logo

༄༅། །སྨུག་པོའི་སྙན་ངག་བདམས་བཀོད།

རྩོམ་པ་པོ།:སྨུག་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-10-05 ཀློག་གྲངས།:
རྨི་ལམ་འཁྲུངས་སོང་།

ཉི་གཞོན་ཨང་ཉེར་གཅིག་པས།
སྨག་རུམ་ཁྲོད་དུ་སྒྲོན་མེ་སྦར་བྱུང་།
སྒྲོན་མེའི་འོད་ཀྱིས་མུན་ནག་གི་ཧམ་སེམས་གཏོར།
སྐར་ཚོགས་ཀྱི་མིག་ལམ་དུ། 
རབ་རིབ་དང་རབ་རིབ་ངང་། རྒྱང་རིང་རྒྱང་རིང་ལས།
ཚན་རྩལ་གྱི་ཕོ་བྲང་ཞིག་མངོན་བྱུང་།

ཁ་བ་ལེབ་མོ་འགའ་ལྷག་པས་ཟོས་རྗེས།
རི་ཚོགས་ཀྱི་མིག་ལྕིབས་དལ་གྱིས་ཕྱེ།
རྩྭ་འཇམ་པོའི་མངར་བཅུད་ལ་རོལ་བའི་གནག་ཕྱུགས་ཚོས།
མཚར་སྣང་གི་དཔྱང་ཐག་ནམ་ཡང་གཅོད་མ་ནུས།
སྦྲ་གུར་གྱི་ཁ་ཚུབ་ལས་མེ་ཏོག་ཐོར་སོང་།
གཞོན་ནུ་མའི་ངག་ལས་སྙན་འཇེབས་ཀྱི་གླུ་དབྱངས་གྱེར་སོང་།

རྫི་བོ་ཚོའི་མི་རབས་ཕྱི་མ་འདིས།
འུར་ཆ་བསྐྱུར་ཏེ་སྨྱུ་གུར་འཇུས།
ཚེ་སྲོག་གི་གསང་བ་ཡིག་རྡོག་ཚོའི་རྣམ་ཤེས་ལ་འབྱར།
རྡོ་བའི་ཚོགས་ཀྱིས་ཀྱང་ཀ་ཁའི་གླུ་དབྱངས་ལེན།

གངས་རིའི་ཁ་དོག་སྔར་ལས་གསལ་ཞིང་འཚེར།
རྩྭ་ཐང་གི་གཞི་ཁྱོན་སྔར་ལས་ཡངས་ཤིང་ཆེ།
ཁང་རྩེག་གིས་སྦྲ་གུར་ལ་སྐྱེངས་པ་བྱིན།
རྒན་པོ་ཚོའི་མིག་ལ་འགྲེལ་མི་ཤེས་པའི་ཐ་སྙད་གསར་བ་བབས།
གཞོན་ནུ་ཚོའི་མདུན་དུ་ལམ་གྱི་ཁ་ཞེང་ཆེ་རུ་སོང་།
བྱིས་པ་ཚོས་གདངས་མི་གཅིག་པའི་གླུ་སྐད་སྣ་ཚོགས་གྱེར།

རྩྭ་ཐང་གི་ངོ་གདོང་དུ་དཔྱིད་ཀའི་མཛེས་སྡུག་ཤར།
གཉིད་དུ་ཡུར་བའི་ས་སྒང་འདིས་ཀྱང་།
དུས་ཀྱི་ཉིན་ཐོ་ཤུགས་ཀྱིས་བཀླགས།
དཀར་ངོགས་ནས་འདས་ཟིན་པའི་རྣམ་ཤེས་ཚོ་འདས་ལོག་བྱུང་སྟེ།
མཐོ་གཞོངས་ཀྱི་བཞིན་རས་ལ་འཕོ་འགྱུར་གྱི་རི་མོ་འབྲི་བར་བརྩོན།

རྨི་ལམ། སྐྱ་རེངས་ཀྱི་གཟི་འོད་དང་ལྷན་དུ་འཁྲུངས་སོང་།
རྨི་ལམ་དུ། མི་རྣམས་ཀྱི་མིག་ལ་ལོ་ལེགས་འཁྲུངས་སོང་།
གསེར་མདོག་གི་སྟོན་ཀ་འཁྲུངས་སོང་།
◎རྩོམ་འདི་ནི༢༠༠༧ལོའི«སྦྲང་ཆར»དེབ་གསུམ་པ་ལས་བདམས།
 
རྟིང་སྐུལ།

མགོ་བོ་དགྱེ་རོགས།
མིག་ཆུ་གཏོང་མི་སྲིད་པའི་ཁྱོད།
ཕྲག་ཏུ་བབས་པ་ནི་རྡོག་ཁྲེས་ག་ལ་ཡིན།
དེ་ནི་མ་འོངས་བ་སྟེ།
ལྗིད་ཏིག་ཏིག་གི་རེ་བ་དང་།
གསེར་མདོག་གི་སྟོན་ལྗོངས་གང་ཞིག་གི་གཡབ་མོ་མ་ཡིན་ནམ།

མགོ་བོ་དགྱེ་རོགས།
མིག་ཆུ་གཏོང་མི་སྲིད་པའི་ཁྱོད།
མཚན་མོའི་གཉིད་ཀྱང་འཕྲོག་འགྲོ་བ་དེ་རྨི་ལམ་ག་ལ་ཡིན།
དེ་ནི་འཚོ་བ་དང་བྱ་གཞག་སྟེ།
སེམས་ཀྱིས་འཐགས་པའི་དར་ཚོན་སྣ་ལྔ།
བསམ་གཞིགས་ཀྱིས་བཞེངས་པའི་ཕོ་བྲང་།

མགོ་བོ་དགྱེ་རོགས།
མིག་ཆུ་གཏོང་མི་སྲིད་པའི་ཁྱོད།
འཁོར་བའི་ནགས་ཀློང་དེའི་རྫོབ་ཅི་འདྲའི་མཐུག
མིག་ལ་མཛེས་པ་ཐམས་ཅད་པདྨ་ག་ལ་ཡིན།
དུག་ཚེར་ཅན་དེ་ལའང་ཡིད་འགུགས་མེ་ཏོག་ཟེར།

མགོ་བོ་དགྱེ་རོགས།
མིག་ཆུ་གཏོང་མི་སྲིད་པའི་ཁྱོད།
ལམ་གྱི་རིང་ཚད་སེམས་ཀྱི་རྒྱ་ཁྱོན་ཡིན་པས།
རྐང་སྣེ་རྡོ་ལ་ཐོགས་པའི་སེམས་ཁྲལ་གྱིས་ཅི་བྱེད།
མིག་གིས་རྒྱང་རིང་ལ་ལྟོས་དང་།
རང་ཉིད་ཀྱི་ཕ་མཐའ་རུ་བརྒལ་ན།
ཐར་བའི་ལམ་སྣ་རྙེད་པ་མ་ཡིན་ནམ།
◎རྩོམ་འདི་ནི༢༠༡༡ལོའི«སྦྲང་ཆར»དེབ་གསུམ་པ་ལས་བདམས།
 
ཀྱེ། ཕ་ཡུལ།

ཚེ་སྲོག་གི་གླུ་སྐད་ཁྱོད་ཀྱི་པང་དུ་འཐོར་བ་ནས་བཟུང་།
ཨ་མའི་བྱམས་བརྩེ་དང་དྲོད་ཁོལ་གྱིས།
ཁྱོད་ཀྱི་རུམ་ཁོངས་དང་མཁའ་དབྱིངས་སོགས།
འཚོ་བ་ཡི་སྒོ་གླེགས་ཤིག་ངང་གིས་ཕྱེས།

ཚེ་སྲོག་གི་གླུ་སྐད་ཁྱོད་ཀྱི་པང་དུ་འཐོར་བ་ནས་བཟུང་།
ངའི་བྱིས་བློའི་འཇིག་རྟེན་དུ།
ཁྱེད་ཀྱི་རྟོགས་བརྗོད་ཀྱི་ཡིག་འབྲུ་བབས།
དྲན་པའི་ཡོལ་ངོས་སུ་འཆར་བ་ནི་མཚར་སྣང་དང་།
ངོས་ཟིན་གྱི་ཐོག་མ། རེ་བ་ཡི་མགོ་མ་སྟེ།
ཉི་ཟེར་གྱི་གསེར་མདངས་དང་ལྷན་དུ།
མེ་ཏོག་གི་བཀྲག་མདངས་དང་མཉམ་དུ།
ཡུལ་མི་ཚོའི་མཛའ་བརྩེ་དང་བྱམས་སྐྱོང་ཁྲོད་གཉོམ་ལག་རྒྱས།

ཚེ་སྲོག་གི་གླུ་སྐད་ཁྱོད་ཀྱི་པང་དུ་འཐོར་བ་ནས་བཟུང་།
དབྱངས་གསལ་གྱི་ཀློག་སྦྱོར་ངག་ལ་གྱེར་ནས།
མེས་པོ་ཚོས། ཁྱེད་ཀྱི་བྲང་གཞུང་དུ་བཏབ་པའི་གསེར་གྱི་ཞབས་རྗེས་རེ་བཏུས་ཡོད།
སྔོན་རབས་པ་ཚོས། ཁྱོད་ཀྱི་སྤྱི་གཙིག་ཏུ་སྒྲེང་པའི་རིག་པའི་རྒྱལ་མཚན་དེར་འཇུས་ཡོད།

ཕ་ཡུལ་ལགས།
མཐོ་བ་རི་རབ་དང་དམའ་བ་རྒྱ་མཚོ།
ཁྱོད་ཀྱི་གཟི་དཔལ་གྱི་བར་སྣང་ཡངས་བོར་ཕྱེས་ཡོད།
སྦྱངས་སྟོབས་ཀྱི་གཞལ་བར་དཀའ་བའི་ཤེས་རིག་གི་གཏེར་མཛོད།
རེ་རེ་བཞིན་ཤེས་རབ་ཀྱི་མིག་གིས་བཙལ་ཞིང་།
དཔལ་ཡོན་གྱི་རླབས་རྩེར་འགོད་པར་བྲེལ།

ཀྱེ་ཀྱེ། ཕ་ཡུལ་ལགས།
ང་ཁྱོད་ཀྱི་སྒལ་གཞུང་དུ་འགྲེང་ཡོད།
ང་ཁྱོད་ཀྱི་ཕྱག་མཐིལ་ན་འཚོ་ཡོད།
འཇིག་རྟེན་གྱི་དཔལ་ཡོན་དང་།
རིག་གནས་ཀྱི་སྡིངས་ཀ
ཚན་རྩལ་གྱི་ཕོ་བྲང་ཞིག
བདག་གི་མཐོང་ལམ་དུ་མངོན་བྱུང་།
ཞི་བདེ་དང་འཆམ་མཐུན་གྱི་དྲི་ངད་ཀྱང་ཚོར་བྱུང་།
མཛའ་མཐུན་དང་འཕེལ་རྒྱས་ཀྱི་རྡོག་སྒྲའང་ཐོས་བྱུང་།

ཀྱེ། ཕ་ཡུལ་ཨ།
རི་མཐོན་པོ་ཇོ་མོ་གླང་མ།
ཁྱེད་ཀྱི་དཔངས་མཐོ་བའི་བློ་སྤོབས་ཡིན་ན།
ངས་ཁྱེད་ཀྱི་བློ་སྤོབས་གཡར་ནས།
འཇིག་རྟེན་ཟླུམ་པོའི་དཔལ་ཡོན་གྱི་གསང་བ་རུམ་ན་འདོད།
ཆུ་གཙང་བོ་ཡན་ལག་བརྒྱད་ལྡན།
ཁྱེད་ཀྱི་ལུས་ཟུངས་ཀྱི་ཁྲག་རྒྱུན་ཡིན་ན།
ངས་སྙིང་ཁམས་ཀྱི་དྭངས་མར་བརྒྱུས་ནས།
ཡར་རྒྱས་ཀྱི་འཕར་རྩ་རུ་འདྲེན་འདོད།
◎རྩོམ་འདི་ནི༢༠༡༨ལོའི«སྦྲང་ཆར»དེབ་གསུམ་པ་ལས་བདམས།
 
མིག་ཆུའི་ནང་གི་རོལ་དབྱངས།

ཡར་ལྷ་ཤམ་པོའི་སྒམ་བརླིང་ལ།
སུ་ཞིག་གི་གསང་བའི་ལོ་རྒྱུས་བཀོད་ཡོད།
རྟ་ཐོག་གི་མི་རིགས་ཤིག
རལ་གྲིའི་སྣེ་མོ་ནས་འགྱེད་ལོག་ཡང་ཡང་བརྒྱབ་རྗེས།
ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་ལ་བློ་བཀོད་བྱས་པ།
དཔྱད་བརྗོད་ཀྱི་མགྲིན་པ་རྣང་སོང་།
གཅིག་ནི་ཐར་བའི་བདེ་བ་སྟེ།
ཅིག་ཤོས་ནི་དམྱལ་བའི་གཏིང་རིམ།
མིན་མིན། འདི་ནི་གནའ་གཏམ་ཞིག
རལ་གྲིས་ལམ་ཁ་གཤགས་པའི་མེས་པོ་དག
གཟི་མིག་དགུ་བའི་གླ་རྡོ་ཡར་ཀླུང་ནས་བོར་བ།
ད་ལྟ་སུ་ཡི་མགུལ་ན་ཡོད།
ལག་ཟུང་གིས་བར་སྣང་ཕྱེ་དགོས་སམ།
གློ་གཤོག་གིས་རྒྱལ་ཁམས་འབྱེད་དགོས།
ངའི་མགྲིན་པ་བརྣང་དོན་ཅི།
སྐབས་འདི་དང་འདི་ལ།
ཁྱེད་ཀྱི་མིག་ལ་ཁེངས་ཉམས་རྒྱས་ཏེ།
ལག་མགོ་ཕུར་ཕུར་གྱིས་འཇིག་རྟེན་ལ་ཧབ་འཐོབ་བརྒྱག་དུས།
ངའི་མིག་ཆུའི་ནང་གི་རོལ་དབྱངས་ཐོས་སོང་ངམ།
ངའི་ཉིན་མོའི་མུན་པ་མཐོང་སོང་ངམ།
◎རྩོམ་འདི་ནི༢༠༡༨ལོའི«སྦྲང་ཆར»དེབ་གསུམ་པ་ལས་བདམས།

ཙོང་ཁ།

མཚན་མོ་ཇི་ལྟར་གནག་ན།
ཁྱོད་ཀྱི་མིག་ཟུང་དེ་ལྟར་གསལ།

གནའ་གཏམ་འཁུར་པའི་རྒན་རབས་པས།
ཁྱེད་ཀྱི་ཡང་སྟེང་དུ་དར་ཆ་ཞིག་བཙུགས་པ།
སུ་ཞིག་གི་མིག་ལ་འཚང་སོང་།

ཙོང་ཁའི་སྐྱེས་རིའི་མདུན་གྱི།
རི་སུལ་དང་ལོང་ཁུག་དེ་དག
དེ་རིང་ལམ་ཆེན་ཞིག་ཏུ་བསྒྱུར་བཏུབ་བམ།
ངའི་མིག་ལ་དཔྱངས་ཐག་འཛིན་འདོད།

ལོ་རྒྱུས་ལ་བྲིས་པ་ཇི་ལྟར་མང་ན།
ང་ཚོའི་འགན་འཁྲི་དེ་ལྟར་ལྕི།
ཁ་པར་དུ་ཤོང་ཚད་ནི།
སྙན་ངག་གི་མཆོད་བསྟོད་བྱས་ཀྱང་།
དཔག་བསམ་གྱི་ལྗོན་པ་དེ་ག་ལ་ཡིན།

རླངས་འཁོར་གྱི་མགྱོགས་བགྲོད་ལམ་དུ།
བསམ་གཞིག་གི་སྒག་ཟ་གནོན་ཐེངས་རེར།
ཉེན་ཟོན་གྱི་མིག་རྩ་དམར་སློག་སློག
གློ་བུར་གློ་བུར་དུ་འཚུབ་སྣང་འཕྱུར་འོངས།

ཙོང་ཁ།
བཤད་མི་ཚར་བའི་གཏམ་རྒྱུད་འདིས།
ཁྱོད་ཀྱི་ཤོག་ལྷེ་ག་ཙམ་ཟིན་ཡོད།
◎རྩོམ་འདི་ནི༢༠༢༠ལོའི«སྦྲང་ཆར»དེབ་གཉིས་པ་ལས་བདམས།
 
ཁྱོད།

ཁྱོད་ནི་ངའི་བྲང་གཞུང་དུ་སྐྱེས་པའི་མེ་ཏོག
ཆར་ཟིམ་དང་འཕྲད་ན་བཀྲག་མདངས་ལྷག་པར་མཛེས།
བསིལ་རླུང་དང་འཕྲད་ན་གར་སྟབས་ཡི་གར་འོངས།
མིག་ཟུང་ལས་བརྡོལ་བའི་ཟེའུ་འབྲུ།
སྙིང་གི་ཚིལ་ལུ་རུ་གྱུར་དུས།
ངའི་རྨི་ལམ་དུ་ཁྱོད་ལས་སུ།

ཁྱོད་ནི་ངའི་དབྱར་ཁའི་མཛེས་སྡུག
ལྗང་མདོག་གི་གསོན་ཤུགས་ལ་འཇའ་རིས་བཀྲ།
ཆུ་ཕྲན་གྱི་ངག་ལ་ཤང་ཤང་དབྱངས་རྟ་གྲོལ།
བསིལ་རླུང་གི་རེག་བྱས་གསང་བ་སྟོན་དུས།
ངའི་སྨྱུག་རྩེ་ན་ཁྱོད་ལས་སུ།

ཁྱོད་ནི་ངའི་རྨི་ལམ་གྱི་འཇའ་ཚོན།
ཁ་བཏགས་བཞིན་དཀར་མདངས་དང་།
མེ་ཏོག་བཞིན་སེར་མདངས།
སེམས་པ་བཞིན་དམར་མདངས་སྟོན་དུས།
ངའི་མིག་མཐའ་ན་འཁྱིལ་བའི་ཆར་ཟིམ་ལ།
ནམ་ཡང་ཁྱོད་སྦྲུམ་ཡོད་ཨང་།
◎རྩོམ་འདི་ནི༢༠༢༠ལོའི«སྦྲང་ཆར»དེབ་གཉིས་པ་ལས་བདམས།
 
དོ་ནུབ།
 
རླུང་གི་མིག་ཟུང་ལྷོད་ཀྱིས་བཙུམ།
མཁའ་དབུགས་ཁྲོད་སྨུག་རྒྱུས་འགྲེ་ལྡོག་བྱེད།
རང་ཉིད་བོར་ཟིན་པ།
དབྱངས་རྟ་ཞིག་ལས་སླར་ཡང་རྙེད།

སྦུབ་ཆལ་དང་རྒྱ་གླིང་མི་དགོས།
རྔ་དང་གླིང་བུའང་མི་མཁོ།
སྨྱུག་གུའི་གོམ་འགྲོས་ཙམ་གྱིས།
ཡོད་ཚད་ངོ་གདོང་དུ་བྲིས་ཆོག

ཀྱེ་མ། མིག་ཟུང་ལག་ཏུ་ཐོགས་པ་རྣམས།
དོ་ནུབ་ངའི་དབྱར་སྐྱིད་ལ་འཛོམས་ཤོག
◎རྩོམ་འདི་ནི༢༠༢༠ལོའི«སྦྲང་ཆར»དེབ་གཉིས་པ་ལས་བདམས།


རྩོམ་པ་པོ་ངོ་སྤྲོད།
       སྨུག་པོ། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་ཡིག་སྡེ་ཁག་གི་དགེ་རྒན། མཚོ་སྔོན་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་རྐང་ཚ་སྡེ་བ་ནས་སྐྱེས། བོད་ཀྱི་ཟློས་གར་བརྙན་འཕྲིན་གློག་བརྙན་སྐོར་གྱི་སློབ་ཁྲིད་དང་ཞིབ་འཇུག་བྱེད་བཞིན་ཡོད། དུས་དེབ«སྦྲང་ཆར»སོགས་ཀྱི་སྟེང་འཁྲབ་གཞུང་དང་སྒྲུང་གཏམ། སྙན་ངག ལྷུག་རྩོམ་དང་དཔྱད་བརྗོད་བཅས་རྩོམ་རིག་བརྩམས་ཆོས་བགྲང་དུ་རི་བ་ཞིག་བཀོད་མྱོང་།
འབྲེལ་ཡོད་འོས་སྦྱོར།