༄༅། །མཐར་ཕྱིན་སློབ་མར་ཕུལ་བ། རྡོ་རྗེ་འཇིགས་བྱེད།
རྩོམ་པ་པོ།:རྡོ་རྗེ་འཇིགས་བྱེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-05-27
ཀློག་གྲངས།:
༄༅། །མཐར་ཕྱིན་སློབ་མར་ཕུལ་བའི་གཏམ་བློ་ལྡན་པདྨོ་བཞད་པའི་ཉིན་བྱེད།
རྡོ་རྗེ་འཇིགས་བྱེད།
ནམ་ཟླ་དབྱར་གཞུང་གི་དཔལ་ཡོན་དང་ལྷན་དུ། ངའི་སྙིང་ན་ནམ་མཁའ་བཞིན་གཡའ་དག་ཅིང་ཉི་འོད་བཞིན་གསལ་གྱི་ལེར་འཆར་བའི་མཐོ་གསུམ་གྱི་སློབ་བུ་རྣམས་སློབ་མཐར་ཕྱིན་ཞིང་མ་ཡུམ་སློབ་གྲྭ་དང་ཁ་བྲལ་བའི་དུས་ལ་རན་སོང་། འདི་ནི་དགའ་སྐྱོ་ཟུང་དུ་འབྲེལ་བའི་མཛེས་སྡུག་གི་དུས་ཚིགས་ཤིག་ཡིན་ལ། དྲན་གདུང་རབ་དུ་ལྕི་བའི་ཕྱིར་དྲན་གྱི་མེ་ལོང་ཞིག་ཀྱང་རེད།
འདིར་བགྲང་བྱ་གསུམ་གྱི་ཡུན་ལ་སློབ་སྦྱོང་གི་གོམ་ཟུང་ལ་དེའུ་འགྱེད་མ་ཤོར་བར་བདེ་བླགས་ངང་སློབ་མཐར་ཕྱིན་ཏེ་མཐར་ཕྱིན་འཛིན་ཡིག་བླངས་པའི་སློབ་བུ་ཡོངས་ལ་རྟེན་འབྲེལ་ཞུ། དེ་ལས་ཀྱང་མཐར་ཕྱིན་འཛིན་ཡིག་ཅིག་གིས་ཚད་གཞལ་མི་ནུས་པའི་ཤེས་རབ་ཀྱི་སྟོབས་འབྱོར་རྒྱས་ཤིང་ཤེས་བྱ་ཡི་ནོར་བུ་ལོན་པའི་སློབ་བུ་ཡོངས་ལ་རྟེན་འབྲེལ་ཞུ།
མི་ལོ་གསུམ་གྱི་ཡར་སྔོན་དུ། ཁྱེད་ཅག་ཕུགས་བསམ་གྱི་ཡར་ཀླུང་གཙང་བོ་ཡིད་ལ་བསྒོམས་ཤིང་རེ་ལྟོས་ཀྱི་རི་རབ་ལྷུན་པོ་ཕྲག་ལ་འཁུར་ཏེ། རིག་པའི་སྡིངས་ཀ་འདིའི་ཕང་བ་རུ་ཞི་འཇམ་དང་བག་ཆག་གིས་སླེབས། དེ་ནི་ཁྱེད་ཅག་གི་མི་ཚེ་འདིའི་མདུན་ལྗོངས་སྲིད་མཐའ་རིང་དུ་བསྐྱེད་ཅིང་ཁ་ཞེང་ཆེ་རུ་བསྒྱུར་བའི་གོམ་འགྲོས་གལ་ཆེན་ཞིག་ཡིན་ཏེ། ལོ་ངོ་གསུམ་གྱི་ཡུན་དུ། གནས་འདི་ནས་ང་ཚོས་སྐྱིད་སྡུག་མཉམ་མྱོང་དང་སྤྲོ་དགའ་མཉམ་བསུ། གུ་ཡངས་ཀྱི་ཁོར་ཡུག་དང་ལྷད་མེད་ཀྱི་བརྩེ་བའི་མངར་ཁར་རོལ་བས། མི་ཚེ་འདིའི་ཆེས་བདེ་སྐྱིད་དང་བག་ཆགས་ཟབ་ཤོས་ཀྱི་ལོ་ཟླ་དེ་ཡིན་ལ། ཕྱིར་དྲན་ཁྲོད་ནམ་ཡང་ཡལ་བ་མེད་པའི་དྲན་རྟེན་གྱི་རྡོ་བརྐོས་རི་མོ་ཞིག་ཡིན། དེ་ལས་ཀྱང་ལོ་ངོ་གསུམ་གྱི་དུས་ཀྱི་འཁོར་མོ་ཡུག་ཏུ། ཁྱེད་ཅག་གིས་ཤེས་རིག་གི་གཙང་ཆབ་ཧུབ་ཀྱིས་འཐུང་། ཤེས་བྱ་ཡི་ནུ་ཞོ་ངང་གིས་འཇིབས་པས། ཁྱེད་ཅག་གི་བློ་གྲོས་ཉི་ཟླ་ལྟར་གསལ་ཞིང་འཚེར། ཁྱེད་ཅག་གི་བློ་མིག་མདའ་མོ་བཞིན་རྣོ་ལ་མྱུར། ཁྱེད་ཅག་གི་ཤེས་རབ་ཆུ་གཏེར་རྣམ་བཞི་བཞིན་ཟབ། རྣམ་དཔྱོད་མཐོན་མཐིང་མཁའ་དབྱིངས་ལྟར་ཡངས། འདི་ནི་ཁྱེད་ཅག་གི་མི་ཚེའི་རིན་ཐང་མངོན་འགྱུར་དང་ཚེ་སྲོག་གི་སྙིང་བོ་ལེན་པའི་ཉེར་ལེན་གྱི་རྒྱུ་ཡིན་ཞིང་། མ་ཡུམ་སློབ་གྲྭས་ཁྱེད་ཅག་ལ་སྐྱེས་སུ་བསྩལ་བའི་གཟུགས་འདས་ཀྱི་ནོམས་པ་རྩ་ཆེན་དེ་ཡིན།
ཉིན་འགའི་རྗེས་སུ། ཁྱེད་ཅག་ཀུན་གྱིས་སྨོན་ལམ་ཁྲི་ཁྲག་བཏབ་ཅིང་རེ་སྒུག་བྱེ་བས་ཁེངས་པའི་མཐོ་རྒྱུགས་ཀྱི་སྟེགས་བུར་འབུད་དགོས། དེ་ནི་ཁྱེད་རང་ཚོའི་ཕུགས་བསམ་གྱི་གཙང་བོ་རབ་ཏུ་བྲུག་པའི་པའི་རབ་ཁ་དེ་ཡིན་ལ། མི་ཚེའི་མདུན་ལམ་རིང་དུ་བསྲིང་བའི་གོམ་འགྲོས་དང་པོ་དེའང་ཡིན། ཡིན་ནའང་། མི་མང་པོ་ཞིག་གིས་མཐོ་རྒྱུགས་ནི་གཡུལ་གྱི་འདུ་འགོད་སྟུག་པའི་འཐབ་ར་ཞིག་གམ། རྒྱལ་ཕམ་ཐག་གིས་གཅོད་པའི་རྒྱན་ལྐུགས་ཐེངས་ཤིག་ཏུ་ངོས་འཛིན་གྱིན་ཡོད་མོད། དོན་གྱིས་མི་ལོ་བཅུ་ཕྲག་ལྷག་གི་དཀའ་བ་དང་དུ་ལངས་ཤིང་བརྩོན་པ་ཐོང་ལ་བཟུང་བའི་ལོ་ཟླའི་འབྲས་བུ་ལེན་སྟངས་ཤིག་དང་། ཤེས་རབ་བློ་ལ་འཇགས་ཤིང་རྣམ་དཔྱོད་ཡིད་ལ་ཐིམས་པའི་ཚུལ་ལ་བརྡར་གཅོད་ཐེངས་ཤིག་ཡིན་པས། བློ་རྣལ་དུ་ཕོབས། ཡིད་གཅིག་ཏུ་སྒོམས། འཚུབ་ཆའི་རླུང་དམར་གཏོར། སོམ་ཉིའི་དྲ་བ་ཆོད། ཡིད་ཆེས་ཀྱི་བྲང་ཁོག་ལྡིར་ཅིག དཔྱོད་ཤེས་ཀྱི་ལྕགས་དབྱུག་རྡོར་ཅིག ཤིན་སྦྱངས་སྔོན་འགྲོ་གྱིས། ཐབས་ཤེས་ཟུང་དུ་འཇུག་དང་། ཁྱེད་ཀྱིས་མཐོང་ཐོས་མྱོང་གསུམ་དུ་མ་གྱུར་བ་ཞིག་ལར་ནས་ཡོད་པ་མ་རེད།
དུས་འདི་ནས་བཟུང་། ཁྱེད་ཅག་སྒྲོག་ལས་ཐར་བའི་ལྷ་རྟ་རྐྱང་རྒོད་ཡེར་བ་ཡིན། གཟེབ་ལས་གྲོལ་བའི་བྱ་རྒྱལ་ཁྱུང་གི་རྒྱུད་པ་ཡིན། རྙི་ལས་ལྷོད་པའི་གསེར་མིག་ཉ་མོ་ཡིན། གངས་འདབ་ན་མཆོངས་པའི་སེང་གེ་དཀར་མོ་དང་རྫ་ལམ་ན་གཤར་བའི་བྲེ་སེར་འབྲོང་རྒོད་བཞིན་ཁྱེད་ཅག་ལ་བཀག་རྒྱ་མེད། ཚོད་འཛིན་མེད་པས། ཁྱེད་ཅག་གིས་འཇོན་ནུས་ཡོད་རྒུ་རྩལ་དུ་སྤྲུགས་ནས། ཤེས་རབ་ཀྱི་གོ་ཆ་བློ་ལ་སྤྲོས་ནས། སྤོབས་པའི་གོམ་ཆེན་ཤུགས་ཀྱིས་སྤོས་ནས། ལ་རྒྱའི་མགོ་བོ་མཁའ་ལ་བཏེགས་ནས། ལེགས་ཉེས་ཀྱི་རྣམ་གཞག་ཞིབ་ཏུ་ཕྱེ་སྟེ། སྤང་བླང་གི་འཇུག་ལྡོག་ཚུལ་བཞིན་དཔྱོད་ནས། མཐའ་ཡས་རྒྱལ་ཁམས་སྟོབས་ཀྱིས་འགྲིམས་ཆོག ཡངས་པའི་ས་ཆེན་ཤུགས་ཀྱི་བསྐོར་ཆོག ཆེན་པོའི་འཇིག་རྟེན་རྩལ་གྱིས་མྱུལ་ཆོག
མ་འོངས་པ་ན། ཁྱེད་ཅག་གི་ཁྲོད་དུ། སློབ་ཆེན་འགྲིམ་མཁན་ཡོད་ལ་ཕ་ཡུལ་ལོག་མཁན་ཡང་ཡོད། འཇིག་རྟེན་གྱི་གསང་བའི་མཐའ་བརྟོལ་བའི་ཚན་རིག་པ་དང་མཐའ་མེད་ཤེས་བྱའི་དེ་ཉིད་དཔྱོད་པའི་ཞིབ་འཇུག་པའང་ཡོད་ལ། རྫ་ལུང་རི་ལུང་ཉུལ་ཏེ་ཕྱུག་ཟོག་འཚོ་སྐྱོང་བྱེད་མཁན་དང་རྨོན་པ་དོར་དུ་བསྡེབས་ཏེ་ས་ཞིང་རྨོ་མཁན་ཡང་ཡོད། དེ་བཞིན་ལས་སྒོ་གསར་དུ་ཕྱེ་སྟེ་ཚོང་ལས་གཉེར་མཁན་དང་སྔོན་མེད་གསར་དུ་བཟོ་བའི་གསར་གཏོད་པ་སོགས་ལས་རིགས་ཁྲི་སྟོང་ལ་ཞུགས་མཁན་ཡོད། ལས་རིགས་གང་དུ་འཚོ་བ་ཇི་ལྟར་རོལ་ཡང་དེ་ནི་རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་མངོན་འགྱུར་དང་འཚོ་གནས་ཀྱི་གདམ་ག་ཙམ་ལས། ལེགས་ཉེས་དང་མཆོག་དམན། བཟང་ངན་གྱི་ཁྱད་པར་གང་ཡང་མེད་པས་ཁྱེད་རང་རང་ཉིད་ཀྱི་འདོད་པ་ལྟར་གྱི་མི་ཞིག་བྱ་རྒྱུ་ནི་ཀུན་ལས་མཆོག་གོ །ཡིན་ནའང་། ཁྱེད་ཀྱིས་ལས་དང་ལམ་ཁ་གང་ཞིག་གདམ་ཡང་། གཞི་དང་གནས་མལ་གང་དུ་བསྡད་ཀྱང་། རྒྱུ་འབྲས་མིག་བཞིན་སྲུང་བར་གྱིས། རང་ཚུགས་བྲག་ལྟར་བརྟན་པར་གྱིས། སྒལ་ཚིགས་ཀ་བཞིན་དྲང་བར་གྱིས། དྲིན་ཆེན་དྲིན་དུ་ཤེས་པར་གྱིས། མཛའ་བརྩེ་ཕྱི་ཐག་རིང་བར་གྱིས། ཁྲེལ་དང་ངོ་ཚ་ཡོད་པར་གྱིས། རིགས་དང་ལ་རྒྱ་མ་འདོར། སྐད་དང་ཡི་གེ་མ་བརྗེད། བསླབ་པ་སློབ་གཉེར་མ་འདོར།
མཐར་མཐར་ཕྱིན་སློབ་བུ་ཡོངས་ཀྱིས་ད་ལོའི་མཐོ་རྒྱུགས་ལས་རང་ཉིད་ཀྱི་བློ་མི་འགྱོད་ཅིང་ཕ་མ་དང་དགེ་རྒན་ལ་ངོ་མི་གནོངས་པའི་གཡུར་ཟའི་གྲུབ་འབྲས་ལོན་པ་དང་བཅས། འདོད་དོན་ཐམས་ཅད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག
འབྲེལ་ཡོད་འོས་སྦྱོར།