གྲོང་ཚོ་དང་པོ།
རྩོམ་པ་པོ།:རོང་པོ་རང་འཚོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-12-22
ཀློག་གྲངས།:
གྲོང་ཚོ་དང་པོ་ནི་ངའི་སེམས་ཀྱི་ལྷན་པ་ཆུང་ཆུང་ཞིག་ཡིན། གྲོང་ཚོ་དང་པོ་ནི་ང་རང་འཇིག་རྟེན་འདིར་ཡོང་དུས་ཀྱི་ཐོག་མའི་རྐང་སྟེགས་ཡིན། ན་ཆུང་དུས་ནས་ངས་གྲོང་ཚོ་དང་པོ་ཞེས་པ་འདི་ཡང་ཡང་གོ་ཞིང་། རང་ཉིད་ཀྱང་གྲོང་ཚོ་དང་པོའི་གྲལ་མི་ཕལ་པ་ཞིག་ཡིན་པ་ཤེས། དེ་དུས་ཕལ་ཆེར་ངེད་རུ་བ་ཡུལ་ཤོག་ཁ་གཅིག་ལ་གྲོང་ཚོ་བཅོ་ལྔ་ཙམ་གྱིས་གྲུབ་ཡོད་ཅིང་། གྲོང་ཚོ་དེ་དག་དང་པོ་དང་གཉིས་པ་སོགས་གྲངས་གནས་སྦྱར་ནས་ཁ་ཁར་འབྱེད་པ་ལས། གྲོང་ཚོར་རང་གི་མཚོན་རྟགས་རུང་བའི་གྲོང་མིང་ཟེར་བ་ཅི་ཡང་འབོད་རྒྱུ་མེད། གྲོང་ཚོར་མིང་མེད་ཀྱང་ང་ནི་གྲངས་གནས་སྦྱར་ཏེ་འབོད་སྟངས་དེར་ཧ་ཅང་དགའ། གྲོང་ཚོ་དང་པོ། བོས་པ་ཙམ་གྱིས་སེམས་པ་དགའ་ལྷང་ལྷང་བྱེད།
ཐོག་དང་པོ། ལས་དང་པོ། ཨང་དང་པོ། རང་རེས་དང་པོ་ཟེར་བ་དེར་གཙིགས་ཆེན་དུ་འཛིན། ང་རང་གྲོང་ཚོ་དང་པོ་ཞེས་པར་དགའ་དོན་དེ་ག་ཙམ་ཡིན་སྲིད་ཀྱང་། ངའི་དང་པོ་མང་པོ་ཞིག་ཀྱང་དེ་ནས་མགོ་བརྩམས་པ་སྟེ། གྲོང་ཚོ་དང་པོ་ནས་ངས་གོམ་པ་དང་པོ་སྤོས་ཤིང་། གྲོང་ཚོ་དང་པོ་ནས་ངས་འབྲི་ཀློག་དང་པོ་སྦྱངས། ལས་དང་པོ་བརྩམས། གྲོགས་དང་པོ་བཙལ། འབྱུང་འགྱུར་ཞེས་པའི་རྨི་ལམ་དང་པོ་དེའང་དེ་ནས་རྙེད། དེས་ན། གྲོང་ཚོ་དང་པོ། ངའི་ཡོད་ཚད་ཀྱི་དང་པོའམ་ཐོག་མའི་མགོ་རྩོམ་ས་ཞིག་ཡིན་པས། གྲོང་ཚོ་དང་པོ་ནི། ང་ཡི་ནམ་མཁའ་དང་ས་གཞི་ཟེར་ཆོག
གྲོང་ཚོ་དང་པོར་སྡེ་བ་ཅི་ཙམ་ཡོད་པ་ངས་ད་དུང་མི་ཤེས། ན་ཆུང་དུས་ནས་ང་རང་སློབ་ལ་ཞུགས་ཤིང་ས་མཐར་འཁྱམས་དྲགས་པས། ད་ལྟ་ངེད་གྲོང་ཚོའི་གྲོང་མི་མང་པོ་ཞིག་ཀྱང་སྣང་ལ་མ་ངེས་པའི་ཚུལ་དུ་ཡོང་། ཕུ་ནུ་ཚོ་ཁྲ་ཧྲོག་ཧྲོག་གིས་མཇལ་འཛོམས་བྱུང་དུས། ངོ་ཤེས་པ་ལས་ཀྱང་མི་ཤེས་པ་མང་བས་སྐབས་རེར་རང་ཉིད་ཕྱོགས་གཞན་གྱི་འགྲུལ་པ་ཞིག་ཡིན་སྣང་འཆར། ལྷག་ཏུ་མེ་ཏོག་ལྟ་བུའི་ལོ་ཆུང་བྱིས་པ་ཚོ། ངས་ཕལ་ཆེར་ངོ་ཤེས་པ་ཞིག་རྙེད་དཀའ། དེས་ན། གྲོང་ཚོ་དང་པོ་ནི། ང་ལ་མཚོན་ན་རྒྱུས་ཡོད་དང་རྒྱུས་མེད་གཉིས་ཀ་ཟེར་ཆོག
གྲོང་ཚོ་དང་པོ་ནི་ལུང་པ་མགོ་གཉིས་ཤིག་ན་ཡོད། མགོ་གཉིས་ཟེར་ཡང་ལུང་གཞུང་གཅིག་ལ་སྟོད་རྒྱུད་ནས་ལུང་ལག་གཉིས་གྱེས་ཡོད་པ་ཞིག་སྟེ། དཔེ་ཞིག་གི་ལམ་ནས་བཤད་ན། དེ་ནི་བྱིས་དུས་ཀྱི་རྩེད་ཆས་འགྱིག་མདའ་ཟེར་བ་དེའི་ཤིང་རུ་དང་ཨ་ན་མ་ན་ཞིག་ཡིན། རི་ཚོགས་ཀྱི་ཡོལ་བས་རུམ་པའི་ལུང་པ་དེ་ན། དྭངས་གསལ་གྱི་རྫ་ཆབ་བཞུར་བའི་རྩྭ་ཐང་དེ་ན། གྲོང་ཚོ་དང་པོ། བསོད་ནམས་ཀྱི་མར་ཁུ་བཞིན་འཁྱིལ་ཡོད། དབང་ཐང་གི་རི་རབ་བཞིན་གནས་ཡོད། གྲོང་ཚོ་དང་པོ། མི་རབས་མི་ཐོག་གིས་བསྙལ་བའི་ལོ་ཆང་ཞིག་ལྟར་ལྟེམ་མེར་འཁྱིལ་ཡོད།
གྲོང་ཚོ་དང་པོར། གཏམ་དང་སྙན་གྲགས་མེད་ཅིང་ལོ་རྒྱུས་དང་བཤད་རྒྱུན་མཚར་པོ་ཅི་ཡང་མེད། ཡིག་ངག་གི་འཇིག་རྟེན་གང་དུ་བཙལ་ཀྱང་། གྲོང་ཚོ་དང་པོའམ་གྲོང་ཚོ་དང་པོ་དང་འབྲེལ་བའི་ཤེས་བྱ་ན་གཅིག་ཀྱང་མཐོང་དཀོན་པས། གྲོང་ཚོ་དང་པོ་ནི་བོད་ཡུལ་གྱི་ས་ཁྲ་སྟོང་པ་ཞིག་རེད་སྙམ། འོན་ཏེ། གྲོང་ཚོ་དང་པོ། ཧ་ཅང་ཁུ་སིམ་པའི་རི་ཁུག་དང་ལུང་ཁུག་ཅིག་ན་ཡོད། རི་ཁུག་དང་ལུང་ཁུག་དེ་ན། གྲོང་ཚོ་དང་པོར། རང་གཤིས་དང་སྒེར་ཚུགས་ཀྱིས་འཚོས་ཡོད། མ་མཐར་གྲོང་ཚོ་དང་པོའི་གྲོང་མི་ཚོར་གླེན་ཞད་ཅུང་ཟད་ཡོད། དེའང་ཡིད་དུ་འོང་བ་ཞིག་ཡིན།
གྲོང་ཚོ་དང་པོ། གནའ་ནས་ད་བར་འབྲོག་པ་འབྲོག་ནག་ཅིག་སྟེ། ཁོ་ཚོས་པགས་ཚག་གྱོན་མྱོང་ལ་ཁྲག་དྲོན་འཐུང་མྱོང་། སེམས་ཅན་གསོན་པོའི་སྐེ་ལ་འབུག་བཙུགས་ནས་ཁྲག་བླངས་ཏེ་ཧུབ་འཐུང་བྱ་སྲིད། འོན་ཏེ། ཁོ་ཚོས་སྐྱེ་འགྲོ་རེ་རེའི་བདེ་སྡུག་ལ་སེམས་ཁུར་བྱེད་ཅིང་། སེམས་ཅན་རེ་རེའི་ལས་དབང་ལ་སྨོན་ལམ་འདེབས་ངེས། རང་གི་འཚོ་རྟེན་དུ་གྱུར་པའི་སྒོ་ཕྱུགས་དག་ཀྱང་རྩྭ་བཟང་ལ་སྐྱེལ་ཞིང་ཆུ་བཟང་ལ་བཅོལ། དབྱར་མེ་ཏོག་དང་དགུན་ལྷས་ཁེབས་སྦྱར་ནས་རང་གི་བུ་ཕྲུག་བཞིན་སྙོར་ངེས། དེ་ཚོའི་བདེ་སྡུག་གི་དོན་དུ་མཆི་མའང་འདོན་ངེས། དེས་ན། གྲོང་ཚོ་དང་པོ་ནི། ཕྱི་མིས་བལྟས་ན་རྩུབ་པོ་ཞིག་དང་ནང་མིས་མཐོང་ན་འཇམ་པོ་ཞིག་ཡིན།
གྲོང་ཚོ་དང་པོར། ཕར་འགྲོའི་མི་ལ་ཚེ་རིང་ལོ་བརྒྱའི་ཁ་གཡང་ཡོད། ཚུར་ཡོང་མི་ལ་བསམ་པ་འགྲུབ་པའི་སྨོན་འདུན་ཡོད། མཁར་གྲུ་བཞི་ལོག་ན་མཉམ་རུབ་དང་། སྦྲ་ལོགས་བཞི་ཕུབ་ན་མཉམ་ལས་བྱེད། གྲོང་ཚོ་དང་པོར། ཁ་ཕོ་རུས་བཙན་ཀྱང་འགྲིག་དུས་ཤིག་དང་། ཁོག་ཆགས་སྡང་རྒོད་ཀྱང་ཞི་དུས་ཤིག་ཡོད། གྲོང་ཚོ་དང་པོར། གྲོང་པའི་ཟོག་བོར་ན་ཕུ་ནུའི་རྡོག་སྒྲ་འགྲིག་ཡོང་། རྩྭ་ས་རྩོད་གླེང་། དགྲ་གྱོད་འཐབ་མོ། ལྕེ་ལ་འབབ་ཀྱང་ལག་ཏུ་ལེན་དཀའ། དེས་ན། གྲོང་ཚོ་དང་པོ། མཐུན་རྒྱུ་མེད་ལ་མི་མཐུན་རྒྱུའང་མེད།
གྲོང་ཚོ་དང་པོ། ཁ་ལ་མ་ཎི་དང་ཁོག་ལ་སྙིང་རྗེ་ཡོད་མཁན་ཞིག་ཡིན། ངག་ལ་གུས་པ་དང་སེམས་ལ་ཞི་དུལ་འཛིན་མཁན་ཞིག་ཡིན། ཆོས་སྒྲ་རྣ་བར་ལྷུང་ན་དོན་གོ་རུང་མ་གོ་རུང་ལུས་ངག་ཡིད་གསུམ་ཞུ་འགྲོ་བ་ཞིག་ཡིན། གྲོང་ཚོ་དང་པོ། དུས་རབས་ཀྱི་རྗེས་སུ་སྐྱག་པ་བཞིན་ལུས་ཀྱང་། ཁོ་ཚོས་ལས་འབྲས་ལ་ཡིད་ཆེས་བྱེད་ཅིང་རྒྱུ་འབྲས་ལ་བསམ་བློ་གཏོང་ངེས། མ་མཐར་གྲོང་ཚོ་དང་པོའི་གྲོང་མི་ཁྱི་སྐྱག་ཅིག་ཡིན་ཡང་། སྐྱབས་དཀོན་མཆོག་དང་ཚེ་ཕྱི་མ་ཟེར་ན་འདར་འདར་བྱེད་ངེས། དེས་ན། གྲོང་ཚོ་དང་པོར་འཇིག་རྟེན་ལས་འགལ་བའི་གནས་ཚུལ་ཆེན་པོ་ཅི་ཡང་མེད། གྲོང་ཚོ་དང་པོ། དད་པ་ཟེར་བའི་ཅ་ལག་རྙིང་པ་དེ་ཁོ་ཚོའི་སྲོག་ཡིན།
གྲོང་ཚོ་དང་པོར། ད་ལྟ་ལུག་ལ་ག་ཙམ་ཞིག་མཐོང་དུ་མེད་ཀྱང་། ཁོ་ཚོས་ནོར་ནག་རི་ལ་བཀྲམ་ནས་བསྡད་ཡོད། དབྱར་ས་དང་དགུན་མཚེར་གཉིས་སུ་ཕྱེས་ནས་བསྡད་ཡོད། ཁོ་ཚོས་ཁ་པར་དང་། འཕྲུལ་རྟ། རླངས་འཁོར་སོགས་ཡོད་ཚད་བཀོལ་ཤེས་ཀྱང་། འཁྱུག་དབྱིངས་སུ་ཞུགས་ནས་འདོམས་སྤུ་སྟོན། མནའ་སྐྱེལ་ཏེ་རྫུན་འཁྲབ། དཀོན་མཆོག་དཔང་དུ་བཞག་ནས་གཞན་མགོ་སྐོར་མཁན་མེད། ཁྱིམ་མཚེས་ཀྱི་ཅ་ལག་ཁྱེར་ནས་རང་ཉིད་ཕྱུག་པོ་བཟོ་བའི་ངན་གཤིས་ཀྱང་མེད། དེས་ན་གྲོང་ཚོ་དང་པོར་འབྱོར་བདག་ཡ་མཚན་ཅན་དེ་འདྲ་མེད་ཀྱང་། ཁྲེལ་གཞུང་ལ་བསམ་ཚེ། གྲོང་ཚོ་དང་པོ། འདྲ་བོ་འགྲིག་པོ་ཞིག་ཡིན།
གྲོང་ཚོ་དང་པོར། ལུགས་དང་ཆོ་ག་ཟེར་བའང་མང་པོ་མེད། དགུན་མཇུག་ཏུ་ལོ་སར་རོལ་ཞིང་། དབྱར་དུས་སུ་རྟ་རྒྱུག་བྱེད། དུས་ད་ཆར། རྟ་འདོ་བ་ནི་རྒན་གཞོན་རེ་འགའི་ལུས་སེམས་གཉི་ག་འཕུར་བྱེད་ཀྱི་གཤོག་པ་ཡིན། རྫི་བོ་ཚོས་རི་བསང་གཏོང་ཞིང་བྱིས་པ་ཚོས་ཆུ་རྩེད་རོལ། རི་ཆུ། ལ་ལུང་། ཁོ་ཚོས་རང་གི་ཕ་མ་ལྟར་གཅེས་པར་འཛིན་ངེས། ཆུ་ལ་བཙོག་པ་བཏང་ན་བརླ་ལ་རྨ་རྒྱག སྤང་གི་ན་དམར་བཏོགས་ན་མཛུབ་གུའི་རྒྱུ་མ་ལུག གྲོང་ཚོ་དང་པོར། ཚིག་དེ་ག་ཙམ་གྱིས་ཀྱང་སྤྱོད་ལམ་ལ་རང་བཅུན་དང་ཁོར་ཡུག་ལ་རང་བདག་བྱེད་ཐུབ། གྲོང་ཚོ་དང་པོ། ཟབ་དྲགས་པའི་བག་ཆགས་ཤིག་གིས་གཙང་མར་ཉར་ཡོད། གྲོང་ཚོ་དང་པོ། རྙིང་དྲགས་པའི་ལྟ་བ་ཞིག་གིས་དམ་དུ་བསྡམས་ཡོད།
གྲོང་ཚོ་དང་པོ། གྲོང་མི་ཀུན་གླུ་ལེན་རྒྱུར་དགའ་ཞིང་བྲོ་འཁྲབ་རྒྱུར་མོས། ཕ་ཨ་མྱེའི་གནའ་གཏམ་ཉན་རྒྱུར་ཅི་བས་དགའ། ལྷག་ཏུ་གླིང་སྒྲུང་ཐོས་ན། ཁོ་ཚོར་རི་དྭགས་སྒྲ་ལ་ཉན་པ་ལྟ་བུའི་ཉམས་ཤིག་ཡོད། དེ་བཞིན། ལྷ་རབས་ཀླུ་སྒྲུང་གི་གཏམ་རྒྱུད་མང་པོས། ཁོ་ཚོའི་ཕྱི་ནང་དང་སྣོད་བཅུད་གཉིས་ཀར་སེམས་འཛུལ་བྱས་ཡོད་པས། གྲོང་ཚོ་དང་པོ་ནི། མངོན་སུམ་གྱི་སྤྱི་ཚོགས་ཤིག་དང་འཁྲུལ་སྣང་གི་སྲིད་པ་ཞིག་སྟེ། མདོར་ན། གདོད་མའི་ལྷ་སྒྲུང་ནས་ཐར་མ་ཐུབ་ཅིང་དེང་རབས་དཔལ་ཡོན་དུ་འཛུལ་མ་ཤེས་པ་ཞིག་ཡིན།
གྲོང་ཚོ་དང་པོར། ཡ་མཚན་པའི་འཚོ་བའི་ཚོན་མདངས་ཅི་ཡང་མེད།
ཉིན་གཅིག་གི་འཚོ་སྟངས་ནི་ཚེ་འཁོར་མོའི་འགྲོས་ཡིན། ནངས་སྔ་མོའི་ལྷས་ར་ནས་དྲིན་ཨ་མའི་འདོན་རྟ་ཐོས་ཤིང་། དགོང་ཕྱི་དྲོའི་ཁྱིམ་སྦུག་ནས་ཕ་དམ་པའི་ཆོས་ངག་མཆེད་ཡོང་། བྱིས་པ་ཚོ། གཞོན་ནུ་ཚོ། ཨ་ཕའི་ལག་རོགས་དང་ཨ་མའི་རྐང་རོགས་ཡིན། རྒན་བཀུར་གཞོན་གཅེས། མེད་ཟེར་ཡང་ཁོ་ཚོའི་མིག་གི་ཚོད་དུ་འཛིན། གྲོང་ཚོ་དང་པོར། ཕ་མ་ནི་གནམ་ས་གཉིས་ཀྱི་འདྲ་དཔེ་ཟེར་ཆོག གྲོང་ཚོ་དང་པོར། དྲིན་ཕ་མ་ཉི་ཟླའི་དོད་དུ་ལམ་ལམ་བྱེད།
གྲོང་ཚོ་དང་པོ། གཙང་སྦྲ་ལ་དོ་སྣང་ཆེན་པོ་མེད། དུས་ད་དུང་སྣབས་འབྱར་བའི་བྱིས་པ་མང་། མི་མང་སར། ལྭ་བ་མཛེས་མཛེས་གྱོན་ཀྱང་ཚི་ལེན་དྲེག་པས་བཟུང་ཡོད། ལར་དུག་སློག་སྲབ་བུ་གྱོན་ན་ངོ་ཚ་འཛིན། བུད་མེད་ཚོས་རང་གི་འཕོངས་ཚོས་དང་ནུ་མ་ཅིས་ཀྱང་སྦ་ངེས། དོར་མ་ཨེ་ཁུང་ཅན་ལ་རྣམ་རྟོག་བྱེད་ཅིང་སྐྲ་ལ་ཚོན་མདོག་བཏང་ན་ཐ་ཤལ་དུ་འཛིན། རྒྱན་འཇོག་དང་དུ་ཆང་སྤྱོད་མཁན་ལའང་ལྟ་སྟངས་ངན་ཙམ་བྱེད། དེས་ན། གྲོང་ཚོ་དང་པོ། ཕྱི་རིམ་གཙང་ལ་ནང་རིམ་བཙོག ཡང་སྙིང་གཙང་མ་ཞིག་ཟེར་ཆོག
འོན་ཏེ། གྲོང་ཚོ་དང་པོ། གུ་ཡངས་ལྷོད་དལ་ཞིག་སྟེ། ཕུགས་བསམ་མེད་ལ་འཕེལ་རྒྱས་ཀྱང་མེད། འབད་པ་དང་བརྩོན་པ་ཆུང། བགྲེས་གཞོན་ཀུན་སྒྱིད་ལུག་པའི་སྣང་བ་ཞིག་གིས་དུས་འདའ། ཁོ་ཚོ་ཉམ་ཆུང་བའི་འཚོ་སྟངས་དེར་ཧ་ཅང་མགུ་ཡོད་པ་ཞིག་སྟེ། འཚོ་བ་གསར་པ་ལ་དང་དོད་ཤེས་ཀྱང་ཀྱང་དོན་གཉེར་མེད། དུས་རབས་ཀྱི་ཉེར་སྤྱོད་དང་ཁ་ཕྱོགས་མང་པོ་ཞིག་ཁོ་ཚོས་ཤར་ལྷོ་ནུབ་བྱང་མི་ཤེས། དེ་བཞིན་ཕྱི་རོལ་གྱི་འཇིག་རྟེན། ཁོ་ཚོར་མཚོན་ན་གཉིད་ལབ་ཅིག་ཡིན། གྲོང་ཚོ་དང་པོ། རྨི་ལམ་ལྟ་བུའི་འཇིག་རྟེན་རབ་རིབ་ཅིག་སྟེ། གསལ་ཐང་ཐང་ཞིག་ཏུ་དྭངས་དུས་མེད།
དེའི་སྟབས་ཀྱིས་གྲོང་ཚོ་དང་པོ། ཧ་ཅང་གྲགས་འགུལ་མེད་པ་ཞིག་ཀྱག་ཡིན། བླ་ཆེན། མི་ཆེན། དཔོན་ཆེན། མཁས་པ་སོགས་གནས་དེ་ནས་གཅིག་ཀྱང་བྱོན་མྱོང་མེད། མི་ཚོགས་སྟོང་ཕྲག་བརྒལ་ཀྱང་དྲོད་མེད་པའི་རྣམ་ཤེས་གཅིག་ཡིན། ཐུན་མིན། ཁྱད་འཕགས། དམིགས་བསལ། ས་བོན་བོར་བའི་ཞིང་ཐང་ཞིག་ལྟར་གནས་དེ་ནས་ཅིས་ཀྱང་འབྱུང་དཀའ། གྲོང་ཚོ་དང་པོ། གཉིད་ཉལ་བའི་སྡེ་བ་ལེབ་ལེབ་ཅིག་ཡིན།
ཡིན་ཡང་། གྲོང་ཚོ་དང་པོར། ད་ལྟ་གྲོང་མི་དཔེ་ཀློག་བྱེད་མཁན་ཁ་ཤས་ཤིག་དང་། བྱིས་པ་ཕལ་ཆེར་སློབ་གྲྭར་ཡོད། སློབ་ཆེན་སློབ་མ་འགའ་ཞིག་གིས་དབྱར་གནང་དགུན་གནང་སྤྱད་ནས་སློབ་བུ་ཆུང་ཆུང་ཚོར་གསབ་སྦྱོང་སྤྲོད་ངེས། རྩོམ་ཐར་ཐོར་འབྲི་མཁན་ཡང་རེ་གཉིས་ཡོད། སློབ་གཉེར་ཐད་གྲོང་མི་ཀུན་ཀྱིས་ཀྱང་ཁུ་ཚུར་ཁ་འོག་མཉམ་འདུས་དང་། དེ་ལ་སེན་མོའི་རྒྱབ་རྟེན་བྱ་ངེས། དེས་ན། གྲོང་ཚོ་དང་པོར། རེ་བ་དང་པོ་ཞིག་གི་མགོ་བརྩམས་ཤིང་སྐྱ་རེངས་གསར་པ་ཞིག་གི་སྒོ་ཕྱེས་ཡོད།
གྲོང་ཚོ་དང་པོ། ང་རང་ཧ་ཅང་དགའ་ས་དང་ན་སའི་གྲོང་ཚོ་དང་པོ། དེ་ལྟར། མཛེས་པའི་སིལ་ཏོག་ཅིག་ལྟར་སྨིན་ལ་མ་སྨིན་ཞིག་དང་། ཞིམ་པའི་རྨི་ལམ་ཞིག་ལྟར་སད་ལ་མ་སད་ཅིག་ཡིན།
༢༠༢༣•༩•༢༡ཉིན་གྲོང་ཁྱེར་ཁྲང་ཧྲ་རུ་གྲུབ།

འབྲེལ་ཡོད་འོས་སྦྱོར།