logo

གདོན་མིག་གི་བརྩམས་སྒྲུང་གསར་བ། «འབུ་ཨ་ཞང»

རྩོམ་པ་པོ།:གདོན་མིག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-05-31 ཀློག་གྲངས།:
འབུ་ཨ་ཞང་།

       ང་རང་བར་སྣང་གི་ཁང་བརྩེགས་དྲུག་ཅུ་རེ་བཞི་ནས་མར་ས་ལ་བབས་ཏེ་ཐད་ཀར་ཁྲོམ་སྲང་ལ་འགྲོ་དུས། མདང་དགོང་བྲིས་པའི་སྒྲུང་ཐུང«རྗེས་འདེད་མཁན་གྱི་གྲིབ་མ»ཞེས་པ་དེའི་འགོ་རྩོམ་ཕྱོགས་ལ་འདང་རྒྱབ། ཐད་ཀར་ཁ་བརྡ་ཞིག་ནས་འགོ་བརྩམས་པ་དེ་ད་ལྟ་བསམ་ན་ངའི་ཤེས་པ་ཡིས་མི་ཟིན་པ་ཞིག་རེད། དེ་ཡིན་དུས་འགྲིག་འདུག་བསམ་སྟེ་དཔྱིད་ཀའི་ཉི་ཉོད་འཇམ་པོ་འདི་གོས་སུ་གོན་ནས། ཟང་ཟིང་གི་སྲང་ལམ་རེ་རེ་བརྒྱུད་དེ་ས་ཁྲོན་གྱི་ཟ་ཁང་ཞིག་ཏུ་སྔོ་ཚལ་འབྲས་སྤག་ཅིག་བཟའ་བའི་སྐབས་སུ། ཕ་ཡུལ་སྨིན་ཐང་དུ་ཡོད་པའི་ཨ་ཅེ་ཆོས་སྒྲོན་གྱིས་ཁ་པར་སླེབས་སོང་།
       "བུ་མོ་བྱམས་འཚོའི་མག་པའི་རྐང་བ་བཅགས་ཏེ་ཟི་ལིང་དུ་ཁྱེར་སོང་། ཁྱེད་ད་ལྟ་སྨན་ཁང་དུ་རྒྱུག་རོགས"ཟེར།
       ངས་འབྲས་ཚལ་སྤག་མ་དེའི་ཟ་འཕྲོ་བསྐྱུར་ནས། ང་པིས་ཡ་ཏི་རྟགས་ཅན་གྱི་གློག་འཁོར་གླ་གཏོང་ཞིག་ཏུ་བསྡད་དེ། ཐད་ཀར་གྲོང་ཁྱེར་གྱི་ཤར་མཐའི་སྨན་ཁང་ཞིག་ཏུ་སོང་། སྨན་ཁང་འདི་ནི་མག་པའི་ཨ་ཕ་ཡིས་ང་ལ་བསྐུར་བའི་ས་གནས་ལམ་ཐིག་གི་སྣེ་མོར་ལྷག་པའི་སྨན་ཁང་ཞིག་རེད། ང་རང་སྨན་ཁང་གི་སྒོ་འགྲམ་དུ་བབས་ནས་ཡར་ལྟ་མར་ལྟ་བྱེད་དུས། གཡས་ཕྱོགས་བཞི་མདོ་དེ་ཡི་ཁ་གཏད་དུ་གྲོང་ཁྱེར་སྨན་ཁང་གསུམ་པ་དེ་ལྷིང་ངེར་མངོན་འདུག གྲོང་ཁྱེར་སྨན་ཁང་གསུམ་པ་འདིའི་མིང་འདི་ཐོས་ཡོང་དུས། ངའི་མགོ་ནང་དུ་སྨིག་རྒྱུ་སྲབ་མོ་ཞིག་གིས་ཡོངས་སུ་གཡོགས་ཏེ་ལོ་འགའི་སྔོན་གྱི་གནས་ཚུལ་ཞིག་གི་སྣང་བརྙན་མང་པོ་ཞིག ཆག་ཧྲིལ་དུ་གྱུར་བའི་མེ་ལོང་གི་ཟེགས་མ་བཞིན་འཐོར་འོང་སྟེ། མེ་ལོང་གི་ཟེགས་རྡོག་རེ་རེའི་ནང་དུ། སྐབས་དེའི་ཡིད་ཆད་དང་སྡུག་བསྔལ། བཟོད་བསྲན། རྙོག་འཛིང་། མིག་ཆུ་སོགས་ཆར་བ་བཞིན་བབས་ཡོང་གི་འདུག
       ལོ་གསུམ་གྱི་སྔོན་ལ། ངའི་གྲོགས་མོ་རྣོ་སྦྲེང་ཕ་ཡུལ་དུ་སོང་། ཉིན་ཞིག་གི་ཞོགས་པར་གཞུང་ལམ་དེད་ནས་ལུག་རྫིར་འགྲོ་དུས། ལམ་བར་དུ། ཁྱིམ་མཚེས་སྡེ་བ་དེའི་སློབ་གྲོགས་ཞིག་ལ་ཐུག མོ་ཏྲའི་ནང་དུ་ཁོ་དང་མི་ལྔ་འདུག མོ་ཏྲ་གཞན་འགའ་ཡང་འཕྲོ་རིམ་འཕྲོ་ནས་གཤར་ནས་ཡོང་གི་འདུག སློབ་གྲོགས་དེས་མོ་ཏྲའི་ཤེལ་སྒོ་མར་དེད་དེ”རྣོ་སྦྲེང་། བདེ་མོ། ཕ་ཡུལ་དུ་ནམ་ཡོང་བ་ཡིན"ཟེར།
       "ཡིན། ཨ་ཙི། སློབ་གྲོགས་གཡག་རྭ། ཁྱོད་འདི་འདྲའི་སྔ་མོར་གང་ལ་འགྲོ"རྣོ་སྦྲེང་གིས་བཤད། 
       "ཅང་ལ་འགྲོ་རྩིས་མེད། དེ་རིང་ངེད་ཚོ་དཀར་སྐྱེལ་ཞིག་ལ་སོང་བ་ཡིན"སློབ་གྲོགས་གཡག་རྭ་ཡིས་བཤད།
       འཚམ་འདྲི་དེ་ཙམ་གྱི་རྗེས་སུ། ཚེ་འདས་ཞིག་གི་དཀར་སྐྱེལ་ལ་སོང་བའི་མོ་ཏྲ་དེ་ཚོ་ཕྲེང་ལྟར་བསྒྲིགས་ནས་རྒྱང་རིང་ལ་རིམ་བཞིན་ཡལ་སོང་། ཡིན་ནའང་། ཉིན་དེའི་མཚན་མོ་དེ་ནས་བཟུང་། ངའི་གྲོགས་མོ་རྣོ་སྦྲེང་ལ་རྨི་ལམ་འཁྲུག་པ་ལྟ་བུའི་སྒྱུ་མའི་ཞིང་ནས་ཕྱིར་ལོག་མ་ཐུབ་པར་སྨྱོས་པ་རེད། ད་ལྟའི་ངའི་ཁ་གཏད་དུ་ལྷིང་ངེང་མངོན་པའི་སྨན་ཁང་འདི་ནི། གྲོགས་མོ་རྣོ་སྦྲེང་སྨྱོན་པར་གྱུར་ནས་ཟླ་དགུ་ལ་ཟུར་བཀག་བྱས་བསྡད་པའི་སྨན་ཁང་དེ་རེད། ལོ་དེར། ང་ཁོ་མོར་ལྟ་བར་ཐེངས་འགའ་ལ་བསྐྱོད་མྱོང་། ཐེངས་འགའ་ལ་བཞི་ལམ་འདི་བརྒྱུད་དེ་སྨན་ཁང་ནང་ཡར་འཛུལ་ཞིང་། ཐེངས་འགའ་ལ་སྨན་ཁང་ནས་མར་ཡོང་སྟེ་བཞི་ལམ་འདི་བརྒྱུད་ནས་འགྲོ་མྱོང་བའི་ང་རང། སྐབས་དེར་རི་དྭགས་རྨས་མ་ཞིག་ལྟར་ཁ་ཕྱོགས་མེད་པར་གྲོང་ཁྱེར་ཉུལ་བ་ཡིན། 
       དེ་རིང་། ཡང་བསྐྱར་བཞི་ལམ་འདི་རུ་འགྲེང་དུས། ང་འཛུལ་ས་ནི་སྔར་འགྲོ་མ་མྱོང་བའི་སྨན་ཁང་གཞན་རེད། སྨན་ཁང་འདི་ནི་ཐོས་མ་མྱོང་བའི་སྨན་ཁང་ཆུང་ཆུང་ཞིག་རེད།
       ངས་མག་པའི་ཨ་ཕ་ལ་ཁ་པར་བཏང་བ་ན། "ཉིས་ཐོག་ཏུ་ཤོག"ཟེར།
       ང་རང་གློག་མེད་པའི་མུན་ནག་གི་གློག་སྐས་དེར་བསྡད་ནས་ཉིས་ཐོག་ཏུ་ཐོན་དུས་ཞག་སྡོད་སྔར་ནས་བྱས་ཟིན་འདུག སྨན་པ་ཞིག་གིས་རྐང་པ་གཡོན་པའི་བརྟག་དཔྱད་ར་ཤེལ་ལ་ལྟ་བཞིན་དུ། "མྱུར་དུ་སྦྱོར་དགོས་འདུག ཁྱིམ་བདག་གིས་འབྲེལ་ཡོད་མིང་རྟགས་འགོད་དགོས"ཟེར།
       ཕ་ཡུལ་འབྲོག་ཕྱོགས་ནས་ཡོང་བའི་ངའི་གཉེན་ཉེ་འདི་ཚང་ལ། མི་དྲུག་ཡོང་འདུག གྲྭ་བ་གཉིས་དང་སྔགས་པ་གཅིག གཉེན་ཚང་རྒད་པོ། མག་པ་བློ་བཟང་བཅས་རེད། སྨན་པས"ནད་རོགས་མི་མང་འདུག  རྒྱ་སྐད་གོ་བའི་མི་གཅིག་སྡོད། གཞན་དག་སྒོར་སོང"ཟེར། སྨན་པའི་སྐད་ཆ་དེ་བཤད་པ་ཐག ང་རང་སྒོར་འགྲོ་གྲབ་བྱེད་སྐབས། "དུད་ཞག ཁྱེད་སྡོད་དང་། ཁྱོས་རྒྱ་སྐད་གོ་བ་རེད། མིང་རྟགས་ཁྱོས་བཀོད་ན་འགྲིག་འདུག"ཅེས་གྲྭ་བ་ཞིག་གིས་ང་ལ་མངགས་ཆ་བྱས་བྱུང་།
       "ཡ་ཡ"ངས་བཤད།
       སྨན་པས་ལག་ཏུ་ཤོག་བུ་བརྩེགས་མ་ཞིག་བཟུང་སྟེ"ཁྱེད་དང་ནད་པའི་འབྲེལ་བ་ཅི་ཡིན"ཟེར།
       ངས"སྤུན་ཡིན"ཞེས་ལན་བཏབ། དོན་གྱིས་ཚ་མོ་ཞིག་གི་མག་པ་ནི་ངའི་སྤུན་ཡིན་ས་མི་འགྲོ་མོད། ངས་སྐད་ཆ་དེ་བསམ་བཞིན་དུ་བཤད་པ་ཡིན། མ་མཐའ་ཡང་ང་ནི་འཇིག་རྟེན་གྱི་མི་ཡོད་ཚད་ལ་སྤུན་འདང་བཅིངས་པར་རེ་བ་བྱེད་ཀྱིན་ཡོད་པའི་མི་ཞིག་ཡིན་པའི་ཆ་ནས། དེ་རིང་ངས་ངེས་པར་དུ་དེ་ལྟར་བཤད་འོས་། སྔོན་ཆད་གྲོགས་མོ་རྣོ་སྦྲེང་སྨྱོ་ནད་ཁང་དུ་ཡོད་དུས་ཀྱང་།ངས་མོ་ལ་དེ་ལྟར་སྲིང་མོ་ཞིག་གི་བརྩེ་བ་བཅིངས་མྱོང་། མ་མཐའ་ཡང་ཟླ་དགུ་ལྷག་ལ་སྨན་ཁང་དུ་བསྡད་རིང་དེ་ལྟར་བསམ་མྱོང་།
       དེ་ནས་ཤོག་བུ་རེ་རེ་ལ་དུད་ཞག་ཅེས་པའི་མིང་དེ་བྲིས། སྤུན་གྱི་འབྲེལ་བ་ཞེས་པའི་ཡི་གེ་དེ་དག་བྲིས། ༢༠༧༩ལོའི་ཟླ༣ཚེས༩ཞེས་པའི་ཨང་ཀི་དེ་དག་བྲིས། དེ་ནས་ཤོག་བུ་རེ་རེར་མཛུབ་ཐིལ་མནན་རྗེས། སྨན་པས"འགྲིག་སོང་། ད་ནི་ནད་པ་གཤག་བཅོས་ཁང་དུ་སྐྱེལ་བར་གྲ་སྒྲིག་གྱིས"ཟེར། ང་ལ་སྒོ་ཕྱིར་སོང་ནས་ཁོ་ཚོ་དེ་ལྟར་བཤད། ཁོ་ཚོ་བྲེལ་བྲེལ་འཚུབ་འཚུབ་ཏུ་མྱུར་སྐྱོབ་ནད་ཁང་ཨང་བརྒྱད་པའི་ཁང་ཆུང་དེ་རུ་འཛུལ། ནད་ཁང་ཨང་བརྒྱད་པ་ནི་ནད་ཁྲི་གཅིག་ཅན་གྱི་ནད་ཁང་ཞིག་རེད། ནང་སྒོའི་གཡོན་འགྲམ་གྱི་སྦུག་ཏུ་གསང་སྤྱོད་ཁང་འདུག ནང་དུ་མི་འདོད་པའི་དྲི་མ་ཁ་བོ་ཞིག་གིས་ཁྱབ་འདུག
       ང་ཚོས་མག་པ་བློ་བཟང་གི་ནད་ཁྲིའི་མཐའ་བསྐོར་ནས། མྱུར་དུ་གཤག་བཅོས་བྱེད་རྒྱུ་ཡིན་པའི་སྐོར་བཤད་པ་ན། ཁོས་ངོ་གདོང་ལས་ཡིད་མི་ཆེས་པའི་མདངས་ཤིག་སྟོན་བཞིན། "ཨ་ཙི། ད་ལས་རྒྱུ་ཡིན་ནམ"ཟེར། ངས"རེད། ངས་གཤག་བཅོས་ཀྱི་མིང་རྟགས་ཀྱང་བཀོད་ཚར"ཞེས་བཤད། 
       བློ་བཟང་གི་ཨ་ཁུ་དང་ཨ་ཕ་གཉིས་ཀྱིས་ངེས་པར་ཨ་ལགས་ཚང་ལ་ཕྱག་མོ་གཟིགས་དགོས་ཟེར་ནས། ནད་ཁང་སྒོར་བུད་ནས་ཨ་ལགས་ཚང་ལ་ཁ་པར་བཏང་བྱུང་། ཨ་ལགས་ཚང་གིས"སྨན་ཁང་གི་གཤག་བཅོས་ལ་མོ་དེ་འདྲ་ཡག་རྒྱུ་མི་འདུག དེར་བལྟས་ན། ཕ་ཡུལ་གྱི་ལྷ་རྗེ་འཇིགས་མེད་ལ་ཕྱག་མོ་ཡག་ཟེར”གསུངས་བྱུང་། བློ་བཟང་ཡང་དེ་ལ་འཐད་པ་བྱུང་། ཡིན་ནའང་། ཁོའི་ཨ་ཕ་སྨན་ཁང་དུ་འདུག་རྒྱུར་འཐད་འདུག་སྟེ”ཚན་རིག་གི་ལག་རྩལ་ནི་དམངས་ཁྲོད་ཀྱི་སྨན་པ་ཞིག་ལ་མི་དོ་ཟེར་ན་སུས་རྣར་འགྲོའམ"ཟེར། ངའང་ཚན་རིག་གི་ལག་རྩལ་ལ་ཡིད་ཆེས་ཡོད་མོད། སྨན་ཁང་འདི་ཡི་ཕྱི་ནང་ཅིག་མཐོང་དུས་སྨན་ཁག་འདི་ལ་ཡིད་ཆེས་མི་འདུག དེ་ནི་ཨ་ལགས་ཚང་གི་ཕྱག་མོ་ལ་ཡིད་ཆེས་པའང་མིན། ངའི་བསམ་ཚུལ་ནི་སྨན་ཁང་ཆེ་ཞིག་ཏུ་སོང་ན་དགའ་ཞེས་པའི་དོན་ཡིན་མོད། ངས་སྐད་ཆའི་ཐིགས་པ་གཅིག་ཀྱང་ཁ་ནང་ནས་ཕྱི་རུ་འཐོར་དུ་འཇུག་མ་འདོད།
       ཤ་རྒྱགས་ཤིང་སྐྲ་རིང་བའི་སྔགས་པ་དེ་ནི། མག་པ་བློ་བཟང་གི་ཨ་ཁུ་ཆུང་བ་ཡིན་འདུག ཁོ་ནི་སྔགས་དགོན་ཞིག་གི་བླ་མའི་ཞབས་འབྲང་བ་ཡིན་པས། ཁོའི་སྔགས་པའི་བླ་མ་དེ་ལ་ཕྱག་མོ་ཞིག་གཟིགས་རྗེས། རིམ་གྲོ་ཅི་ཡོད་བལྟ་ཟེར་ནས་སྒོར་བུད་དེ་ཁ་པར་བཏང་བྱུང་། དེ་ལྟར། གྲོས་ཐག་མ་ཆོད་པར་ཡུན་རིང་ཙམ་ཞིག་འགོར་བའི་སྐབས་སུ་སྨན་པ་སླེབས་སོང་། སྨན་པས"གཤག་བཅོས་ཁང་དུ་འགྲོ་དགོས"ཞེས་བཤད་པར། ནད་པ་བློ་བཟང་གིས་སྨན་པ་ལ"ང་གཤག་བཅོས་བྱེད་པར་འཐད་པ་མིན"ཞེས་ལབ། སྨན་པས"མིང་རྟགས་ཀྱང་བཀོད་ཚར་བ་མིན་ནམ། ང་ཚོ་སྨན་པ་ཚོས་གཤག་བཅོས་ཁང་དུ་བསྒུགས་ཡོད"ཟེར།
       བློ་བཟང་གིས"མི་འགྲོ"ཟེར། སྨན་པ་ཕྱིར་སོང་བ་དང་མཉམ་དུ། སྔགས་པ་དེ་ཡར་འཛུལ་བྱུང་། "བླ་མའི་ལུང་བསྟན་ལྟར་ན། སྨན་ཁང་དུ་བསྡད་ན་ཡག་འདུག"ཅེས་ཟེར། དེ་ལྟར་ཐག་མ་ཆོད་པར་ཡུན་རིང་འགོར་སོང་། གཤག་བཅོས་བྱེད་པར་རྒྱབ་པའི་གནམ་ཁབ་དམ་བུ་ཆེན་མོ་དེའང་ཐིགས་པ་གཅིག་རེ་གཅིག་རེ་བྱས་ཚར་ལ་ཉེ། ནད་པ་བློ་བཟང་གཤག་བཅོས་བྱེད་པར་མི་འཐད་མོད། སྔགས་པའི་བླ་མའི་ཕྱག་མོ་སྨན་ཁང་ཡག་སོང་། བློ་བཟང་གི་ཕ་རྒན་གྱི་བསམ་ཚུལ་ཡང་སྨན་ཁང་དུ་འདུག་རྒྱུ་དེ་ཡིན་མོད། ཨ་ལགས་ཚང་གི་ཕྱག་མོ་ཕྱིར་ཕ་ཡུལ་ལ་ཡོང་རྒྱུ་དེ་ཡག་སོང་། དེ་ལྟར། ཁོ་ཚོ་ཏབ་ཅིག་ལ་ནད་ཁང་ཆུང་ཆུང་དེ་ལས་དཀའ་རྙོག་གི་རྫིང་བུ་ཆེན་པོ་ཞིག་ཏུ་ལྷུང་སོང་།
       དུས་ཚོད་ཀྱི་རྟ་ཕོ་མཐུར་ནས་ཤོར་བ་ཇི་བཞིན་མདུན་ནས་མདུན་དུ་རྒྱུག་གིན་མཚན་མོའི་ནམ་ཕྱེད་བརྒལ་སོང་། སྨན་པ་འགའ་ཡོང་ནས་ནད་པའི་གནམ་ཁབ་བླངས་ཤིང་། ཁྱེད་ཚོས་གཤག་བཅོས་བྱ་རྒྱུ་མིན་ཚེ་སྨན་ཁང་ནས་འབུད་རོགས་ཟེར་ནས་བུད་སོང་། ང་ཚོས་སྔར་བཞིན་ནད་ཁྲིའི་མཐའ་བསྐོར་ནས་གླེང་མོ་སྣ་ཚོགས་བྱས། ལ་ལས་ཕྱག་མོའི་ཁ་ཐོག་ཏུ་འཇོག་ཟེར། ལ་ལས་ནད་པ་དབང་ཆེན་བཅའ་མི་རུང་སྨན་པའི་ཁ་ཐོག་ལ་ཉན་དགོས་ཟེར། གང་ལྟར། ཅི་འདྲ་བཤད་ཀྱང་ཐག་མ་ཆོད་པས། སང་ཉིན་སྔ་མོར་སྤྲུལ་སྐུ་རྟོག་ལྡན་ཚང་གི་སྙན་ལམ་དུ་ཞུས་རྗེས་ཐག་གཅོད་རྒྱུ་བྱས།
       གནམ་ཁབ་དེ་དག་གིས་ཡིན་ནམ། གང་ལྟར་བློ་བཟང་གི་ན་ཟུག་ཀྱང་ཅུང་ཙམ་འཇགས་བྱུང་བ་འདྲ། ཁོ་སྔུར་བ་ཡང་མོ་ཞིག་དང་མཉམ་དུ་གཉིད་ཀྱི་མཚེའུའི་ནང་དུ་རྡོ་ཞིག་ལྷུང་བ་ལྟར་རེ་ཞིག་གཏིང་རིང་དུ་བྱིངས།
       "ཁྱེད་ཚོ་སོང་ནས་ཟ་མ་ཟོ་དང་། ཁོ་ངས་སྲུང་ནས་འདུག"ངས་བཤད།
       ཁོ་ཚོ་དངོས་གནས་ལྟོག་ཡོད་པ་འདྲ། སུ་གཅིག་གིས་ཀྱང"མིན"ཞེས་པའི་སྒྲ་དེ་ངག་སྒོར་ཕུད་མ་སོང་། ངས་སྐད་ཆ་དེ་བཤད་པ་ཐག་ཏུ། ཕོ་བའི་ནང་གི་སྟོང་སྐད་བར་མེད་གྲགས་པའི་སྒྲ་ཐོས་སོང་བ་འདྲ། ཁོ་ཚོ་གློ་བུར་དུ་ཡར་ལངས་ཏེ་སྒོ་ཕྱིར་བུད་སོང་། ང་རང་བློ་བཟང་གི་སྔས་འགྲམ་གྱི་རྐུབ་སྟེགས་དེའི་སྟེང་ཙོག་ནས་ཁ་རོག་གེར་ཁོའི་གདོང་ལ་ཅེར་ནས་བསྡད། ཙག་གིས་ཁ་དོག་བསྒྱུར་བའི་མཁུར་ཚོས་སྨུག་པོ་དེ་གཉིས་ལས་ཁྲག་རྩ་གསལ་བོ་མཐོང་ཡོང་ལ། རླུང་བུས་བརྡར་བའི་སྐྲ་ལོ་འཛིང་པོ་དེའང་ཁ་ཕྱོགས་མེད་པར་གང་སར་འཕྱུར་འདུག
       ང་རང་ཁ་རོག་གེར་གསང་སྤྱོད་ཁང་དུ་འཛུལ། ཡུན་རིང་བསྲན་པའི་གཅིན་པ་སོས་དལ་མོས་མར་འཕུད་དགོས་བསམ་ནས་མར་ཙོག གཏོང་ཞོར་དུ་ཁ་པར་བླངས་ནས་གྲོགས་ཚོམ་དང་མགྱོགས་འཕྲིན་སོགས་སུ་ཉུལ། ངའི་མིག་ལམ་དུ་རབ་རིབ་ཀྱི་ནག་ཐིག་མང་པོ་ཞིག་འགུལ་བའི་སྣང་བ་སྟེར། སྣང་བ་དེ་ཁ་པར་ནང་གི་བརྙན་ཐུང་མང་པོས་བསྣུབ་ནའང་། ཤེས་པས་མི་ཟིན་པའི་སྣང་བའི་ནང་དུ་ད་དུང་ཡང་ནག་ཐིག་འགའ་འགུལ་གྱིན་འདུག
       ཡར་ལངས་ནས་རྐང་སྣམ་ཁ་འདིག་སྡོམ་དུས། གསང་སྤྱོད་ཀྱི་ཆུ་འགྲོ་སའི་ཁུང་བུ་ལས་འབུ་ཨ་ཞང་མང་པོ་ཞིག་སླེབས་ཡོང་ནས། གསང་སྤྱོད་ཁང་གི་རྡོ་གཅལ་ཁེངས་སོང་། ང་རང་སྐྱུག་མེར་དང་ཚིག་པ་ཟ་ཞོར་སྒོར་ཕྱེས་ཏེ་ནད་ཁང་དུ་འཛུལ་བ་ན། འབུ་དེ་དག་བློ་བཟང་གི་ནད་ཁྲིའི་སྟེང་ཁེངས་འདུག་ལ། མང་པོ་ཞིག་བློ་བཟང་གི་སྣ་ཁུང་དང་ཁ་བར་ནས་ཁོག་ནང་དུ་བསྟུད་མར་ཆུ་བཞིན་བཞུར་གྱིན་འདུག
       "སྨན་པ། མྱུར་དུ་ཤོག་དང་། ནད་པ་འབུ་ཡིས་ཟོས་སོང་།”ང་ཕྱི་རུ་བརྒྱུགས་ཏེ་བཤད།
       སྨན་པ་ཚོ་མྱུར་དུ་ནད་ཁང་ཨང་བརྒྱད་པ་རུ་བརྒྱུགས་སོང་། ངའང་ཁོ་ཚོའི་རྗེས་ལ་བརྒྱུགས་པ་ཡིན། ནང་དུ་ཐོན་དུས་བློ་བཟང་སྔར་བཞིན་གཉིད་ཀྱི་གཏིང་རིང་དུ་ཁུགས་འདུག སྔུར་བ་ཡང་མོ་དེ་ཡིས་རྐང་ཆག་ནད་པ་ཞིག་ག་ནས་ཡིན་བསམ་པ་ཞིག་འདུག་མོད། འབུ་ཨ་ཞང་དེ་ཚོ་གྲིབ་མ་ཙམ་ཡང་མཐོང་ཡུལ་དུ་མི་འདུག ངས་སྨན་པ་ཚོ་ལ་འབུ་དེ་དག་གསང་སྤྱོད་ཁང་གི་ཆུ་བཞུར་སའི་ཁུང་བུ་ལས་ཕྱིར་ཐོན་པར་དངོས་སུ་མཐོང་བ་ཡིན་ཞེས་ཇི་ལྟར་བཤད་ཀྱང་། ཁོ་ཚོས་ང་རང་རྒྱུན་ལྡན་གྱི་མི་ཞིག་མིན་པའི་ཆ་འཇོག་བྱས་སོང་།
       ང་རང་ལོ་ན་ཆུང་དུས་བེའུ་རྫིར་འགྲོ་དུས་རྡོ་ལེབ་མང་པོའི་ཡོག་ཏུ་འབུ་དེ་འདྲ་ཧ་ཅང་མང་། ང་ཚོས་དེ་ལ་འབུ་ཨ་ཞང་ཟེར། འབུ་རྐང་བརྒྱ་ལག་བརྒྱ་ཡང་ཟེར། གང་ལྟར། འགྲོས་མགྱོགས་ཤིང་རྭ་ཅོ་རིང་བོ་ཅན་དེ་འདྲ་ཞིག་ཡིན། ངས་བལྟས་བལྟས་རིག་རིག་ལ་ནད་པ་བློ་བཟང་གི་ཁ་ནང་དུ་གཤར་སོང་བ་དེའང་འབུ་རྐང་བརྒྱ་ལག་བརྒྱ་རེད། ངས་དངོས་སུ་མཐོང་སོང་། ཡིན་ནའང་། ཁོ་སྔར་བཞིན་གཉིད་ཀྱི་བདེ་ལ་ཁུགས་འདུག་པ་འདི་ཅི་ཡིན་ནམ།
       མཚན་མོ་དེར། ཁོ་ཚོ་ཕྱིར་མ་སླེབས་གོང་ལ། ང་རང་ཕྱི་རུ་ཐོན་ཏེ་ཡུན་རིང་ལ་ཁ་ཕྱོགས་མེད་པར་སྲང་ལམ་ཉུལ་ནས་སོང་། མཁའ་དབྱིངས་སུ་སྐར་འོད་ཅིག་ཀྱང་མཐོང་རྒྱུ་མི་འདུག་པར་ཆར་བ་ཟམ་ཟིམ་ཞིག་འབབ་ཀྱིན་འདུག ངའི་མིག་ལམ་དུ་འབུ་ཨ་ཞང་མང་པོ་ཞིག་བློ་བཟང་གི་ཁོག་ནང་དུ་འཛུལ་སོང་བའི་མངོན་སུམ་དེ་ཤར་ནས། འཕྲུལ་སྣང་རིང་མོ་ཞིག་ཏུ་ཞུགས་ནས་དངོས་ཡོད་འཇིག་རྟེན་འདི་ལ་ཡིད་ཆེས་ཐབས་བྲལ་སོང་།
       ཕྱི་ཉིན་ཞོགས་པར། ཁོ་ཚོ་སྨན་ཁང་དུ་མ་བསྡད་པར་ཕྱིར་ཕ་ཡུལ་དུ་བུད་སོང་འདུག བློ་བཟང་གི་རྐང་བའང་ན་ཡི་མི་འདུག་ཟེར། ངས་ཨ་ཅེ་ཆོས་སྒྲོན་ལ་ཁ་པར་བཏང་ནས་དེ་དོན་བཤད། ཨ་ཅེ་གཡུ་རུ་ཕྱུག་མོ་ཁ་ན་ལུག་རྫི་ཡིན་ཟེར། བློ་བཟང་ན་མར་ཉག་ཁ་ནས་རུ་བ་སྤར་དུས། འཕྲུལ་རྟ་མ་ཐུབ་པར་ཐང་ལ་བརྒྱབ་པ་ཡིན་འདུག དེ་རིང་ཨ་ཅེའི་སྐད་གདངས་ལ་ཉན་ན་ཕལ་ཆེར་རྒྱུན་ལྡན་ལྟར་རེད། ཁ་སང་ལྟར་སྙིང་འཕར་ཀི་མེད་ཚོད་རེད།
       ངའི་སྒེའུ་ཡོལ་ཕྱེ་ནས་ལྟ་དུས། སྒེའུ་ཁུང་ཕྱི་རོལ་ཆར་སྤྲིན་གྱིས་བཀང་འདུག ཐོག་བརྩེགས་རེ་བཞི་ནི་བར་སྣང་ཞིག་རེད། བར་སྣང་འདི་རུ། ཉི་འོད་གསར་བ་མཐོང་ཐུབ་ལ་སྤྲིན་དཀར་གསར་བའང་མཐོང་ཐུབ། མཚམས་མཚམས་སུ། སྒེའུ་ཁུང་ཕྱི་རོལ་ལ་ལག་པ་བསྲིང་ནས་སྨུག་སྤྲིན་ལག་མགོར་དཀྲིས་ཆོག་སྙམ་ཚོད་ཀྱང་ཡོད། གང་ལྟར། བར་སྣང་འདི་རུ། ས་གཞིའི་སྟེང་གི་འུར་སྒྲ་མི་ཐོས་ལ། ཐང་ལ་ལྷུང་བའི་མུན་ནག་ཡང་མི་མཐོང་།
       ངས་སྒེའུ་ཡོལ་ཕྱིར་འཐེན་ནས་མལ་སའི་ནང་ལོག་དུས་སྙས་འགྲམ་དུ་ཝུ་ཆང་གི་ལྕགས་ཐོ་འགའ་ཡོད་པ་མཐོང་སོང་། ལྕགས་ཐོ་དེ་དག་མཐོང་དུས་མ་གཏོགས་མདང་དགོང་ལམ་བར་ནས་ཅི་ཙམ་འཐུང་བ་དང་ཁྱིམ་ལ་ཇི་ལྟར་ཡོང་བ་ད་ལྟ་དྲན་ངོགས་སུ་མི་འདུག ངས་མལ་ཐུལ་གྱི་ཡོག་ཏུ་མདང་གི་སྨན་ཁང་ནང་གི་དོན་དེ་བསམ་བློ་བཏང་། དེ་ནི་རྨི་ལམ་ཞིག་དང་མཚུངས། མག་པ་བློ་བཟང་གི་ཁ་སྣའི་ནང་དུ་དེ་འདྲའི་འབུ་མང་པོ་ཞིག་འཛུལ་སོང་བ་མངོན་སུམ་ཞིག་ཡིན་ཡང་། བསམ་གྱིན་བསམ་གྱིན་མངོན་སུམ་མིན་པ་ཞིག་ཏུ་འགྱུར་འགྲོ། ངས་མངོན་སུམ་གྱི་སྲང་ལམ་མང་པོ་འཕྲེད་ཀྱིས་བཅད་དེ་ཝུ་ཆང་འཐུང་བཞིན་ལམ་ཐག་རིང་པོར་ཡོང་བ་དེའང་མངོན་སུམ་ཞིག་ནས་ལྐོག་གྱུར་ཞིག་ཏུ་གྱུར་བའི་སྣང་བ་འཆར། དོན་དངོས་རེད་འདོད་ནའང་ང་རང་ཁྱིམ་དུ་ཇི་ལྟར་སླེབས་པའི་མངོན་སུམ་ཅི་ཡང་བཤད་རྒྱུ་མི་འདུག
       དེས་ན། ད་ལྟ་ང་རང་ཉལ་སར་ཉལ་ཡོད་པ་འདི་མངོན་སུམ་ཡིན་ནམ། ང་དེ་ལྟར་མངོན་ལྐོག་གི་བར་མ་དོ་རུ་ལྷུང་སྟེ་ཉིན་གང་བོར་ཉལ་ནས་བསྡད། མུན་རུབ་ལ་ཉེ་དུས་སླར་ཡང་ལམ་ལ་ཆས་སྙིང་འདོད། རླུང་དང་དུས་ཚོད་འདེད་ཀྱིན་པའི་རྡོག་སྣེ་ནི་ཡང་བསྐྱར་མདང་གི་སྨན་ཁང་དེའི་ཕྱོགས་སུ་འཐེན། ངས་སྨན་ཁང་དེའི་ནང་དུ་མངོན་སུམ་གྱི་དངོས་དཔང་ཞིག་བཙལ་ཏེ། སྨན་ཁང་དེ་རྙོང་འཛིང་གི་གྲོང་ཁྱེར་ཡོངས་ཀྱི་ཆེས་རྒྱུག་ཆེ་བའི་གསར་ཤོག་ཏུ་བསྒྱུར་ན་བསམ།
       མུན་རུབ་སོང་། ང་རང་ཐོག་བརྩེགས་དྲུག་ཅུ་རེ་བཞིའི་གློག་སྐས་སུ་བསྡད་དེ་མར་བབས། ཐོག་བརྩེགས་བཞི་བཅུ་བ་ནས་ན་གཞོན་ཕོ་མོ་གཉིས་ནང་དུ་བུད་སོང་། ཁོ་གཉིས་ཀྱིས་ང་ལ་སྣང་དོག་སྤུ་ཙམ་ཡང་མི་བྱེད་པར་ཕན་ཚུན་གྱི་མཆུ་དང་མཆུ་སྦྱོར། ཐོག་བརྩེགས་བཅུ་བདུན་པ་ནས་རྒན་མོ་ཞིག་གིས་ཧཱ་པ་ཞིག་ཁྲིད་ནས་ནང་དུ་འཛུལ་བྱུང་། ཧཱ་པ་དེས་ན་གཞོན་དེ་གཉིས་ཀྱིས་འོ་བྱས་པ་ན"འབ། འབ། འབ"ཅེས་ཟུག་པར་བྱེད།
       སྒོ་བུད་དུས་ཆར་བ་ད་དུང་ཆད་མི་འདུག ཟིམ་ཟིམ་ཟིམ་ཟིམ་བབས་ཀྱིན་འདུག ཡར་འོང་མར་འགྲོའི་མི་ཚོགས་ཀྱིས་ཆར་གདུགས་བཀར་ཏེ་ཆར་ཐིགས་གཅིག་ཀྱང་ལུས་ཐོག་ཏུ་འབབ་པའི་གོ་སྐབས་སྟེར་གྱིན་མི་འདུག ང་ལ་ཆར་གདུགས་མེད་ལ་ཞྭ་མོའང་མེད་པར། གྲོང་ཁྱེར་ཤར་ཕྱོགས་ཀྱི་སྨན་ཁང་དེ་དམིགས་སར་བཟུང་ནས་སོང་། སྲང་ལམ་གཅིག་བརྒལ་ཚེ་སྲང་ལམ་གཅིག་ལ་ཐོན་ཞིང་། ཡང་བསྐྱར་སྲང་ལམ་ཞིག་བརྒལ་རྗེས་སྲང་མདོ་ཞིག་ལ་སླེབས། སྲང་མདོ་དེ་རུ་ཟམ་པ་ཞིག་འདུག ང་རང་ཟམ་པའི་རགས་སྐྱོར་ལ་ཁེན་ཏེ་མར་ལྟ་དུས་ཙོང་ཆུ་རིང་མོ་འཇམ་ཅག་གེར་བཞུར་གྱིན་འདུག ཆུའི་ཁ་རུ་གཡེང་བའི་གད་སྙིགས་དེ་དག་ལ་བལྟས་ཀྱིན་བལྟས་ཀྱིན་དུ། ཆུས་མི་ཡི་འདོད་པ་འཁུར་འགྲོ་བ་དང་འདྲ། མི་ཡི་ཧམ་སེམས་དང་ནག་ཉེས་ཁུར་ནས་འགྲོ་བ་དང་འདྲ། བརྩེ་དུང་དང་གཡོ་སྒྱུ་ཁུར་ནས་འགྲོ་བ་དང་འདྲ། དེ་དག་ཁུར་སོང་བའི་ཤུལ་དུ་ཤ་རྡོག་མང་པོ་ཞིག་གི་གྲམ་གཞུང་ཞིག་ལྷག་པ་ལས་ཅི་ཡང་མེད་མོད། ང་རང་མུ་མཐུད་དུ་སྲང་ལམ་རིང་མོ་ཞིག་བརྒྱུད་ནས་སོང་། ད་ཐེངས་ཀྱི་ཁ་ཕྱོགས་ནི་ཙོང་ཆུ་བཞུར་བའི་ཁ་ཕྱོགས་རེད། གྲོང་ཁྱེར་འདིའི་སྲང་ལམ་རིང་མོ་དག་ཙོང་ཆུ་བཞུར་བའི་རྒྱུན་ལ་གཤིབ་ནས་ཡོད། འཕྲེད་ཀྱིས་བཅད་པའི་སྲང་ལམ་དེ་དག་གིས་ཙོང་ཆུའི་བཞུར་རྒྱུན་དང་གཤིབ་པའི་སྲང་ལམ་རིང་མོ་དྲུག་བདུན་ཞིག་འཕྲེད་ཀྱིས་གཏུབ་ཡོད་ཅིང་། བར་སྣང་དུ་བལྟས་ཚེ་གྲོང་ཁྱེར་འདིའི་ཆགས་དབྱིབས་ནི་སྟབས་བདེ་ཐིག་པ་མང་པོ་ཞིག་བསྡེབས་གཅིག་ལ་བཞག་ཡོད་པ་དང་མཚུངས། དེ་ལྟར། གྲམ་གཞུང་དུ་གཙང་བོ་བཞུར་གྱིན་འདུག ལམ་ནང་དུ་མོ་ཏྲ་དང་མི་ཚོགས་བཞུར་གྱིན་འདུག
       ངས་དུས་རྒྱུན་འདང་རྒྱག་དུས་ཀྱང་གྲོང་ཁྱེར་ནི་སྟབས་ཐིག་ཅིག་དང་མཚུངས་པར་འདོད་ཀྱིན་ཡོད། དོན་དངོས་སུའང་གྲོང་ཁྱེར་ནི་སྟབས་ཐིག་ཅིག་རེད།
       ང་རང་བདུན་གཅིག་ལམ་ནས་གཡས་ཀྱི་སྲང་ལམ་ཞིག་བརྒྱུད་ནས་བརྒྱད་གཅིག་ལམ་དུ་ཐོན་མ་ཐག  རིག་མི་འདོད་པའི་སྨན་ཁང་གསུམ་པ་ཡང་བསྐྱར་ཕ་གི་ནས་མིག་ལ་མངོན་བྱུང་། སྨན་ཁང་གསུམ་པའི་ཐོག་བརྩེགས་རྩེ་ཡི་རྒྱ་ཡིག་དམར་པོ་དེ་དག་ཐག་རིང་ནས་མཐོང་མ་ཐག "སྨྱོན་པ་གཟའ་རོ་ཡིན་ན་འདིར་ཤོག"ཟེར་བ་དང་མཚུངས་པར། དམར་པོའི་འོད་མདངས་དེ་མཚན་མོའི་སྨག་རིམ་ཁྲོད་ན་ཤིན་ཏུ་གསལ། ཚིག་པ་ཟ་སྤྱད་ཀྱི་རྒྱ་ཡིག་དེ་དག་དང་དེའི་ནང་གི་སྨྱོ་རྫི་སྨན་པ་དེ་དག་དྲན་ན། ངས་ཞེ་སྡང་གི་འབར་འདེལ་ཞིག་འཕངས་ཏེ་ཐལ་དང་རྡུལ་དུ་བཏང་ན་བསམས་བྱུང་།
       དེ་ནས་སྲང་ལམ་གྱི་ཕ་གིར་ཕྱིན་ནས་གཡོན་ཕྱོགས་ཀྱི་སྲང་ལམ་དེ་དེད་ནས་ཡར་ཅུང་ཙམ་སོང་བ་ན་མདང་གི་སྨན་ཁང་སྐྱག་ཁང་འདྲ་བ་དེ་བསླེབས་སོང་། ང་སྨན་ཁང་གི་སྒོ་ནས་ཡར་འཛུལ་དུས། མདང་གི་སྨན་པ་དེ་མར་ཡོང་གི་འདུག ཁོས་ང་ལ"ཁྱོད་འདིར་ཅི་ལ་ཡོང་བ་ཡིན། གཉིད་བཤད་རྒྱག་ཏུ་ཡོང་བ་ཡིན་ནམ"ཟེར། ངས་ལན་ཅི་ཡང་མ་བཏབ་པར་ཡང་སྟེང་དུ་སོང་བ་ཡིན།
       ཐོག་བརྩེགས་གསུམ་པར་སླེབས་སོང་། ང་རང་དལ་མོར་ནད་ཁང་ཨང་བརྒྱད་པའི་ཕྱོགས་སུ་སོང་།  ནད་ཁང་བརྒྱད་པའི་སྒོ་ལ་མ་ཐོན་གོང་ལ་མི་ཞིག་ཕྱི་རུ་ཐོན་ནས་ངའི་གམ་བརྒྱུད་དེ་བུད་སོང་། ངས་དལ་མོར་ནད་ཁང་གི་ནང་བལྟས་པ་ན། མདང་གི་ནད་ཁྲིའི་སྟེང་དུ་ཡང་བསྐྱར་ནད་པ་གསར་བ་ཞིག་ཡོང་འདུག ཁོའི་བརླ་གཡོན་པར་རས་དཀར་པོས་རྨ་དཀྲིས་བརྒྱབ་ཡོད་པར་བལྟས་ན་ཕལ་ཆེར་བརླ་བཅགས་པ་ཡིན་འདུག སྨན་ཁང་འདིར་ནད་པ་མང་པོ་མདང་དགོང་ནས་མེད་མོད། ཡོད་པ་ནི་རྐང་ཆག་རྐང་ཆག་ཁོ་ན་རེད། ཡིན་ནའང་། དེ་དགོང་མཐོང་བའི་ནད་པ་རྣམས་མདང་དགོང་མཐོང་བའི་ནད་པ་དག་ཡིན་མི་འདུག ནད་པ་གསར་བ་དག་དག་ཡོང་འདུག ངས་དེ་ཇི་ལྟར་ཤེས་སམ་ཞེ་ན། མདང་དགོང་ང་རང་གཤག་བཅོས་ཁང་གི་སྒོ་བརྒྱུད་ནས་འགྲོ་དུས། མི་མང་པོས་གཤག་བཅོས་ཁང་གི་སྒོ་སྲུང་འདུག དེའི་ནང་དུ་དམའ་འབྲིང་སྐབས་ཀྱི་ངོ་ཤེས་ཤིག་འདུག མོས་མིང་ལ་སྨན་བླ་འཚོ་ཟེར།
       "ཁྱེད་བདེ་མོ། རང་ཡིན་ནམ"ངས་བཤད།
       "བདེ་མོ། ངས་ནད་པ་ཞིག་གི་རྐང་བ་སྦྱོར་བར་གཤག་བཅོས་ཁང་དུ་སོང་བར་སྒུག་ཡོད"མོས་བཤད།
       གང་ལྟར། ཁོ་ཚོས་ཀྱང་ནད་པ་རྐང་པ་ཆག་པ་ཞིག་ལ་བསྒུགས་ཡོད་པ་ཐག་ཆོད་རེད། ཡིན་ནའང་། དེ་རིང་ནད་པའི་བདག་པོ་དེ་ཚོ་གཅིག་ཀྱང་མཐོང་རྒྱུ་མི་འདུག མདང་དགོང་གཤག་བཅོས་བྱས་ཏེ་དེ་རིང་སྨན་ཁང་ལས་བུད་སོང་ཆོག་པའི་སྲོལ་ཞིག་དཔེ་སྲིད་དམ།
       ང་རང་ནད་ཁང་གི་བར་ཁྱམས་ནས་ཕར་འགྲོ་ཚུར་འོང་བྱས་ནས་བསྡད། ནད་པ་ཞིག་གཞི་ནས་གཤག་བཅོས་ཁང་ནས་སྒོ་བུད་དེ་སྨན་པ་དང་ཁྱིམ་མི་མང་པོས་བསྐོར་ནས་དྲུད་ཡོང་སྟེ། ནང་ཁང་ཨང་གསུམ་པའི་ནད་ཁྲིའི་སྟེང་དུ་བཞག་བྱུང་། ནད་པའི་བཟི་དྭངས་མི་འདུག ཡིན་ནའང་། མིག་ཕྱེས་འདུག  སྨན་པས་སྙིང་རྟགས་བཤེར་ཆས་ཀྱི་གློག་སྒམ་དེ་ནད་པར་མཐུད་རྗེས་གནམ་ཁབ་ཇེ་དལ་ལ་གཏོང་བྱེད་འཁོར་ལོ་ཆུང་ངུ་དེ་འདེད་ཙམ་བྱས་ཏེ་ཕྱིར་བུད་སོང་། ཨ་ཅེ་མགོ་དཀྲིས་དམར་པོ་དཀྲི་མཁན་ཞིག་གིས་ནད་པའི་རྣ་རྩར་གཏད་ནས"བཟི་དྭངས་ཀི་ཨེ་འདུག"ཟེར། ནད་པ་དེས་མགོ་བོ་གཡུག་ཙམ་གཡུག་ཙམ་བྱས་སོང་། གཞན་མི་འགའ་ཡོད་པ་རང་རང་ས་རུ་ཙོག་འདུག ལ་ལས་ཕྲེང་བ་འདེད་ཀྱིན་ཅི་ཞིག་བྲེལ་སྟབས་ཀྱིས་འདོན་གྱིན་འདུག ལ་ལས་ཁ་པར་གཏོང་གིན་ཕྱི་རུ་ཐོན་སོང་།
       ང་རང་འཕྲད་མར་གློག་སྐས་ལས་མར་བབས་ཏེ་སྲང་ལམ་དུ་ཐོན། གསལ་ལ་མི་གསལ་བའི་མཚན་མོའི་སྲང་ལམ་གྱི་གློག་འོད་ངོགས་སུ། ལམ་འགྲམ་གྱི་སྡོང་པོ་དག་གི་འདབ་མ་དང་ཡལ་ག་ཐམས་ཅད་ཡར་མུན་པའི་ནང་དུ་འཛིངས་པོར་སྐྱེས་འདུག མཚམས་མཚམས་སུ། སྐྱི་བསེར་རླུང་དང་མཉམ་དུ་འདབ་མའི་གསེབ་ནས་ཆུ་ཐིགས་ཆེན་པོ་རེ་མར་ལྷུང་ཡོང་གི་འདུག  ང་རང་ཁ་ཕྱོགས་མེད་པར་གཡས་ཕྱོགས་ཀྱི་སྲང་ལམ་དེད་ནས་ཕྱིན། ཕར་ཅུང་ཙམ་ཕྱིན་ཏེ་ཕྱིར་སྨན་ཁང་དེའི་ཕྱོགས་སུ་ལྟ་དུས། སྨན་ཁང་དེ་མུན་པ་དང་གྲིབ་མ་འདྲེས་པའི་སྨུག་པ་སྐྱ་བོ་ཞིག་གིས་ཡོངས་སུ་གཡོགས་པས། སྨན་ཁང་དེ་ས་གཞི་དང་བྲལ་ནས་བར་སྣང་ལ་འཕགས་འདུག་པ་དང་མཚུངས། 
       སྐབས་དེར། "ཏིང་ཏིང་ཏིང"ཁ་པར་སླེབས་སོང་། ཁ་པར་ཡར་བླངས་ཏེ་ཉན་དུས་སྙན་ངག་པ་རླུང་བུ་རེད།
       "གང་ན་ཡོད། དེ་དགོང་གྲོང་ཁྱེར་གྱི་མཚན་མོ་ལ་སྙན་ངག་གི་ཁྲ་རྒྱན་འབུལ་འོས། ཞི་བར་གཤེགས་པའི་ལང་ཚོ་ཡི་རོལ་དབྱངས་ལ་འཇའ་ཚོན་གྱི་རྒྱུད་སྐུད་དཀྲོལ་འོས"ཟེར།
       "ངས་སྲང་ལམ་དོག་མོ་ཞིག་ཏུ་ས་ལ་འཐོར་བའི་གད་སྙིགས་ཀྱི་སྐར་མ་བཏུ་བཞིན། མུ་མཐུད་དུ་མདུན་ལ་འགྲོ་བཞིན་ཡོད"ངས་བཤད།
       "འགྲིག་འདུག མདུན་ནས་མདུན་ལ་ཤོག་དང་། གཙང་འགྲམ་གྱི་ལྡོག་བཞུར་ཆུ་བོ་ཞེས་པའི་ནང་དུ་ཡོད"རླུང་བུས་བཤད།
       ངས་སྲང་ལམ་འགའ་འཕྲེད་ཀྱིས་གཏུབ་ནས་གཙང་འགྲམ་གྱི་ཆང་ཁང་དེའི་ནང་ཡར་འཛུལ་བ་ན། རླུང་བུས་ང་ལ་ལག་པ་གཡུག་གིན་འདུག ཁོ་དང་ཞིབ་འཇུག་པ་ཕ་བོང་གཉིས་ཡོད་ཅིང་། ང་སླེབས་མ་ཐག་ཁོ་གཉིས་ཀྱིས་ཆང་ཕོར་ཡར་བཏེགས་ནས”དེ་དགོང་ནམ་གསལ་རག་ཏུ་ཡིད་དཱ"ཟེར་ནས། ཆང་ཕོར་གཅིག་རེ་ཆུ་རག་ཤོར་བ་ལྟར་རང་རང་གི་མགྲིན་པའི་ནང་ལ་བླུགས། 
       "དེ་དགོང་སྲང་ལ་ཡོང་དོན་རང་བཞིན་ཡིན་ནམ"ཕ་བོད་གིས་ང་ལ་དྲིས།
       ངས"འབུ་ཨ་ཞང་ལ་ལྟ་རུ་ཡོང་བ་ཡིན། མ་རེད། འབུ་ཨ་ཞང་མིའི་ཁོག་ཏུ་འཛུལ་བ་ལ་ལྟད་མོར་ཡོང་བ་ཡིན"ཞེས་བཤད།
       ཁོ་གཉིས་ལྷུག་ལྷུག་དགོད་ཀྱིན། “ཁྱེད་རང་འཕྱི་བ་བཞིན་ནང་དུ་འཛུལ་བསྡད་དེ་འབུ་སྲིན་སྐོར་གྱི་རྨི་ལམ་རྨི་རྒྱུ་མང་དྲགས་འདུག"ཟེར།
       ང་ཚོས་གློག་འོད་ཁྲ་ཁྲ་མ་ཁྲའི་ཐིག་ལེའི་གསེབ་ཏུ། དེང་རབས་ཀྱི་རོལ་མོ་སྣ་ཚོགས་པའི་རླབས་སྒྲའི་ཁྲོད་དུ། ཕན་ཚུན་ལ་ཆང་ཕོར་བཀྱགས་ཙམ་བྱས་རྗེས་བག་མེད་དུ་འཐུང་བ་ཡིན། ཇི་ལྟར་འཐུང་ན་དེ་ལྟར་འཐུང་བའི་ཡི་ག་ཆེ་རུ་འགྲོ་ཡི་འདུག བར་ཞིག་ལ་ངའི་ལུས་ཀྱི་དབང་རྩ་ཐམས་སྦྲིད་ཀྱིན་སྡོམ་གྱིན་ཡོང་བའི་སྣང་བ་ཞིག་སྟེར་མོད། ཇི་ལྟར་སྦྲིད་ན་དེ་ལྟར་སྤོབས་པ་ཇེ་ཆེ་དང་སྣང་བ་ཇེ་སྐྱིད། སྐད་ཆ་ཇེ་མང་ལ་བུད་འགྲོ་ཡི་འདུག
       བསྡད་ཀྱིན་བསྡད་ཀྱིན། སྒྲ་དབྱིངས་ཀྱི་སྦ་རླབས་ངོགས་སུ་ང་ཚོ་མི་རེ་རེ་ཤོག་བུའི་གྲུ་ཆུང་ཞིག་དང་འདྲ་བར། རྒྱ་མཚོའི་གཏིང་རིམ་དུ་བསྣུབ་པར་རྩོམ་ལ། མཚམས་མཚམས་སུ། རྣམ་ཤེས་ཀྱི་རྟ་ཕོ་འབྱམས་ཀླས་པའི་མཚན་མོའི་རླུང་ནང་དུ་ཡན་བར་བྱེད། ངེད་ཚོས་ཕན་ཚུན་གྱི་རྣ་རྩར་ཀི་བཏབ་ནས་ཁ་བརྡ་བྱས། སྐབས་རེར། གམ་ལ་རླུང་བཞིན་ཡོང་ལ་རླུང་བཞིན་བུད་འགྲོ་བའི་གཞོན་ནུ་མ་དེ་དག་ལ་ཆགས་གཏམ་བཤད། སྐབས་རེར། ངེད་ཚོ་མཉམ་དུ་ཡར་ལངས་ནས་ཝུ་ཆང་དམ་བུ་གང་རེ་ཞབས་བཏེགས་བརྒྱབ། དེ་ལྟ་དེ་ལྟར་བྱས་ནས་ཡུན་རིང་འགོར།
       སྐབས་ཤིག་ལ། ཕ་བོང་ཆང་ཁང་གི་སྟེགས་བུའི་སོང་སྟེ་སྟེགས་བུའི་ནང་རོལ་གྱི་བུ་མོ་དེ་ལ་མང་པོ་ཞིག་ལབ་ཀྱིན་འདུག སྙན་ངག་པ་རླུང་བུ་རྐུབ་སྟེགས་ལ་རྒྱབ་སྙས་ནས་ཅུང་ཞིག་གཉིད་ལ་ཤོར་སོང་།
       ངས་སྟོད་ལྭ་བཟུང་ནས་སྒོར་བུད་པ་ན། སྐྱ་རེངས་ཤར་འདུག ང་རང་གཙང་འགྲམ་གྱི་བརྒྱུད་ནས་ཡར་འགྲོ་དུས། ཙོང་ཆུ་རིང་མོའི་ཤང་སྒྲ་གཉོམ་པོ་ཞིག་རྣ་བར་ལྷུང་བ་ནི་ལྷོ་ཕྱོགས་སྨྱུག་མའི་ཚལ་གྱི་གླང་རྫིས་གླིང་བུ་འབུད་པ་ལས་ཀྱང་སྙན་སོང་། ང་རང་གྲོང་ཁྱེར་འདི་རུ་ལོ་འགའ་ལ་ལྷག་ཅིང་ཐེངས་མང་པོར་ཙོང་ཆུའི་འགྲམ་ལ་ཡོང་ནས་སྐྱོ་བསེང་གཏོང་མྱོང་མོད། ཡིན་ནའང་། ངས་ད་རག་ཏུ་ཙོང་ཆུ་ལ་འདི་འདྲའི་གླུ་དབྱངས་སྙན་མོ་ཞིག་ལེན་རྒྱུ་ཡོད་པ་ཐོས་མ་མྱོང་།
       ངས་ཙོང་ཆུའི་གླུ་དབྱངས་ལ་ཉན་ཞོར་གཙང་འགྲམ་གྱི་ལྗང་མདོག་གི་ལྗོན་ཤིང་ལ་ཡིད་སེམས་འཁྲི་བཞིན་འགྲོ་དུས། ངའི་མདུན་ཕྱོགས་ན་མི་ཞིག་ལངས་ནས་གཙང་བོའི་བཞུར་རྒྱུན་ལ་གཟིགས་འདུག མི་དེའི་བཞེངས་སྟངས་དང་དུ་བ་འཐེན་སྟངས་ལ་བལྟས་ན། ཤིན་ཏུ་རྒྱུས་ཡོད་པའི་མི་ཞིག་དང་འདྲ། ང་མི་དེ་ལ་གཟས་ནས་གམ་དུ་ཕྱིན་པ་ན། མི་དེ་ནི་བོད་ཀྱི་སྙན་ངག་པ་གཅན་མེ་སྟག་ལགས་རེད།
       ངས་གུས་ཞབས་དང་བཅས"རྒན་ལགས། ཞོགས་པ་བདེ་ལེགས"ཞེས་བཤད་པ་ན། ཁོང་གིས་ང་ལ་བལྟས་ནས་འཛུམ་ཙམ་བྱས་ཏེ་སྔར་བཞིན་དུ་བ་འཐེན་བཞིན་གཙང་བོ་བཞུར་ཡུལ་གྱི་ཤར་ཕྱོགས་སུ་གཟིགས་འདུག ཁོང་གི་གཟིགས་རྒྱང་གི་སྣེ་མོ་རུ་ཞོགས་པའི་ཉི་འོད་དང་གཙང་བོའི་བཞུར་རྒྱུན་གཉིས་འདྲིས་ནས་བཞུར་གྱིན་འདུག
       ང་རང་ཕྱིར་ཁྱིམ་དུ་ལོག་མ་ཐག་ཏུ། ཆུང་མས་ཁ་པར་སླེབས་བྱུང་།
       “ཁྱེད་ཀྱིས་སྨན་ཨེ་འཐུང"ཆུང་མས་བཤད།
       "འཐུང་ཟིན"ངས་བཤད།
       "སྨན་པས་བཤད་པ་བཞིན། དུས་ཚོད་ལྟར་འཐུངས་རོགས”ཆུང་མས་བཤད།
       “ངས་འབུ་ཨ་ཞང་ཡང་འཐུང་གི་ཡོད"ངས་བཤད།
       ངས་སྨན་ཁུག་ལས་སྨན་ཁེམ་བུ་གསུམ་ཁ་ནང་དུ་བཏབ་སྟེ། སྨན་ཁུག་ངོས་སུ་ལྟ་དུས། ད་ལྟ་ངས་འཐུང་བཞིན་པ་འདི་ནི་དགོང་མོར་འཐུང་རྒྱུ་དེ་ཡིན་མོད། ང་རང་གི་སྨན་གྱི་འཐུང་དུས་ལྟར་སོང་ན། ད་ནི་དགོང་ཁ་ཡིན་འདུག ཕྱི་རོལ་ཡུལ་གྱི་དུས་ཚོད་ལྟར་ན་ད་ལྟ་སྔ་དྲོའི་དུས་ཚོད་དགུ་བ་རེད། དེ་བས། ཉིན་གུང་ལ་བསླེབ་ན་ཞོགས་པའི་སྨན་ཐུན་དེ་འཐུང་དགོས་ཡོད།
       ང་རང་མལ་ཁྲིའི་སྟེང་དུ་གཉིད་ཀྱི་སྨུག་པ་སྐྱ་བོ་ཞིག་ཏུ་ཡན་ནས་སོང་། སྐབས་ཤིག་ལ། མག་པ་བློ་བཟང་གིས་འཕྲུལ་རྟ་བཏང་ནས་ཕ་ཡུལ་གྱི་རྩྭ་ཐང་ཆེན་པོ་ཞིག་བརྒལ་གྱིན་འདུག ཁོ་རང་རྩྭ་ཐང་བརྒལ་ནས་འགྲོ་སྟངས་དེ་ནི་འབུ་ཨ་ཞང་གི་འགྲོ་སྟངས་དང་ཨ་ན་མ་ན་རེད། སོང་གིན་སོང་གིན་དུ། ཁོ་དངོས་གནས་འབུ་ཨ་ཞང་ཞིག་ཏུ་གྱུར་སོང་།
       སྐབས་དེར། བར་སྣང་གི་སྤྲིན་པ་དང་ཉི་འོད་ས་རུ་འཐོར་བཞིན་འདུག

༢༠༢༤ལོའི་ཟླ༥བའི་ནང་དུ།
འབྲེལ་ཡོད་འོས་སྦྱོར།