logo

སྐར་འོད་ཀྱི་སྙན་ངག་ཚན་པ་གཉིས།

རྩོམ་པ་པོ།:སྐར་འོད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-02-02 ཀློག་གྲངས།:
རྨ་སྟོད་རྫོང་གི་མགྱོགས་བྲིས།
སྐར་འོད།

མཚོ་སྐྱ་རེངས།

སྲིད་པའི་མེ་ལོང་གི་དག་གཙང་།
འབྲུག་མོའི་འོ་ཟོ་རུ་ལྟེམ།
འཇིག་རྟེན་ཡུན་རིང་ལ་འགྱུར་རྗེས།
སའི་གོ་ལའི་སྒལ་གཞུང་ནས་མུ་ཏིག་རྡོག་གཅིག་ཐང་ལ་ལྷུང་།
དུས་དེ་ནས་བཟུང་།
སྒ་སྐྱ་ལོ་གངས་རིའི་གཞི་འཛིན་ཏུ་གྱུར།
ལུག་དཀར་དཀར་དང་ནོར་ནག་ནག
ས་མགོ་ལོག་གི་ས་གཞིའི་རྡུལ་དང་མཉམ།
གནམ་མགོ་ལོག་གི་ནམ་མཁའི་སྤྲིན་དང་འདྲེས།

གསེར་ནག་གི་ཁྲི་ལ་ཇོ་རུ་བསྡད་པ་ནས་བཟུང་།
ཕོ་གསར་ཚོས་རྟ་ཞོན་ཏེ་ལུག་འཚོས།
མོ་གསར་དག་གིས་འབྲི་བཞོ་ཞོར་བུ་གཉོར།
གནམ་ས་ལག་མཐིལ་ལ་བཟུང་བའི་མགོ་ལོག་པ།
རང་དབང་དང་བག་ཕེབས་ཀྱིས་འཚོ།
རྨ་ཆུ་ལུ་མའང་ལེ་ལོ་དང་སྒྱིད་ལུག་གི་ཉམས་ཀྱིས་ཤར་དུ་འགྲོ།

དུས་ཚོད་ཀྱི་རྟ་ཕོ་ཤོར་སོང་།
ཡང་ན། ཆོས་ཉིད་ཀྱི་རྟེན་ཕུར་ཆག་སོང་།
གནམ་ས་ལག་མཐིལ་ལ་བཟུང་པའི་མགོ་ལོག་པ།
འབྲོང་གི་རྭ་རྩེ་ནས་བབས་ཤིང་།
རྐྱང་གི་རྔོག་རྩེ་ནས་ལྷུང་སྟེ།
ཧ་ཅང་མངོན་ཆུང་དང་སེམས་ཆུང་ངང་།
རེ་སྦྲ་མདོང་མདོང་དག་བསྐྱུར་ནས།
ལྕགས་ཁང་ལེབ་ལེབ་ཏུ་བསྡད་བྱུང་།
དུས་དེ་ནས་བཟུང་།
མཚོ་སྐྱ་རེངས་ཀྱི་དྭངས་གཙང་ལའང་བདག་པོ་གཞན་ཞིག་བྱུང་།


མཛོ་རྭའི་གྲོང་གི་བུ་མོ།

དུས་བཞིར་ཁ་བ་འབབ་ས་དེ་རྨ་སྟོད་མ་རེད།
དེ་ནི་ཡིད་འོང་གི་མཛོ་རྒན་རྭ་བར་རེད།
དུས་ཚོད་ཀྱི་ཁ་བའི་འདབ་མར།
མི་ཚེ་ཡི་གཏམ་རྒྱུད་བྲིས་ཤིང་།
མཛེས་སྡུག་གི་ཕྱིར་དྲན་འཇོག་མཁན་ཡང་སེང་ལྕམ་འབྲུག་མོ་མ་རེད།
འཛུམ་ཆུང་གི་ཉི་ཟེར་ཚ་མོས།
དུས་གསུམ་ལ་མེ་ཁ་བསྒོ་བའི་མཛོ་རྭའི་བུ་མོ།
 
ཁྱོད་ཀྱི་གཡེར་བག་གི་འཛུམ་མདངས་ཕྲ་མོ་ཤིན་ཏུ་གཉོམ།
དེ་ནི་ལྷོད་འཇམ་གྱི་དཔྱིད་རླུང་ཞིག་རེད།
སྐྲ་འདབས་ཀྱི་ཟུར་མིག་མྱུར་མོ་ཤིན་ཏུ་རྒོད།
དེ་ནི་བྲེལ་བྲེལ་གྱི་གཙང་བོ་ཞིག་རེད།
 
གངས་དཀར་གྱི་འཛིན་མའི་ཕང་བར།
གྲ་སྒྲིག་དང་སྟ་གོན་མེད་པའི་མི་རྐྱང་ཞིག
འཁྲེང་སེམས་དང་རེ་ལྟོས་ཀྱི་རྒྱ་མཚོར་ལྷུང་།
དེ་བས། མཛེས་སྡུག་གི་དབྱར་ཁ་ལྟ་བུའི་མཛོ་རྭའི་བུ་མོ།
ལས་དབང་ནི་ཀུ་རེ་ཞིག་དང་གོ་འཛོལ་ཞིག
ཡང་ན་སྟབས་མི་འགྲིག་པའི་ཐུག་ཕྲད་ཅིག་དང་ཇི་འདྲའི་མཚུངས།

རྩོམ་ཁུངས། ༢༠༢༣ལོའི«གངས་རྒྱན་མེ་ཏོག»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།