logo

དངོས་སྦྱོང་འཚོ་བ། རྩྭ་ཕྲན།

རྩོམ་པ་པོ།:རྩྭ་ཕྲན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-01-25 ཀློག་གྲངས།:
ང་ཡི་དངོས་སྦྱོང་འཚོ་བ་དང་མངར་སྐྱུར་འདྲེས་གསུམ།
རྩྭ་ཕྲན།
 
       དངོས་སྦྱོང་ཞེས་པའི་ཟླ་ངོ་བཞིའི་རིང་གི་འཚོ་བར་རྫོགས་ཚིག་བཀོད་ལ་ཉེ་དུས་ངས་གཏམ་གསར་བ་གང་ཞིག་བཤད་དགོས་པ་མི་ཤེས་ལ་གང་ཞིག་ཡོད་པའང་དངོས་གནས་མི་ཤེས་པའི་ཚད་ཅིག་རེད། ཏག་ཏག་ཟླ་ངོ་བཞིའི་རིང་དུ་ངས་དགའ་སྐྱོ་རྨོངས་གསུམ་དང་འདས་མ་ད་གསུམ་ཡོད་ཚད་ལྷུག་གེར་ཕྱོ་འདོད་མོད། ཉོག་ལ་འཛིང་བའི་ལྷུག་རྩོམ་རིང་བོ་ཞིག་ལ་དགོས་པ་ཆེར་མེད་པས་ད་ནི་བསྡུས་འབྲི་བྱེད་པར་སྤྲོ། འདི་ནི་རིག་གཞུང་གི་རྒྱབ་བརྟེན་དང་ཞིབ་འཇུག་གི་རྟོག་དཔྱོད་སོགས་ཀྱི་རྩ་དོན་གང་ཡང་མེད་པའི་ལྷུག་རྩོམ་ཁོ་ན་ཞིག་ཡིན། ང་རང་སྤྱི་ལོ་ཉིས་སྟོང་ཉེར་གསུམ་ལོའི་སྤྱི་ཟླ་དགུ་པའི་ཚེས་བཞི་ཉིན་གྱི་ཞོགས་པར་དགའ་བ་དང་དང་བ་བླ་ལྷག་ཅིག་ཁུར་ནས་རེབ་གོང་གསེར་མོ་ལྗོངས་སུ་མདུན་བསྐྱོད་ཀྱི་གོམ་པ་སྤོས་པ་ཡིན། རྫོང་སློབ་གསོ་ཅུའུ་ཡིས་ང་རང་སྨད་པ་བཅའ་སྡོད་ཆ་ཚང་སློབ་ཆུང་དུ་བཀོད་སྒྲིག་བྱས། དེ་གར་ཐོན་རྗེས་འདུག་ས་སོགས་ཀྱི་གཞི་རྩའི་བྱ་བ་མཐའ་དག་བཀོད་སྒྲིག་བྱས་ཚར་རྗེས། མཛུབ་སྟོན་དགེ་རྒན་ལགས་ཀྱིས་ང་རང་ལོ་རིམ་གསུམ་པའི་འཛིན་གྲྭ་དང་པོ་དང་གཉིས་པ་གཉིས་ཀྱི་དབྱིན་ཡིག་དགེ་རྒན་ལ་བཀོད་སྒྲིག་བྱས་སོང་། ངས་ཀྱང་བོང་བུས་མི་ཐེག་པའི་རྟ་སྒ་འདི་ལྷུར་ལེན་བྱས་པ་ཡིན། ཡང་གཅིག་བཤད་ན་ལོ་རིམ་གསུམ་པའི་དབྱིན་ཡིག་ཁོ་བོས་ཁྲིད་མི་ཐུབ་པའི་རྒྱུ་མཚན་གང་ཡང་མེད་པས་སྔོན་སྦྱོང་དང་སློབ་ཁྲིད་གྲ་སྒྲིག་གི་རིམ་པ་ཡོངས་ཚགས་སུ་ཆུད། ཕྱི་ཉིན་ཕྱི་དྲོའི་སློབ་ཁྲིད་ལ་སྟ་གོན་བྱེད་བསམ་དུས། སློབ་སྟོན་ཀྲུའུ་རིན་ལགས་ཀྱིས་ང་ལ་བསམ་ཚུལ་གསར་བ་ཞིག་གསར་དུ་བསྣན་སོང་། དེ་ནི་ང་རང་གླིང་རྒྱ་ཆ་ཚང་སློབ་ཆུང་དུ་གནས་སྤོར་བྱེད་རྒྱུར་འཐད་པ་ཡིན་མིན་དེ་རེད། གླིང་རྒྱ་ཆ་ཚང་སློབ་གྲྭར་གསར་དུ་ཡོང་བའི་སྟོང་སྐོར་གྱི་རྒྱ་མོ་དེས་གླིང་རྒྱར་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་སྒྲུབ་བྱེད་ལུང་བ་གང་དྲངས་ནས་དགེ་རྒན་དག་ཀྱང་འུ་ཐུག་ཐབས་ཟད་དུ་གྱུར་འདུག སྐབས་དེར་ཁོ་བོར་མཚོན་ན་སྨད་པར་བསྡད་ནའང་སློབ་ཁྲིད་བྱེད་རྒྱུ་དང་གླིང་རྒྱར་སོང་ནའང་སློབ་ཁྲིད་བྱེད་དགོས་པས་ང་ལ་དེའི་སྐོར་གྱི་མི་འཐད་ས་གང་ཡང་མེད། ཡང་གཅིག་བཤད་ན་ང་རང་འགྲིམ་འགྲུལ་སོགས་ཀྱི་ཐད་ནས་སེམས་ཚེགས་གང་ཡང་མེད་པར་ཁོ་ཚོར་ཁས་ལེན་བྱས་པ་ཡིན། ད་ནི་གཞི་ནས་ང་རང་ཟླ་ངོ་བཞི་རུ་འདུག་སའི་གླིང་རྒྱ་ཆ་ཚང་སློབ་ཆུང་དུ་གནས་སྤོར་བྱས་པ་ཡིན། གནས་འདིར་རང་དང་འཛིན་གྲྭ་གཅིག་པའི་སློབ་གྲོགས་བཀྲ་ཤིས་གཡང་སྒྲོན་ཡང་ཡོད་པས་གནའ་མིའི་ཁ་དཔེར། ས་ཆ་མེད་ན་མྱི་རིགས་མ་དགོས་བྱེའུ་རིགས་ཡོད་ནའང་དགེ་བ་ཡིན་ཟེར་བའི་གཏམ་དེ་བདེན་པར་འདུག དེ་གའི་སློབ་སྟོན་ཀྲུའུ་རིན་ལགས་ཀྱིས་ང་རང་ལོ་རིམ་བཞི་བའི་སྐད་ཡིག་དགེ་རྒན་དང་ལོ་རིམ་གསུམ་པའི་དབྱིན་ཡིག་དགེ་རྒན། ལོ་རིམ་གསུམ་པ་དང་ལྔ་བའི་རྩལ་སྦྱངས་དགེ་རྒན་སོགས་ཀྱི་འགན་གཅིག་ལྕོགས་སུ་བཀོད་སྒྲིག་བྱས། འདི་ནི་དངོས་སྦྱོང་མགོ་བརྩམས་པའི་ཐོག་མའི་སྟ་གོན་དང་གྲ་སྒྲིག་གི་རིམ་པའང་ཡིན་ནོ། །
       མངར་ལ་སྐྱུར་བའི་འཚོ་བ་རེ་རེ་ཕྱིར་དྲན་གྱི་མེ་ལོང་ངོས་སུ་གསལ་བར་ཤར་ཚེ་ད་ནི་ངས་གང་ཞིག་བཤད་དགོས་པ་མི་ཤེས་ལ་གང་ཞིག་བརྗོད་དགོས་པའང་ཡེ་ནས་ཤེས་མ་སོང་། འདི་ལྟར་ཕྱིར་དྲན་རེ་བྱས་ན་ང་རང་གནས་འདིར་ཐོག་མར་ཐོན་དུས་སློབ་གྲོགས་དག་གིས་དབྱར་ལྭ་གྱོན་ལ་ངས་ཀྱང་དབྱར་ལྭ་གྱོན་ཡོད། དེ་རིང་ང་དང་སློབ་གྲོགས་ཚང་མས་དགུན་ལྭ་མཐུག་པོ་རེ་གྱོན་ཡོད། འདི་ནི་འགྱུར་བ་ཟེར་བའི་ཆོས་ཉིད་འདི་ལ་བདེན་དཔང་བྱས་པ་མ་ཡིན་ནམ། སང་ཉིན་གནས་འདིར་ཁ་བྲལ་དགོས་བསམ་དུས་གང་ཞིག་ལུས་སོང་བ་ལྟ་བུའི་ཚོར་བ་བག་ཁ་བ་ཞིག་གིས་སེམས་ཁམས་ཡོངས་སུ་མག་མོག་ཅིག་རེད། སློབ་གྲོགས་ཚོ། དེ་རིང་ཁྱེད་ཚོས་ང་ལ་སྐྱེལ་མ་བྱེད་པའི་འཕྲིན་ཡིག་མོད་པོ་ཞིག་བདག་གི་ལག་ལ་འབྱོར་དུས། ངས་ད་གཟོད་གནས་འདི་ནས་གྱེས་བྲལ་གྱི་ན་ཟུག་བཟོད་པར་དཀའ་བ་ཞིག་བཞག་ཡོད་པ་ཤེས་ལ་ཁྱེད་ཚོས་དགེ་རྒན། རྗེས་མ་ཁྱེད་ངེས་པར་དུ་ང་ཚོའི་དགེ་རྒན་བྱེད་དགོས་ཟེར་དུས་ངས་ད་གཟོད་བརྩེ་འདང་ཟེར་བའི་ཐ་སྙད་རླབས་ཆེན་དེའི་དོན་སྙིང་རྟོགས་ཡོང་། སློབ་གྲོགས་ཚོ། དགེ་རྒན་ཐོག་མར་ཐོན་པ་ནས་མཐའ་མར་བྲལ་བའི་བར་དུ་ཁྱེད་ཚོས་སྐད་ཡིག་ཟེར་བ་ལས་བོད་ཡིག་མི་ཟེར་བའི་དད་འདུན་དེ་དང་སྐད་ཡིག་ལ་དགའ་བའི་བོད་ཕྲུག་གཤའ་མ་དག་གི་རྣམ་ཤེས་རྙེད་ཐུབ། ང་ཚོ་ཚང་མས་མཱ་པུའུ་ཧྥང་ཟེར་བ་ཞིག་ལ་སྡང་སེམས་དང་དམོད་མོ་མང་དུ་བྱས་མྱོང་ལ་ཁྱེད་ཚོའི་ཞེ་སྡང་གི་མེ་ལྕེའང་དྲག་ཏུ་འབར་མྱོང་། གླིང་ཆུའི་ལྷུང་ལྷུང་གི་བཞུར་སྒྲའི་ཁྲོད་ནས་སྐབས་དེའི་ཕོ་རྒོད་དག་གི་སྙིང་སྟོབས་མཐོང་ལ་མོ་སྨན་དག་གི་ངུ་ཤུམ་གོ་ཐུབ། སློབ་གྲོགས་ཚོ། ཁྱེད་ཚོ་ནི་དངོས་གནས་བློ་རིག་རྒོད་པོ་ཅན་ཤ་སྟག་རེད། དགེ་རྒན་གྱིས་ཁྱེད་ཚོར་ལྷ་སའི་གཙུག་ལག་ཁང་རྣམ་གཉིས་ཁྲིད་དུས་སློབ་གྲོགས་བཀྲ་ཤིས་འབྱུང་གནས་ལགས་ཀྱིས་དགེ་རྒན། ཇོ་བོ་གཉིས་ལ་གཙུག་ལག་ཁང་གཅིག་བཞེངས་ན་ཅིའི་ཕྱིར་མ་ཆོག་པ་རེད་ཟེར། ད་དུང་སློབ་གྲོགས་མང་དག་ཅིག་གིས་རྒྱ་བཟའ་ཀོང་ཇོ་དང་བལ་བཟའ་ཁྲི་བཙུན་གཉིས་ཀྱིས་ཁང་བ་ལས་ཤེས་སམ་ཟེར། ཡང་ཉིན་ཞིག་ང་ཚོས་དག་ཡིག་ཁྲིད་ཚར་རྗེས་སློབ་གྲོགས་རྡོ་རྗེ་དབང་ཆེན་ཆུང་བས་སློབ་གྲོགས་འབྱུང་གནས་ལ་སྤོ་བསླངས་ཆེད་ཨ་ཕ་སྐོ་བྷའི་སྐོ་ནི་ས་སྐོ་ལ། འབྱུང་གནས་འབྱུང་ནི་འ་འབྱུང་ཡིན་ཟེར་དུས། དགེ་རྒན་ཁྱེད་ཚོའི་བློ་རིག་ལ་བློ་ཚིམ་སྐྱེས་མྱོང་། ཁྱེད་ཚོས་དྲན་ནམ། ཉིན་ཤིག་ཁྱེད་ཚོས་ང་ལ་ཀུ་རེ་རྩེད་ཆེད་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་སྐུ་པར་སྟེང་ཁ་སྤུ་བྲིས་ནས་དགེ་རྒན། ཁྱེད་ཀྱི་དགེ་འདུན་ཆོས་འཕེལ་ཨེ་ཡག་གི་ཟེར་དུས་ང་རང་ཁྱེད་ཚོར་སྙིང་ཉེ་ལ་བརྩེ་འདང་ཀྱང་སྔར་ལས་ཇེ་ཟབ་ཏུ་གྱུར་ཡོད་པ་བདག་གིས་གཞི་ནས་ཤེས། ཁྱེད་ཚོས་དྲན་ནམ། དབྱིན་ཡིག་གི་སློབ་ཁྲིད་ཐོག་མར་བྱེད་དུས་དགེ་རྒན་གྱིས་ཁྱེད་ཚོར་འཛམ་གླིང་གི་སློབ་ཆེན་རྩེ་གྲ་དག་གི་མཚམས་སྦྱོར་བརྙན་ཡོལ་ནས་བསྟན་རྗེས་ཁྱེད་ཚོ་ཚང་མས་དགེ་རྒན། ཁྱེད་ཀྱིས་བལྟས་ན་ང་རང་སློབ་གྲྭ་གང་དུ་འགྲོ་ཐུབ་རྒྱུ་རེད་ཟེར། ངས་ཁྱེད་ཚོར་ཧ་ཝར་ཊི་གཙུག་ལག་སློབ་ཆེན་དང་ཐའོ་ཁྱེའུ་བོའོ་གཙུག་ལག་སློབ་ཆེན། མཱ་ཧྲིན་བཟོ་བསྐྲུན་སློབ་ཆེན། སི་ཐན་ཊི་གཙུག་ལག་སློབ་ཆེན་སོགས་སུ་ཁྱེད་ཚོ་ཚང་མ་འགྲོ་ཐུབ་ཅེས་བཤད་དུས་ཁྱེད་ཚོས་དགའ་འབོད་བཏང་བ་ངའི་རྣ་ལམ་ན་ད་དུང་གྲགས་ཀིན་འདུག དཔའ་མོ་ཕྱུག་སྐྱིད་དང་ཚེ་དབང་ལྷ་མོ། ལྷ་མོ་བྱམས་མཚོ་སོགས་ནི་དབྱིན་ཡིག་ལ་དགའ་མོས་ཆེས་ཡོད་མཁན་དེ་ཚོ་ཡིན། ཁོ་མོ་ཚོས་དགེ་རྒན་ལགས། ང་ཚོས་དབྱིན་ཡིག་ལ་འབད་པ་བྱས་ནས་སྦྱངས་རྒྱུ་ཡིན། མ་འོངས་པར་འཛམ་གླིང་རིག་པས་བསྐོར་འདོད་ཟེར། བདེན་དེ་གཅེས་ཕྲུག་ཚོ། ཁྱེད་ཚོ་ནི་འཛམ་གླིང་རིག་པའི་བསྐོར་མཁན་གྱི་རེ་བ་དག་ཡིན། དགེ་རྒན་གྱིས་བརྗེད་རྒྱུ་མེད་པ་ཞིག་ལ་ཁྱེད་ཚོར་དབྱིན་ཡིག་ཐོག་མར་ཁྲིད་དུསBbཡི་ཆུང་འབྲི་དེdལྟར་འབྲི་མཁན་མང་ལ་ཡངDdཡི་ཆུང་འབྲི་དེbལྟར་འབྲི་མཁན་ཡང་མང་པོ་ཞིག་ཡོད། སློབ་གྲོགས་དཔའ་མོ་ཆོས་མཚོས། དགེ་རྒན་ལགས། སང་ཉིན་ཁྱེད་འགྲོ་དགོས་ཟེར་དུས་ངའི་མིག་ནང་དུ་མཆི་མ་འཁྱིལ་ཡོང་ཟེར། དེ་རིང་དགེ་རྒན་གྱི་མདུན་ཅོག་སྟེང་དུ་ཁྱེད་ཚོ་ཆེས་དགའ་བའི་རང་ཉིད་ཀྱི་རྩེད་ཆས་དང་ཀ་ར། རི་མོ་དང་ཡི་གེ་ཟུང་འབྲེལ་གྱི་འཕྲིན་ཡིག་མང་པོ་ཞིག་འབྱོར་དུས་ངའི་མགྲིན་པ་བརྣངས་ནས་གང་ཞིག་བཤད་དགོས་པའང་མི་ཤེས་ལ་ཁྱེད་ཚོར་བཀའ་དྲིན་ཆེ་ཟེར་རྒྱུའང་བརྗེད་སོང་བ་འདྲ། གཅེས་ཕྲུག་ཚོ། ད་ནི་དགེ་རྒན་རྒྱང་ཐག་རིང་བའི་ལམ་ཆེན་ཞིག་དུ་འགྲོ་འདོད། རྨི་ལམ་དང་རེ་བ་ཁུར་ཏེ་འདི་ནས་ཐག་རིང་ཐག་རིང་ཞིག་ལ་འགྲོ་འདོད། ཁྱེད་ཚོས་དགེ་རྒན་བརྗེད་མི་སྲིད་ལ་ངས་ཀྱང་ཁྱེད་ཚོ་གཏན་ནས་བརྗེད་མི་སྲིད། ལྟོས་དང་། དེ་རིང་འུ་ཅག་གིས་དགུན་ལྭ་མཐུག་པོ་གྱོན་ཡོད་ལ་ཁ་ངོ་དམར་པོར་འགྱུར་ཡོད། དེ་དུས་ཁྱེད་ཚོས་དབྱར་ལྭ་སྔོན་པོ་དེ་གྱོན་ཡོད་ལ་དགེ་རྒན་དུས་ཆེན་སྐབས་ང་ལ་མེ་ཏོག་གི་ལེགས་སྐྱེས་མང་པོ་ཞིག་བྱིན་པ་དྲན་ནམ། འདི་དག་ནི་ཟླ་ངོ་བཞིའི་རིང་འུ་ཅག་དགེ་སློབ་བར་གྱི་མཛེས་སྡུག་གི་གཏམ་རྒྱུད་ཡིན་ལ་ཞེ་འདང་གི་བརྩེ་བ་དེའང་ཡིན་ནོ། །
       སློབ་གྲོགས་ཚོ། ཁོ་བོས་གནས་འདིར་འབད་པ་ཟེར་ན་མི་ཤེས་མོད་གང་ལྟར་ང་རང་བོད་ཀྱི་སྐད་ཡིག་སྦྱངས་མཁན་གྱི་སློབ་མ་དང་ཡང་ན་ནང་གི་གཟུང་འཇུག་བོད་པ་གཤའ་མ་ཞིག་ཡིན་པས་ངས་ཁྱེད་ཚོའི་སློབ་ཁྲིད་ལ་ཕྱི་བཤོལ་ཐེངས་གཅིག་ཀྱང་བྱས་མ་མྱོང་ལ། ཐ་ན་ངའི་སེམས་ན་ལྷ་རུ་སྒོམ་པའི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་འཁྲུངས་གཞིས་ལ་ཐེངས་གཅིག་ཡང་འགྲོ་མ་ཐུབ། ཁྱེད་ཚོའི་ལས་བྱའི་གསེང་གི་ཐ་སྙད་རེ་རེ་དང་སྐད་ཡིག་དང་དབྱིན་ཡིག་སློབ་ཁྲིད་ཀྱི་གྲ་སྒྲིག་བར་ནས་ངས་ཟླ་ངོ་བཞི་བོ་ཇི་ལྟར་འགོར་བ་མ་ཤེས་ལ་ངའི་གདོང་གི་རྒས་གཉེར་ཇེ་མང་དུ་སོང་བའང་གཏན་ནས་མ་ཚོར། རེད་ཡ། ད་དུང་ངས་གསལ་ལེར་དྲན་ཡོང་བ་ཞིག་ནི་བདག་གི་ཡུམ་ཆེན་ལགས་ཀྱི་སྐད་ཆ་དེ་རེད། ཞི་ལི། སྡེ་ཀི་ཞ་ཡེས་ཆོ་མགོ་གཡོགས་མི་ཉན། ཤེས་ཚོད་ཀོ་ཤུ་རེ་གྱིས་ཟེར། འདི་ནི་ཡི་གེ་ཀ་ཟེར་བའང་མི་ཤེས་པའི་བོད་མི་ཞིག་གི་ལྷག་བསམ་རེད། འདི་ནི་ང་ལ་མཚོན་ན་སྟོབས་ཤུགས་ཤིག་ཡིན། སློབ་གྲོགས་ཚོ། ད་ནི་དགེ་རྒན་འགྲོ་རན་སོང་། ལས་དབང་དང་སྨོན་ལམ་ཡོད་ན་མ་འོངས་པར་ང་རང་ཡང་བསྐྱར་ཁྱེད་ཚོའི་དགེ་རྒན་བྱ་ཐུབ་པར་སྨོན། ང་རང་འགྲོ་ཁར་ངས་ཁྱེད་ཚོར་རེ་བ་ཞིག་ཞུ། གཅེས་ཕྲུག་ཚོ། ཁྱེད་ཚོས་སྐད་ཡིག་གཏན་ནས་དོར་མི་རུང་། སྐད་ཡིག་དོར་ན་ཁྱེད་ཚོ་ཕྱི་རྫིག་ནང་སྟོང་གི་འབག་སྐུ་ཁོ་ན་ཡིན། སྐད་ཡིག་ནི་མི་རིགས་ཤིག་གི་མ་འོངས་པའི་ལམ་བྲོ་ཡིན། གཅེས་ཕྲུག་ཚོ། སེམས་ལ་ཟུངས། འཆི་བ་སྲོག་ལ་བབ་ནའང་སྐད་ཡིག་གཏན་ནས་དོར་མི་རུང་། གཅེས་ཕྲུག་ཚོ། དབྱིན་ཡིག་སྦྱོངས། འཛམ་གླིང་རིག་གནས་ཀྱི་ཤེས་བྱ་མཐའ་དག་ང་ཚོས་ནང་འདྲེན་བྱེད་དགོས་པའི་དུས་ལ་སླེབས་སོང་། ཁྱེད་ཚོས་གཏན་ནས་བརྗེད་མི་རུང་། དཔེ་ཆ་གཅིག་བསྒྱུར་ན་ཁ་སྐོང་ཡིན་ལ་ཡིག་རིགས་གཅིག་ཤེས་ན་མདུན་བསྐྱོད་ཡིན། གཅེས་ཕྲུག་ཚོ། ཟླ་བ་བཞི། ལོ་ངོ་ཧྲིལ་བོ་གཅིག་གི་གསུམ་ཆའི་གཅིག ཉིན་མོ་བརྒྱ་དང་ཉི་ཤུ། ཉིན་མཚན་ཉིས་བརྒྱ་བཞི་བཅུའི་རིང་དུ་དགེ་རྒན་གྱིས་ཁྱེད་ཚོར་མང་པོ་མང་པོ་ཞིག་བཤད་པས་ད་ནི་གཏམ་གསར་བ་གང་ཡང་མེད། གཅེས་ཕྲུག་ཚོ། འབད་པ་གྱིས། སྐད་ཡིག་སྦྱོངས། དབྱིན་ཡིག་སློབ།
       མཇུག་མཐར་གཏམ་གསར་བ་ལྷག་མ་ཞིག་བཤད་རྒྱུ་མེད་མོད། བཀའ་དྲིན་ཅན་གྱི་དགེ་རྒན་རྣམས་དང་སློབ་གྲོགས་དག་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན། ཟླ་ངོ་བཞིའི་རིང་དུ་ས་གནས་འདི་ཀའི་དགེ་རྒན་དག་གི་ཐུགས་བརྩེ་དང་སློབ་གྲོགས་དག་གི་གུས་བཀུར། ད་དུང་གནས་འདིར་དཀའ་སྡུག་མཉམ་རོལ་གྱི་སློབ་གྲོགས་བཀྲ་ཤིས་གཡང་སྒྲོན་ལགས་ལའང་ཆེད་དུ་བཀའ་དྲིན་ཞུས་པ་ལགས། ཁྱེད་ཀྱི་འཛུམ་མདངས་དང་ལག་ཟུང་འོག་གི་གཟའ་མཇུག་གི་ཟས་ཐུན་རེ་རེ་ནི་ཕྱིར་དྲན་གྱི་མེ་ལོང་ངོས་ན་མེ་ཏོག་བཞིན་ལྷུག་གེར་བཞད་ཡོད། སྐུ་དྲིན་ཆེ། ངས་ཁྱེད་ཀྱི་སྟེང་ནས་ཁམས་ཀྱི་བུ་མོ་མཛངས་མ་ཞིག་གི་གཤིས་རྒྱུད་རྟོགས་ལ་བོད་མོ་གཤའ་མ་ཞིག་ནང་སེམས་རྟོགས་ཡོང་། དེ་དང་ཆབས་ཅིག་སློབ་གྲོགས་ཕག་མོ་གཡང་འཛོམས་ལགས་ཀྱང་གནས་འདིར་ཐོན་ནས་ཟས་རིགས་གཡོ་སྐོལ་དང་ནང་སེམས་མཐུན་པའི་ཁ་བརྡ་མང་པོ་བྱས་པ་ནི་དཀའ་སྡུག་ཁྲོད་ཀྱི་གདུང་གྲོགས་ལྟ་བུ་ཡིན་པས་ཐུགས་རྗེ་ཆེ་ཞུས་པ་ལགས། རེད་ཡ། ད་དུང་མང་པོ་མང་པོ་ཞིག་ལྷག་ཡོད་མོད། ད་ནི་མཚམས་འཇོག་པར་བྱ། ཁོ་བོས་དབྱར་དུས་སུ་མེ་ཏོག་བཞད་རྒྱུ་ཡོད་ལ་སྟོན་དུས་སུ་མེ་ཏོག་ཡལ་རྒྱུ་ཡོད་པའང་སྔ་མོ་ནས་ཤེས་ཡོད་དོ། །
སྤྱི་ལོ་ཉིས་སྟོང་ཉེར་བཞི་ལོའི་སྤྱི་ཟླ་དང་པོའི་ཚེས་པ་བཞི་ཉིན་འཇིགས་མེད་རྡོ་རྗེའམ་རྩྭ་ཕྲན་ཏུ་འབོད་པས་གླིང་རྒྱ་འཇའ་མོ་ཐང་དུ་བྲིས་པ་དགེའོ། །
འབྲེལ་ཡོད་འོས་སྦྱོར།