ལྷུག་རྩོམ། བྱིས་དུས་ཀྱི་ཞིང་གྲོང་།
རྩོམ་པ་པོ།:ཁེར་བུ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-06-20
ཀློག་གྲངས།:
བྱིས་དུས་ཀྱི་ཞིང་གྲོང་།
ཁེར་བུ།
ཁྱོད་ཀྱི་བྱིས་དུས་ནི་ཞིང་སྡེ་ཆུང་ངུ་ཞིག་སྟེ།འོན་ཀྱང་།
ཁྱོད་རང་གནས་གང་དུ་ཕྱིན་རུང་།
ནམ་ཡང་ར་བ་དེ་ལས་བརྒལ་ཐབས་བྲལ།
གོང་གི་སྙན་ངག་ཚན་པ་འདི་ནི་ངས་རང་གི་དཔེ་ཅོག་མདུན་ངོས་ཀྱི་གྱང་ལྡེབས་ངོས་སུ་སྦྱར་ཡོད་པའི་སི་རི་ཡའི་སྙན་ངག་པ་ཨ་རྡོ་ཉེ་སིའི་སྙན་ངག«བྱིས་དུས་དྲན་པ»ཞེས་པའི་ནང་གི་ཚིག་དུམ་ཞིག་སྟེ། ང་རང་དཔེ་ཅོག་མདུན་དུ་སྡོད་ཐེངས་རེ་རེར། ཚིག་དུམ་འདི་ནི་ནམ་རྒྱུན་ང་ཡི་མིག་ལམ་དུ་ལྷུང་འོངས། འདི་ནི་ང་རང་ཆེས་དགའ་བའི་སྙན་ངག་ཚན་པ་ཞིག་ཡིན་པར་མ་ཟད། སྙན་ཚིག་འདི་ལས། ང་ཡིས་བྱིས་དུས་དང་རང་ཉིད་སྐྱེ་འཚར་འབྱུང་སའི་ཞིང་སྡེ་ཆུང་ངུ་དེ་ལ་བཅངས་པའི་རྟག་བརྟན་གྱི་བརྩེ་དུངས་ཀྱང་མཚོན་ཐུབ།
ང་ཡི་བྱིས་དུས་ཧྲིལ་པོ་ནི་ནམ་ཡང་རྨོ་མོ་ལགས་ཀྱི་སྣང་བརྙན་དང་འབྲེལ་ནས་ཡོད་དེ། ཆེས་བརྗེད་དུ་མེད་པ་ནི་ཐེངས་ཤིག་ལ། རྨོ་མོ་ལགས་དང་ངེད་གཉིས་སྤེན་དཀར་ཐང་དགོན་པར་མཇལ་སྐོར་དུ་ཕྱིན་པ་དང་། ཕྱིར་ཡུལ་ལ་ལོག་ཁར་གློ་རྡེག་ཆར་བ་བབས་བྱུང་བས། རྨོ་མོ་ངེད་གཉིས་ཀྱིས་གྲྭ་ཤག་ཅིག་གི་སྒོ་ཐེམ་སྟེང་དུ་ཆར་གཡོལ་བྱས་པ་ཡིན། དེ་སྔོན་ཁྱིམ་མི་རྣམས་ཀྱི་ངག་ལས་ང་ནི་དགོན་པའི་གྲྭ་བ་ཆེ་གེ་མོའི་རྣམ་ཤེས་ཡིན་ཞེས་པའི་སྐད་ཆ་དེ་ཐེངས་མང་པོར་གོ་མྱོང་བས། ངས་རྩེད་མཚར་གྱི་ཚུལ་གྱིས་རྨོ་མོར་ཁ་གཏད་དེ་ངས་རང་གི་རྣམ་ཤེས་ཀྱི་གྲྭ་ཤག་གང་དུ་ཡོད་མིན་ཤེས། ངས་ཁྱོད་ལ་སྟོན་ཞེས་ཆར་བ་ལ་ཡང་མ་འཛེམ་པར་གྲྭ་ཤག་ཅིག་གི་མདུན་རྒྱབ་ཏུ་ཡང་ཡང་འདུར་རྒྱུག་བྱས་རུང་གྲྭ་ཤག་དེའི་སྒོ་མོ་གང་ཡིན་གསལ་པོ་སྟོན་རྒྱུ་མ་བྱུང་། རྗེས་སུ་རྨོ་མོས་བཤད་པ་ལྟར་ན། དེ་དུས་ངས་སྟོན་བཞིན་པའི་གྲྭ་ཤག་གི་ཁ་ཕྱོགས་དང་གནས་ཡུལ་འགྲིག་འདུག་ཀྱང་། ད་ལྟ་གྲྭ་ཤག་དེའི་གཞིས་ས་ནི་གྲྭ་བ་གཞན་ཞིག་ལ་དབང་བར་གྱུར་ཡོད་པས་སྔོན་མའི་གནས་དེར་གྲྭ་ཤག་གསར་པ་ཞིག་ཕུབ་སྟེ་སྒོ་ཡི་འཁོར་ཕྱོགས་སོགས་གནས་ཡུལ་ལ་འགྱུར་བ་ཅུང་ཙམ་བྱུང་ཡོད་འདུག་ཟེར། གང་ལྟར། ཉིན་མོ་དེའི་ང་ཡི་སྤྲོ་དགའ་ནི་ཅི་དང་གང་གིས་ཀྱང་གནོན་པར་དཀའ་བ་ཞིག་སྟེ། ཆར་བའི་འབབ་མཚམས་ཡུན་རིང་མ་བཞག་པར་བརྟེན། རྨོ་མོ་ངེད་གཉིས་ཆར་བའི་ཁྲོད་དུ་ཡུལ་ལ་ལོག་དགོས་བྱུང་ཡང་། ངས་ནི་ཆར་བ་དང་འདམ་བག་སོགས་ལ་མ་འཛེམ་པར་གནམ་ལྡིང་ས་ལྡིང་གིས་རྣང་ཞིང་ཁྲོད་ཀྱི་རྐང་ལམ་དེ་རུ་མཆོང་རྒྱུག་བྱེད་ཞོར་ཡུལ་ལ་ལོག་པ་ཡིན། ད་ལྟ་ཕྱིར་འདང་རེ་བརྒྱབ་ན། ཏག་ཏག་ཉིན་དེར། ངས་རྣམ་ཤེས་ཞེས་པའི་ཐ་སྙད་དེ་ལ་གོ་བ་རབ་རིབ་ཅིག་ལོན་པ་ཡིན་ལ། དབྱར་གྱི་ཆར་བ་ཟམ་ཟིམ་ཁྲོད་དུ་མུ་མཐའ་བྲལ་བའི་རྣང་ཞིང་གི་མཛེས་སྡུག་ཐེངས་དང་པོར་མཐོང་བ་ཡིན། དེ་བས་དུས་དེ་ནས་བཟུང་། ང་ཡི་རྣམ་ཤེས་དང་ཞིང་གྲོང་བར་དུ་གཞི་ནས་མི་མངོན་པའི་སྦྲེལ་ཐག་ཅིག་གིས་དམ་དུ་བཅིངས་ཡོད་པ་མིན་ནམ།
ད་དུང་བྱིས་དུས་ཀྱི་ཕྱིར་དྲན་སྙིང་ཉེ་བོ་ཞིག་ཡོད་པ་ནི། བོད་ཟླ་བཅུ་གཉིས་པའི་ཆེས་མཐའ་མཇུག་གི་ཉིན་འགའ་དང་། ཡང་ན་ལོ་གསར་མ་འཐོན་སྔ་རོལ་གྱི་ཉིན་དེ་དག་གི་རིང་ལ། ངས་ནི་རང་ཁྱིམ་གྱི་བ་མོ་དཀར་ཁྲ་མའི་འོ་མ་བསོགས་ཡོད་པ་དག་རིམ་བཞིན་གཉེན་ཉེ་དང་ཁྱིམ་མཚེས། རྒན་རྒོན་སོགས་ལ་སྐྱེལ་དགོས་པ་དང་། དེ་ནི་ངའི་རྨོ་མོ་ལགས་ཀྱིས་རང་ཁྱིམ་གྱི་བ་མོ་དཀར་ཁྲ་མའི་འོ་མ་འོ་གསོག་བརྒྱབ་སྟེ་བ་མོ་མེད་པའི་ཁྱིམ་ཚང་དག་ལ་ལོ་གསར་སྐབས་སུ་འོ་ཇ་སྐོལ་སྤྱད་དུ་འོ་སྐལ་སྟེར་བ་ཡིན། ཉིན་དེ་དག་གི་རིང་ལ། ལག་ཏུ་འོ་མས་ལྟེམས་པའི་དེམ་ཆུང་ཞིག་ཐོགས་ཏེ་ཞིང་གྲོང་གི་སྲང་བར་ཀུན་ན་འདུར་རྒྱུག་བྱེད་པའི་ང་ལ་ངལ་སྣང་ཏོག་ཙམ་བྱུང་མ་མྱོང་ཞིང་། ཕར་ལ་འོ་སྐལ་བྱིན་རྗེས་སུ་ཁྱིམ་བདག་མས་ལོ་གསར་ལ་གྲ་སྒྲིག་བྱས་པའི་ཀ་ར་དང་སིལ་ཏོག ཡང་ན་གྲོ་གཅུས་དང་འཁུར་བ་སོགས་ལས་གང་རུང་ཞིག་ཕྱིར་ངའི་འོ་དེམ་ནང་དུ་བཞག་སྟེ་ང་ལ་སྤྲོད་སྲིད་པ་དང་། ང་ནི་སྤྲོ་དགས་མ་ནོན་པར་ཕྱིར་ཁྱིམ་དུ་བརྒྱུགས་ཏེ་ཁྱིམ་ཚང་རྗེས་མར་འོ་སྐལ་བསྐྱལ་རྗེས་སུ་ཕྱིར་འོ་དེམ་ནང་དུ་ཅི་ཞིག་འཇོག་སྲིད་དམ་སྙམ་བཞིན་བྲེལ་བ་དང་སྤྲོ་བ་ཅིག་ཅར་ལང་བཞིན་ཡོད། དེ་བས། འོ་སྐལ་སྟེར་བ་ནི་ང་ལ་མཚོན་ན་ལོ་གཅིག་རིང་ཆེས་རེ་སྒུག་དང་དགའ་མོས་བྱེད་པའི་དུས་སྐབས་ཤིག་ཡིན། རྒྱུ་མཚན་ནི་ང་ལ་ལོ་གསར་ལ་གྲ་སྒྲིག་བྱས་ཡོད་པའི་ཀ་ར་དང་སིལ་ཏོག གྲོ་གཅུས་སོགས་ཟས་རིགས་སྣ་ཚོགས་སྔོན་ལ་ཐོབ་ཐུབ་པར་མ་ཟད། ལོ་གསར་འཐོན་ལ་ཉེ་བས་འདི་ནི་ངའི་ལོ་གསར་གྱི་སྟ་གོན་ལྟ་བུ་ཡང་ཡིན་ཞེས་བཤད་ཀྱང་མི་ཆོག་པ་མེད།
ཉིན་ཞིག་ལ། ངས་སྡེ་བའི་འདབས་རོལ་ན་ཡོད་པའི་ཁྱིམ་ཚང་ཞིག་ལ་འོ་སྐལ་སྐྱེལ་ནས་འགྲོ་སྐབས། གཅིག་ནས་ཁྱིམ་ཚང་དེ་གའི་སྒོ་ཁར་ཐོན་མ་ཐག་པའི་ལམ་དུ་འཁྱག་དར་ཆགས་འདུག་པ་ངས་མ་མཐོང་པར་རྐྱེན་བྱས། གཉིས་ནས་ང་རང་རྒྱུག་མ་འདུར་གྱིས་སྤྲོ་དགའ་མ་ནོན་པར་འགྲོ་བཞིན་ཡོད་པས་མྱུར་ཚད་ཅུང་མགྱོགས་པ་དང་བཅས། ངས་འཁྱག་དར་སྟེང་དུ་གོམ་པ་སྤོས་མ་ཐག་པའི་བར་སྐབས་དེར་རྡོག་འདྲེད་ཤོར་ཏེ་གན་རྐྱལ་དུ་འགྱེལ་བ་དང་། ལག་གི་འོ་དེམ་ཡང་ཡེར་བར་གྱུར་པས་འོ་མ་ནི་ང་ཡི་ལུས་སྟེང་དང་ས་ཐོག་ཏུ་དཀར་ཀོར་རེར་འཁྱིལ་བྱུང་། དེ་དུས་ཕར་ཕྱོགས་ཀྱི་སྲང་མདོ་ན་རྩེད་འཇོར་རོལ་བཞིན་པའི་བྱིས་པ་དང་དེ་གར་ཡོད་པའི་མི་རྒན་རྣམས་ཀྱིས་ང་ཡི་ངང་ཚུལ་མཐོང་བའི་མོད་ལ་ཅིག་ཅར་བགད་བྱུང་བ་དང་། ངས་ནི་ཅི་ཡིན་འདི་ཡིན་དང་ཅི་བྱེད་འདི་བྱེད་ཀྱི་གཏོལ་བྲལ་བའི་སྐབས་སུ། ཁྱིམ་ཚང་དེའི་ཁྱིམ་བདག་མས་ཀྱང་གྲག་འགུལ་གོ་བྱུང་བ་ལྟར་སྒོ་ཕྱིར་ཐོན་བྱུང་། ངས་གནས་ཚུལ་དག་ཁྱིམ་བདག་མ་དེར་གསལ་པོར་བཤད་རྗེས་མོས་ང་རང་ཡར་སློང་རོགས་བྱས་ཏེ་མོ་ཚང་ལ་ཁྲིད་པ་དང་། ངའི་ལག་གི་འོ་དེམ་བླངས་ཏེ་གོ་ཁའི་ཟ་ཁང་ནང་དུ་ཕྱིན་སོང་། ཕྱིར་ཐོན་དུས་འོ་དེམ་ནང་དུ་དམར་སྒོར་སྒོར་གྱི་ཀུ་ཤུ་གཉིས་དང་ངེད་ཚང་གི་ལོ་གསར་སྡེར་ཁའི་ནང་དུ་ནམ་ཡང་ཡོད་མ་མྱོང་བའི་གྲོ་གཅུས་གཉིས་བཅས་བཞག་འདུག ད་དུང་ང་ལ་ཁྱེད་ཚང་གིས་ལོ་རེ་བཞིན་འདི་ལྟར་འོ་སྐལ་སྟེར་བས་ཁྱེད་ཚང་གི་རྨོ་མོར་བཀའ་དྲིན་ཞུ་ཟེར། དུས་དེ་ལ་ངས་ནི་རང་ཉིད་རྡོག་འདྲེད་ཤོར་ཏེ་འོ་སྐལ་བྱོ་བའི་ལས་ལ་བཅངས་པའི་ནོངས་འགྱོད་ནི་སྐད་ཅིག་ཉིད་ལ་སངས་པར་གྱུར་སོང་། དེ་ནས་ང་རང་དབུགས་ཐེངས་གཅིག་གིས་ཡུལ་ལ་བརྒྱུགས་ནས་རྨོ་མོར་གནས་ཚུལ་གསལ་པོར་བཤད་པ་དང་། ཡང་བསྐྱར་ལག་ཏུ་འོ་སྐལ་དེམ་གང་བཟུང་ནས་ཁྱིམ་ཚང་དེ་གར་བསྐྱལ་བ་ཡིན།
དེ་བཞིན་དུ། དྭངས་གཙང་དང་ལྷད་མེད། མཛེས་སྡུག་གིས་འཚོ་བའི་ངའི་བྱིས་དུས་དང་ཞིང་གྲོང་ཧྲིལ་པོར། འདི་འདྲའི་གཏམ་རྒྱུད་དང་ཕྱིར་དྲན་ནི་གང་མང་ཡོད་ནའང་། གོང་གི་ཕྱིར་དྲན་གྱི་མཛེས་སྡུག་འདི་གཉིས་ནི་ངས་ནམ་ཡང་རང་གི་དྲན་པའི་ཟབ་ས་རུ་ཉར་ཚགས་བྱ་འོས་ཏེ། ལྷག་ཏུ་དེང་རབས་ཅན་གྱི་བརྡབ་གསིག་དང་རྔམས་ཁ་རྒོད་པའི་དུས་འདིར། ང་ཡི་ཞིང་གྲོང་ཡང་ཐང་སྟོང་དུ་བོར་བའི་བྱིས་པ་ཞིག་ནང་བཞིན་ཁ་ཕྱོགས་དང་དམིགས་འབེན་ཅི་ཡང་མེད་པར། འཕོ་འགྱུར་ཤིན་ཏུ་ཆེ་བའི་གནས་སྐབས་འདི་འདྲ་ཞིག་ལ། གོང་གི་ཕྱིར་དྲན་འདི་གཉིས་ཀྱིས་ང་ལ་དུས་རྟག་ཏུ་བྱིས་དུས་ཀྱི་ཞིང་གྲོང་ནི་དེ་འདྲའི་མཛེས་སྡུག་དང་རིན་ཐང་ལྡན་པ་ཞིག་ཡིན་པ་ར་སྤྲོད་བྱེད་ཀྱིན་ཡོད་ལ། རྣམ་ཀུན་ང་ལ་ཡང་རང་ཉིད་ཀྱི་རྣམ་ཤེས་དུས་གཏན་དུ་ཞིང་གྲོང་དུ་ལུས་ཤིང་། རྣམ་ཀུན་དྭངས་གཙང་ལྷད་མེད་ཀྱི་མི་ཞིག་བྱེད་དགོས་པར་གསལ་འདེབས་ཡང་ཡང་བྱེད་ཀྱིན་ཡོད།
ད་དུང་རྨོ་མོ། བ་མོ་དཀར་ཁྲ། ནགས་ཚལ་སློབ་ཆུང་། སྟོན་མཇུག་གི་རྣང་ཞིང་། དགུན་གྱི་ཁངས་རྩེད་སོགས། ངའི་བྱིས་དུས་དང་འབྲེལ་བའི་མཛེས་སྡུག་གི་དྲན་པ་མང་པོ་མང་པོ་ཞིག་ཡོད་པ་དང་། རྗེས་མར་ངས་རིག་གནས་ཞིབ་འཇུག་ལས་ཁུངས་ཤིག་ཏུ་ལས་ཀ་བྱས་ཏེ་གྲོང་ཁྱེར་དུ་སྡོད་དགོས་བྱུང་ནའང་། ངས་བྱིས་དུས་ཀྱི་ཞིང་གྲོང་དང་འབྲེལ་ཡོད་ཀྱི་ཡོད་ཚད་དྲན་པའི་སྒམ་དུ་ཉར་ཟིན་ལ། ནམ་རྒྱུན་བྱིས་དུས་དང་ཞིང་གྲོང་། རྨོ་མོ་སོགས་དང་འབྲེལ་བའི་སྙན་ངག་གམ་རྩོམ་ཡིག་བྲིས་ཏེ། ལུས་པོ་ནི་རྒྱང་ཐག་རིང་བའི་གྲོང་ཁྱེར་དུ་སྡོད་ཀྱང་། རྣམ་ཤེས་དང་ཉེ་བའི་བྱ་དངོས་ཡོད་དོ་ཅོག་ལ་ཡང་ཡང་ཉར་ཚགས་དང་འབོད་སྐུལ་བྱེད་བཞིན་ཡོད་ཨང་།
དུས་ད་ལྟ། རྨོ་མོ་ལགས་ང་དང་ཁ་གྱེས་ནས་ལོ་ངོ་མང་པོ་ཞིག་འགོར་ཟིན་ནའང་། དུས་ཀྱི་ངོས་ནས་བྱིས་དུས་ཀྱང་ང་དང་ཁ་གྱེས་ནས་རྒྱང་ནས་རྒྱང་དུ་ཡལ་ཟིན་ནའང་། ང་རང་སྐྱེ་འཚར་འབྱུང་སའི་ཞིང་གྲོང་ཡང་དུས་ཀྱི་འཕོ་འགྱུར་མང་པོའི་ཀློང་ན་ཡུལ་སྟོར་བྱུང་བའི་བུས་པ་ཞིག་ནང་བཞིན་རེ་ཆད་ཀྱིས་འཚོ་ནའང་། དེ་དག་ནི་རྣམ་ཀུན་ངའི་རྣམ་ཤེས་ཟེར་བའི་བརྡ་ཆད་ཅིག་དང་འབྲེལ་ཐོགས་ཤིང་དོན་སྙིང་ངོམ་བཞིན་ཡོད་ལ། དོན་སྙིང་དེ་དག་གིས་རྟག་པར་ང་ལ་མ་འོངས་པའི་འགྲུལ་བཞུད་ཀྱི་ལམ་ཁ་དག་ཏུ། རང་ཉིད་ཀྱི་སྙན་ངག«རྨོ་མོས་བསླབས་པའི་གླུ་གཞས»ཞེས་པར།
རྨོ་མོས་ཡི་གེ་རྟ་རྔ་ཙམ་ཡང་མི་ཤེས
འོན་ཀྱང་བྱིས་དུས་ཀྱི་ང་ལ་གླུ་གཞས་མང་དུ་བསླབས་མྱོང
གླུ་གཞས་ཀྱི་ནང་དོན་ལ་དཀའ་སྤྱད་དང་སྙིང་རུས
རྒྱུ་འབྲས་དང་དྲང་བདེན བརྩེ་དུངས
ཚུགས་ཐུབ་སོགས་མང་པོ་མང་པོ་ཞིག་ཡོད་ཅིང
ང་རང་ཁེར་རྐྱང་གི་གཞས་པ་ཞིག་ཏུ་གྱུར་པ་ནས་བཟུང
མི་ཚེ་གང་བོར་ཡང་གླུ་གཞས་འདི་དག་བླངས་མི་ཚར་སྙམ
ཞེས་བྲིས་ཡོད་པ་ནང་བཞིན། རྣམ་ཀུན་ང་རང་དཀའ་སྤྱད་དང་སྙིང་རུས། རྒྱུ་འབྲས་དང་དྲང་བདེན། བརྩེ་དུངས། ཚུགས་ཐུབ། དྭངས་གཙང་བཅས་ཀྱི་མི་ཞིག་བྱ་དགོས་པར་གསལ་འདེབས་དང་སྐུལ་ལྕག་ཡང་ཡང་བྱེད་བཞིན་པ་མ་ཡིན་ནམ།
བྱིས་དུས་ཀྱི་ཞིང་གྲོང་། དག་གཙང་གི་ཞིང་གྲོང་། འཇིག་ཉེན་གྱི་ཞིང་གྲོང་། རྟག་བརྟན་གྱི་ཞིང་གྲོང་། མཐའ་མཇུག་གི་ཞིང་གྲོང་། མ་འོངས་པའི་ཞིང་གྲོང་། མདོར་ན། ང་ཁོ་ནར་དབང་བའི་ཞིང་གྲོང་འདི་དག་གིས་ང་རང་གི་འབྱུང་འགྱུར་གྱི་གསར་རྩོམ་དང་འབད་ཐག་གི་ཁ་ཕྱོགས་སོགས་ཀྱང་གཞི་ནས་གཏན་འཁེལ་བྱས་ཟིན་པ་མ་ཡིན་ནམ། དེ་བས། ངས་ཡུལ་དུས་གང་དུ་ཡང་ང་ཡི་ཞིང་གྲོང་སེམས་ཀྱིས་བསྲུང་ངེས་ཤིང་། ང་ནི་ནམ་ཡང་ཞིང་གྲོང་གི་བུ་ཕྲུག་ཡིན་ལ། ངས་མི་ཚེ་གང་བོར་ཡི་གེའི་ལམ་ནས་ང་ཡི་ཞིང་གྲོང་རྟག་བརྟན་ཡལ་མེད་དུ་བཞེངས་སྐྲུན་བྱ་བར་ཤ་འབད་རུས་འབད་བྱེད་སྲིད་ཅིང་། ང་ནི་ནམ་ཡང་ཞིང་གྲོང་གི་འདས་མ་ད་གསུམ་ཟིན་ཐོར་འགོད་མཁན་གྱི་མི་དེ་བྱ་འདོད་དོ། །
འབྲེལ་ཡོད་འོས་སྦྱོར།