིག་ཁུར་ཏེ་ཆུ་ལེན་དུ་སོང་། ཆུ་བླངས་ཏེ་ཚུར་ཡོང་སྐབས་ལམ་ནས་ཁྱིམ་མཚེས་ཚང་གི་བུ་མོ་སྒྲོལ་མ་དང་འཕྲད། སྒྲོལ་མ་ནི་ལྷ་སྐྱིད་ཀྱི་ཆེས་བཟང་བའི་གྲོགས་མོ་ཡིན་ཡང་བསམ་འགྲུབ་ཚང་གི་བཟའ་མི་གང་བོས་སྒྲོལ་མ་མཐོང་འདོད་ཀྱི་མེད་པས་ནམ་རྒྱུན་ལྷ་སྐྱིད་སྒྲོལ་མ་དང་གཡོལ་ནས་འགྲོ་བཞིན་ཡོད། འོན་ཀྱང་ཉིན་མོ་དེར་གཡོལ་ཐབས་མ་བྱུང་བས་ལྷ་སྐྱིད་ཀྱི་སེམས་ལ་མོ་རང་སྒྲོལ་མའི་མཉམ་དུ་ཡོད་པ། གཡུ་སྒྲོན་དང་གཡང་དཀར་གཉིས་གང་རུང་ཞིག་གིས་མཐོང་མི་ཡོང་ངམ་སྙམ་བཞིན་སྐྲག་ཞོར་འཇིགས་ཞོར་ངང་ཆུ་ཁུར་ཏེ་ནང་ལ་ལོག
       ལྷ་སྐྱིད་ཁྱོད་སྒྲོལ་མ་དང་མཉམ་དུ་འགྲོ་དོན་ཅི་ཡིན་ནམ། གཏམ་ཤོད་རུ་ཆེན་བཞི་ཡི་ནང་ནས་བསམ་འགྲུབ་ཚང་ལ་མི་འདོད་པའི་རྣམ་འགྱུར་བསྟན་མཁན་ནི་སྒྲོལ་མ་གཅིག་པོ་ཡིན། དེ་ཁྱོད་ཀྱིས་མི་ཤེས་སམ། བསམ་འགྲུབ་ཚང་ཟེར་ན། གཏམ་ཤོད་སྡེ་དགོན་གཉིས་ཀྱི་མགོ་ཡི་ཞྭ་ཡིན། མཁར་གྱི་ཏོག་ཡིན། ཁྱོད་ལ་དེ་ལས་ལྷག་པའི་འགྲོ་ས་འདུག་ཁུང་ཞིག་ཡོད་ན་སོང་དང་ཆོག་ཟེར། འདི་ནི་སྒྱུག་མོ་གཡུ་སྒྲོན་གྱི་སྐད་ཆ་རེད། མོས་སྐད་ཆ་ཤོད་སྐབས་ཁ་ཆུ་ཟེགས་མ་འཐོར་ཞིང་མིག་ལས་ཀྱང་མེ་སྟག་ཅིག་མཆེད་མི་ཡོང་ངམ་སྙམ་པའི་ཚོར་བ་སྟེར་འོང་།
       ལམ་ནས་འཕྲད་པ་ལས་བསམ་བཞིན་དུ་སོང་བ་མིན། སྐད་མགོ་ཤིན་ཏུ་དམའ་བ་ནི་སྦྲང་བུ་ཞིག་གི་སྐད་དང་མཚུངས། ལམ་ནས་འཕྲད་ན་ཡིན་གཅིག་མཉམ་དུ་འགྲོ་དགོས་པ་རེད་དམ། བརྒྱ་ཡི་ཁ་དུ་སྟོང་གི་མིག་དུ་བའི་ཁ་ཤོར་མ་ཞིག་དང་མཉམ་པོར་སོང་ན་རང་ཉིད་ཀྱང་དེ་དང་འདྲ་བ་མིན་ནམ། ངེད་ཚང་གི་བཟའ་མི་གང་བོས་ཁྱོད་ལ་དེའི་སྐོར་ནས་ཡང་དང་བསྐྱར་དུ་བཤད་ཟིན་པས་ད་ནི་ཅི་ཞིག་དགོས་མིན་ལྷ་སྐྱིད་རང་གིས་བསམ་བློ་ཐོངས་ཟེར། འདི་ནི་ཕ་རྒན་བསམ་འགྲུབ་ཀྱི་སྐད་ཆ་རེད། མང་པོ་མེད། འགྲོ་ས་ཞིག་ཡོད་ན་སོང་དང་ཆོག བསམ་འགྲུབ་ཀྱི་སྐད་ཆའི་ཐོག་གཡུ་སྒྲོན་གྱིས་དེ་ལྟར་ཚིག་གཅིག་ཁ་སྣོན་བྱས་སོང་།
       ཕྱི་རོལ་ནས་ཆར་པ་ཟིམ་ཟིམ་འབབ་བཞིན་འདུག་ལ། བསམ་འགྲུབ་ཚང་གི་མདུན་དུ་ཡོད་པའི་ཁྱིམ་མཚེས་མགོན་པོ་ཚང་གི་ཁང་ཀླད་ཀྱི་དུ་ཁུང་ནང་ནས་དུ་ཞགས་ཤིག་སྔོ་བུན་བུན་ངང་གཡོ་བཞིན་འདུག གཡང་དཀར་གྱིས་སྒྲ་མི་གསལ་བའི་སྣ་གླུ་ཞིག་ལེན་བཞིན་འདུག་ཅིང་། འདི་ནི་མནའ་མར་མི་འདོད་པའི་རྣམ་འགྱུར་སྟོན་སྐབས་མོས་རྒྱུན་དུ་སྣ་གླུ་འདི་ལྟར་ལེན་ངེས་ཡིན། བུ་བསྟན་འཛིན་གྱིས་ཁ་རྩང་ཟླ་བ་སྔོན་མའི་ནང་ཚེ་རིང་གིས་རྫོང་ཐོག་ནས་ཉོས་ཡོང་བའི་ལྕགས་རྟ་ཆུང་ཆུང་དེར་ཞོན་ཏེ་བར་ཁྱམས་ནས་ཕར་རྒྱུག་ཚུར་རྒྱུག་བྱེད་ཀྱིན་གདའ། ལྷ་སྐྱིད་ཀྱིས་བུ་མོ་པད་མཚོ་པང་དུ་བཏབས་ཏེ་མགོ་བོ་སྒུར་བཞིན་མིག་ནས་མཆི་མ་འདོན་པར་བྱེད། སྣང་ཚུལ་འདི་ནི་མོའི་སེམས་ཀྱི་སྡུག་བསྔལ་རྣམས་མིག་ཆུ་དང་ལྷན་དུ་ཕྱིར་གཏོང་གིན་པ་དང་ཅི་བས་འདྲ། འོན་ཀྱང་མི་ཆུ་འདོན་པ་ཙམ་ལས་ངག་ནས་ངུ་འཁུན་གྱི་སྒྲ་ཅི་ཡང་ཐོས་རྒྱུ་མེད།
       སྒྱུག་པོ་སྒྱུག་མོ་གཉིས་ཀྱིས་མནའ་མར་སྡིགས་མོ་ཡིད་ཚིམས་པ་རེ་བཏང་རྗེས། བསམ་འགྲུབ་སྒོ་རུ་བུད་པ་དང་། གཡུ་སྒྲོན་གྱིས་ལག་གཡས་པས་འཁོར་ལོ་ཞིག་བསྐོར་ཏེ་གཡོན་པས་ཕྲེང་བ་འདྲེན་བཞིན་ཁ་མུར་མུར་ངང་མ་ཎི་བགྲང་བཞིན་འདུག ཚེ་རིང་ཕུད་བསམ་འགྲུབ་ཚང་གི་ནང་མི་གཞན་ཚོས་ལྷ་སྐྱིད་ལ་རྒྱུན་པར་རྣམ་འགྱུར་ཡག་པོ་མེད་པའི་ཐོག གནད་དོན་ཅུང་ཙམ་བྱུང་ན་གཤེ་གཤེ་ཁོ་ནར་གཏོང་བ་ལས་ཉིན་མང་པོར་ཁ་ཡ་བྱེད་མཁན་མི་ཡོང་བས། ད་ལྟ་ལྷ་སྐྱིད་ཀྱིས་མིག་ཆུ་གཏོང་བ་ཙམ་ལས་གཞན་པའི་བྱ་བ་ཅི་ཞིག་སྒྲུབ་དགོས་མིན་ཡང་མི་ཤེས་པར་གྱུར་ཡོད། མོའི་སེམས་ཀྱི་སྡུག་བསྔལ་ཤོད་ས་ནི་ཚེ་རིང་གཅིག་པོ་ཡིན། འོན་ཀྱང་། ཚེ་རིང་ཡང་རྟག་ཏུ་ཁྱིམ་ཚང་གི་དོན་དུ་ཕྱི་ལོགས་ལ་འགྲོ་དགོས་པས་ལྷ་སྐྱིད་ཀྱི་འཁྲིས་སུ་ཉུང་ཉུང་ཞིག་ལས་འདུག་ཁོམ་མི་ཡོང་། མོའི་སེམས་ཀྱི་སྡུག་བསྔལ་དང་དཀའ་ཁག་སོགས་ཚེ་རིང་ལ་བཤད་སྐབས། ཚེ་རིང་གིས་ཁྱོད་ཀྱིས་ལོ་ཤས་རིང་བཟོད་སྒོམ་བྱེད་རོགས། མ་འོངས་པར་ཁྱོད་ལ་བདེ་སྐྱིད་ཐོབ་རྒྱུ་ཡོད་ཅེས་པའི་སྐད་ཆ་དེ་བསྐྱར་བཤད་བྱེད་འོང་། དེར་བརྟེན་མོས་རང་ཉིད་ཀྱི་དཀའ་སྡུག་རྣམས་ཁོག་ཏུ་སྦས་པ་ལས་ཚེ་རིང་ལའང་དེའི་སྐོར་ནས་རྟག་པར་གླེང་བར་མི་བྱེད།
       ཆུང་དུས་ནས་ལྷ་སྐྱིད་ལ་བཟང་ཆའམ་སྐྱོན་ཆ་གང་ཡིན་ཆ་མི་འཚལ་བའི་གཤིས་ཀ་ཞིག་ཡོད་པ་ནི་སྨྲ་བ་ཉུང་ལ་དགའ་སྡུག་གི་ཚོར་བ་རྣམས་མང་པོ་མི་གླེང་མཁན་ཞིག་ཡིན་པས་ད་ལྟའང་དེ་ལས་མ་འདས། གཅིག་བྱས་ན་གཤིས་ཀ་འདི་ལྷ་སྐྱིད་གཅིག་པོ་མ་ཡིན་པར་སྤྱི་ཡོངས་ཀྱི་འབྲོག་མོ་ཚོའི་འཚོ་བའི་གོམས་གཤིས་ཤིག་ཡིན་ཡང་སྲིད། གང་ལྟར་ལྷ་སྐྱིད་ལ་སྔོན་མ་ནས་གོམས་གཤིས་དེ་འདྲ་ཡོད་པའི་ཐོག་བསམ་འགྲུབ་ཚང་ལ་ཡོང་རྗེས་མོའི་སྨྲ་བ་ཇི་ཉུང་རུ་སོང་ཡོད་དེ། ཉིན་རེ་བཞིན་ནངས་སྔ་ལངས་དང་ནུབ་ཕྱི་ཉལ་གྱིས་ཚར་རྒྱུ་མེད་པའི་ནང་ལས་ལས་ཤིང་དཀའ་སྡུག་བྱུང་ན་མིག་ཆུ་གཏོང་བ་ལས། གཞན་ཡིན་མིན་དང་འགྲིག་མིན་ཅི་ཡང་སྨྲ་བར་མི་བྱེད། འདི་ནི་ལྷ་སྐྱིད་ཀྱི་ཉིན་རེའི་འཚོ་བའི་གྲུབ་ཆ་ཞིག་ལ་གྱུར་ཡོད།
བརྒྱད།
       དགོང་མོ་ལྷ་སྐྱིད་མལ་དུ་ཉལ་རྗེས་སྔོན་མའི་འདས་དོན་མང་པོ་ཞིག་བློ་ལ་འཁོར་བས་གཉིད་མི་ཁུག མོ་རང་ཆུང་དུས་ཐུབ་བསྟན་ཚང་གི་བཟའ་མི་གང་བོའི་གཅེས་ཕྲུག་མ་ཡིན་ཞིང་། དུས་སྐབས་དེར་སྡུག་བསྔལ་ཟེར་བ་ཞིག་བློ་ལ་འཁོར་མྱོང་མེད་ལ། བདེ་སྐྱིད་ཟེར་བ་ཡང་གང་ཡིན་གསལ་པོ་མི་ཤེས། འོན་ཀྱང་མོ་བསམ་འགྲུབ་ཚང་ལ་ཡོང་རྗེས་ད་བཟོད་བདེ་སྐྱིད་དང་སྡུག་བསྔལ་ལ་ངོས་འཛིན་གསལ་པོ་ཐོབ་ཡོད་ཅིང་། ད་ལྟ་མོའི་སེམས་ལ་སྔོན་མའི་བདེ་སྐྱིད་ཀྱི་དུས་སྐབས་ཕྱིར་དྲན་བྱུང་བས་ཕ་མ་གཉིས་ཀྱི་བཀའ་དྲིན་ཡང་ཤིན་ཏུ་དྲན་པར་གྱུར། དེ་ལྟར་དྲན་སྐབས་རང་དབང་མེད་པར་མོའི་མིག་ལས་མཆི་མ་ཤོར་ཏེ་མལ་སྔས་ཀྱང་ཅུང་ཙམ་བརླན་པར་བཟོས་འདུག
       ལྷ་སྐྱིད་གཏམ་ཤོད་སྡེ་བར་ཐོན་རྗེས་ཕ་མ་གཉིས་ལ་སྔར་དང་མི་འདྲ་བའི་བརྩེ་བ་ཆེ་རུ་སོང་འདུག་ཅིང་། མོས་རྒྱུན་དུ་ཕ་མ་གཉིས་ཤིན་ཏུ་དྲན་ཞིང་དེ་དང་ལྷན་མི་ཚེ་འདིར་ཕ་མའི་བཀའ་དྲིན་གསབ་རྒྱུ་མ་བྱུང་བས་སེམས་ཀྱི་གཏིང་ནས་འགྱོད་གདུང་སྐྱེས། མཚན་མོ་དེར་ལྷ་སྐྱིད་ལ་གཉིད་མི་ཡོང་ཞིང་། ལྷག་ཏུ“འགྲོ་ས་ཞིག་ཡོད་ན་སོང་དང་ཆོག”ཅེས་པའི་གཡུ་སྒྲོན་གྱི་སྐད་ཆ་དེ་ཡང་ནས་བསྐྱར་དུ་དྲན་འོང་། མོས་དེ་ལྟར་དྲན་སྐབས་ལུས་སེམས་གཉིས་ཀ་སྡུག་བསྔལ་གྱི་རྦ་རླབས་དྲག་པོ་ཞིག་གི་ཀླུང་དུ་ཚུད། མོའི་སེམས་ལ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཞེས་པ་ནི་ཅི་འདྲའི་དོན་ལ་གནས་འདུག་ཨང་སྙམ་ཞིང་། དེ་དང་མཉམ་དུ་མོ་རང་གི་ཨ་ཅེ་སྟེ་ཁོ་བོ་དོན་ལྡན་ཚང་གི་བུ་མོ་ཆོས་དབྱིངས་ལྷ་མོའང་ཡིད་ལ་དྲན།
       ཆོས་དབྱིངས་ལྷ་མོ་ནི་ལྷ་སྐྱིད་ཀྱི་ཁོ་བོ་དོན་ལྡན་གྱི་བུ་མོ་ཆེ་བ་ཡིན་ཞིང་ད་ལྟ་འབའ་ཡི་བྲག་དཀར་རིང་མོའི་འོད་གསལ་གླིང་གི་རི་ཁྲོད་དུ་བཙུན་མ་བྱས་ཏེ་བཞུགས་ཡོད། ལྷ་སྐྱིད་ཀྱིས་ཕྱི་མ་ད་གང་གཉིས་ཀ་ཡོད་པའི་ཨ་ཅེ་ཆོས་དབྱིངས་ཅི་འདྲའི་སྐྱིད་པ་ལ་དྲན་ཞིང་། གཞན་དོན་ལྡན་ཚང་གི་བུ་མོ་ཆུང་བ་གཡང་སྒྲོན་ཡིད་ལ་འཁོར། གཡང་སྒྲོན་ད་ལོ་ལོ་ངོ་བཅུ་བདུན་གྱི་གོང་ལ་བུད་ཡོད་པས་ཁྱིམ་སོ་ཟིན་པའི་དུས་ལ་སླེབས་ཡོད། དེར་བརྟེན་ལྷ་སྐྱིད་ཀྱི་སེམས་ལ་གཡང་སྒྲོན་ཡང་མི་རིང་བར་སྡུག་བསྔལ་གྱི་མེ་འོབས་ནང་དུ་ལྷུང་ངེས་ཡིན་སྙམ་སྟེ་སྙིང་རྗེ་སྐྱེས་པ་དང་། རང་གི་རུམ་ལ་ཡོད་པའི་བུ་མོ་པད་མཚོ་ལའང་སྙིང་རྗེ་སྐྱེས་ཏེ་འོ་ཞིག་བྱས། པད་མཚོའི་བྱེའུ་ཆུང་གི་གཤོག་པ་དང་འདྲ་བའི་ལག་པ་ཆུང་ཆུང་དེ་ཨ་མའི་འགྲམ་པའི་ཐོག་གླན་ཞིང་སྔུར་བ་ཡང་མོ་ཞིག་གཏོང་གིན་གཉིད་ཁུག་ནས་འདུག མོས་ད་ནི་ཁྱིམ་ཚང་འདིར་ས་ཟིན་པ་མི་འདུག་སྙམ་ཞིང་དེ་དང་ལྷན་རང་ཉིད་ཀྱང་ཆོས་དབྱིངས་ལྷ་མོ་དང་འདྲ་བར་བཙུན་མ་བྱེད་འདོད་བྱུང་། ད་ལྟ་ལྷ་སྐྱིད་ཀྱི་སེམས་ལ་ངོ་མ་དེ་ལྟར་དྲན་འོང་། མོས་དེ་ལྟར་བསམ་བློ་གཏོང་གིན་མལ་ལས་ལངས་ཏེ་སྒེའུ་ཁུང་ཕྱིས་ཤིང་ཕྱི་རོལ་གྱི་མཚན་ལྗོངས་ལ་མིག་གིས་རྒྱང་ལྟ་བྱས། “ཤག་ཤག་ཤག”ཆར་པ་འབབ་པའི་སྒྲ་ལས་གཞན་ཅི་ཡང་མཐོང་རྒྱུ་མེད།
       མོས་རང་ཉིད་བཙུན་མ་ཇི་ལྟར་བྱེད་མིན་གྱི་སྐོར་ནས་བསམ་བློ་བཏང་། མོས་དེ་ལྟར་བསམ་བློ་གཏོང་སྐབས་བཟའ་ཟླ་ཚེ་རིང་དྲན་འོང་། རང་གི་ཤ་ལས་ཆད་པའི་ཕྲུ་གུ་གཉིས་པོ་དྲན་འོང་། མོ་རང་གཏམ་ཤོད་སྡེ་བར་ཐོན་རྗེས་ཚེ་རིང་དང་ཕྲུ་གུ་གཉིས་ནི་མོའི་ཡ་ཐོད་ཀྱི་མིག་ཡིན་ལ་ཡ་ཁོག་གི་སྙིང་ཡིན། ད་ལྟ་མོ་ལ་མཚོན་ན་ཚེ་རིང་དང་ཕྲུ་གུ་གཉིས་ནི་བློས་མི་ཐོང་བའི་ལེན་ཆགས་བུ་ལོན་ཞིག་ལ་གྱུར་འདུག
       ད་དུང་མོའི་སེམས་ལ་ཕ་མ་གཉིས་དྲན་པ་དང་། རང་ཉིད་ཀྱི་གནས་ས་མ་ཟིན་ན་ཕ་མ་གཉིས་ལ་སྡུག་བསྔལ་ཇི་ལྟར་འབྱུང་མིན་སོགས་བློ་ལ་འཁོར་ཞིང་། མོས་ཆུང་དུས་ལེན་བཞིན་པའི་ལ་གླུ་དེའང་བློ་ལ་འཁོར། “སྨན་བུ་མོ་གནས་ལ་འགྲོ་ཉིན་མོ། །གནས་ཁྲ་མོའི་གནས་ཟིན་པ་དགོས། །གནས་ཁྲ་མོའི་གནས་ས་མ་ཟིན། །དྲིན་ཕ་མ་སྡུག་ལ་བཟེ་རོགས་རེད། །”ལྷ་སྐྱིད་ཆུང་དུས་ལ་གླུ་འདི་ལེན་པར་དགའ་ཞིང་། ལ་གླུ་འདི་མོ་ལ་ཐོག་མར་སློབ་མཁན་ནི་དོན་ལྡན་ཚང་གི་བུ་མོ་ཆོས་དབྱིངས་ལྷ་མོ་ཡིན།
       སྨུག་པ་ལང་ལོང་འཁྲིགས་པའི་སྟོན་དུས་ཤིག་ལ། ལྷ་སྐྱིད་དང་ཆོས་དབྱིངས་ལྷ་མོ་གཉིས་འབའ་ཐང་རིང་མོའི་ཆུ་ཁ་ནས་འགྲོ་བཞིན་ཡོད་ལ། ཉིན་དེར་ཆོས་དབྱིངས་ལྷ་མོས་སྨན་བུ་མོ་གནས་ལ་འགྲོ་ཉིན་མོ་ཞེས་པའི་གླུ་དེ་བླངས་སོང་། ཨ་ཅེ་ཆོས་དབྱིངས་ཁྱོད་ཀྱིས་གླུ་འདི་ང་ལ་བསླབས་ན་ཆོག་གམ། ལོས་ཆོག དེས་ན་ཨ་ཅེ་ཁྱོས་ང་ལ་སློབས་རོགས་གནང་། འོ་ཨ་ཅེ“སྨན་བུ་མོ་གནས་ལ་འགྲོ་ཉིན་མོ་ཟེར་ན་ཅི་རེད།”
       ཧེ་ཧེ་ཧེ། ད་དུང་ཁྱོས་གོ་དོན་འདི་རྟོགས་ཐུབ་ཀྱི་མ་རེད། ཨ་ཅེ་ཁྱོད་ཀྱིས་བསླབས་དང་ངས་གོ་དོན་རྟོགས་ཐུབ། དེ་དུས་ཆོས་དབྱིངས་ལྷ་མོ་ལོ་བཅུ་དགུ་ཡིན་ལ་ལྷ་སྐྱིད་ལོ་ངོ་བརྒྱད་ཀྱི་གོང་དུ་བུད་ཡོད།
       ལྷ་སྐྱིད་དང་ཆོས་དབྱིང་ལྷ་མོ་གཉིས་ཕན་ཚུན་བརྩེ་བ་ཤིན་ཏུ་ཟབ་པས་ཆུང་དུས་ལྷ་སྐྱིད་ཆོས་དབྱིངས་ལྷ་མོ་གང་དུ་སོང་ན་ཨ་ཅེ་ཞེས་རྗེས་སུ་འགྲོ་བ་དང་། ཆོས་དབྱིངས་ལྷ་མོས་ཀྱང་ལྷ་སྐྱིད་ལ་རྩེ་རོགས་དང་འགྲོ་རོགས་བྱེད། ཉིན་མོ་དེར་ལྷ་སྐྱིད་ཀྱི་མི་ཚེའི་ནང་གླུ་སྦྱངས་པ་ཐེངས་དང་པོ་ཡིན་ཞིང་། ལ་གླུ་བླངས་བའང་ཐེངས་དང་པོ་ཡིན། དེ་ནས་བཟུང་ལྷ་སྐྱིད་ཀྱིས“སྨན་བུ་མོ་གནས་ལ་འགྲོ་ཉིན་མོ”ཞེས་པའི་ལ་གླུ་འདི་རྒྱུན་དུ་ལེན་བཞིན་ཡོད།
       ལྷ་སྐྱིད་ཀྱིས་དེ་ལྟར་བསམ་བློ་མང་དུ་བཏང་བས་བཙུན་མ་བྱེད་པའི་སེམས་ཤུགས་རིམ་བཞིན་ཉམ་པར་གྱུར་བ་དང་། མོའི་སེམས་ལ་གྲོགས་མོ་སྒྲོལ་མ་དྲན་འོང་། སྒྲོལ་མ་ནི་ཅི་འདྲའི་བློ་ཐག་ཆོད་ལ་སྤོབས་པ་ཅན་གྱི་བུ་མོ་ཞིག་རེད་ཨང་སྙམ། ན་ནིང་བསོད་སྐྱབས་ཚང་གིས་སྒྲོལ་མ་དུད་ཚང་ཞིག་ལ་བག་མར་སྟེར་བརྩིས་བྱས་ཀྱང་སྒྲོལ་མས་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་གནས་ལ་མ་སོང་བས། སྡེ་མི་ཚོས་སྒྲོལ་མ་ནི་ཕ་མའི་ཁ་ལ་མི་བརྩི་མཁན་གྱི་བུ་མོ་ཁ་ཤོར་མ་ཞིག་རེད་འདུག་ཅེས་ལབ་གླེང་བྱུང་ཞིང་། ཐ་ན་ལྷ་སྐྱིད་ཀྱི་བསམ་བློའང་དེའི་ཁུངས་སུ་གཏོགས། དེ་དུས་ལྷ་སྐྱིད་ཀྱིས་སྒྲོལ་མར་ཕ་མའི་ཁ་ལ་ཉན་དགོས་པའི་སྐོར་ནས་བཤད་ཀྱང་། སྒྲོལ་མས་གཉེན་སྒྲིག་བྱེད་མཁན་ནི་རང་ཉིད་ཡིན་པ་ལས་ཕ་མ་མིན་པས་གཉེན་སྒྲིག་གི་སྐོར་ནས་རང་གི་བློར་མ་བབས་ན་ཕ་མའི་བཀའ་ཡིན་ཡང་བརྩི་ཐབས་མི་འདུག་ཟེར།
       དོ་ནུབ་གློ་བུར་དུ་ལྷ་སྐྱིད་ཀྱི་སེམས་ལ་སྒྲོལ་མ་དྲན་ཞིང་སྒྲོལ་མའི་བློ་ཐག་ཆོད་པའི་གཤིས་ཀ་ལའང་ཡིད་སྨོན་ཤོར། སྨག་ནག་པའི་མཚན་མོ་འདིར་མིག་ཀོང་གི་ནང་དུ་མཛུབ་མོ་བཙུགས་མཁན་བྱུང་ཡང་མཐོང་མི་ཐུབ་ཅིང་། “ཤག་ཤག་ཤག”ཕྱི་རོལ་ནས་ཆར་པའི་སྒྲ་ཁོ་ན་ལས་གཞན་ཅི་ཡང་ཐོས་རྒྱུ་མེད། ལྷ་སྐྱིད་ཀྱི་མིག་གིས་ད་དུང་ཡང་སྨག་ནག་པའི་མཚན་ལྗོངས་ལ་ཅེར་ནས་འདུག་གོ །
འབྲེལ་ཡོད་འོས་སྦྱོར།