logo

སྐྱིད་སྡུག་འཚོ་བའི་ཟ་ཟུར། སྐལ་རྒྱམ།

རྩོམ་པ་པོ།:སྐལ་རྒྱམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-07-19 ཀློག་གྲངས།:
སྐྱིད་སྡུག་འཚོ་བའི་ཟ་ཟུར།
             —དགེ་རྒན་གྱི་འཚོ་བ་རྗེས་སུ་དྲན་པ།
སྐལ་རྒྱམ།

       ད་ལོར་ལྷ་སར་ནད་ཡམས་ཀྱི་དབང་གིས་རང་ཁྱིམ་དུ་བཀག་ཉར་གྱིས་ཡུན་རིང་བོར་འདུག་དགོས་བྱུང་མོད། ཡིན་ནའང་ང་ལ་མཚོན་ན་སོས་དལ་བག་ཕེབས་ངང་དཔེ་ཆར་ལྟ་བའི་གོ་སྐབས་ཧ་ཅང་ལེགས་པོ་ཞིག་བྱུང་བས། མཚམས་རེར་རྐྱེན་ངན་གྲོགས་སུ་གྱུར་བའི་སྣང་བ་ཞིག་ཀྱང་སྐྱེས། ཁོམ་གསེང་འདི་དང་བསྟུན་ཏེ་རང་ཁྱིམ་གྱི་དཔེ་སྒྲོམ་སྟེང་གི་དཔེ་དེབ་མཐའ་དག་ཀྱང་བསྐྱར་སྒྲིག་ཅིག་བྱས་པ་ཡིན་ལ། དཔེ་དེབ་ཚང་མ་རིགས་དང་དབྱེ་བ་བཀར་ནས་ལེགས་སྒྲིག་བྱེད་དུས། དཔེ་ཆའི་བར་གསེང་རེ་ན་བཞག་ཡོད་པའི་པར་རྙིང་དག་ཀྱང་ཕྱོགས་གཅིག་ཏུ་བསྡུས་ནས། རེ་རེ་བཞིན་པར་དེབ་གསར་པ་ཞིག་ཏུ་བདག་ཉར་བྱས་པ་ཡིན། བརྒྱུད་རིམ་དེའི་ཁྲོད་དུ་ང་ལ་ངང་ངམ་ཤུགས་ཀྱིས་དགའ་སྐྱོ་འདྲེས་མའི་ཚོར་བ་སྣ་ཚོགས་ཤིག་སྐྱེས་འོང་བ་སྟེ། འདྲ་པར་རེ་རེའི་རྒྱབ་ལྗོངས་སུ་རང་གི་འཚོ་བའི་ཟ་ཟུར་དང་འབྲེལ་བའི་ཕྱིར་དྲན་རེ་ཡོད་པས་སོ། །
       སྤྱིར་ད་ལྟའི་ལག་ཁྱེར་ཁ་པར་སོགས་མ་དར་གོང་དུ་པར་ཆས་ནི་ཅུང་དར་ཁྱབ་ཆེ་བའི་ཅ་ལག་ཡག་ཤོས་ཤིག་ཡིན་ལ། ང་ཚོས་དེ་བརྒྱུད་ནས་རང་གི་འཚོ་བའི་ཟ་ཟུར་གཙོ་བོ་དག་པར་བླངས་ཏེ་ཉར་ཚགས་བྱེད་རྒྱུའི་གོམས་སྲོལ་ཡོད་ཅིང་། དེ་ལ་ལོ་མང་བོའི་རྗེས་སུ་ཕྱིར་ལྟ་རེ་བྱས་ན། དེས་འདས་སོང་གི་དོན་དག་མང་པོ་ཞིག་ལ་དྲན་སློང་བྱེད་པའི་ནུས་པ་ཡོད་པས། དེ་ནི་འདས་ཟིན་པའི་ལོ་ཟླ་ཡི་དྲན་རྟེན་ཡིན། ཡིན་ནའང་། དེང་སྐབས་པར་ཆས་ཀྱི་རྩལ་ནུས་ཡོངས་སུ་འཛོམས་པའི་ལག་ཁྱེར་ཁ་པར་སོགས་ས་ཁྱབ་རྡོ་ཁྱབ་ཏུ་དར་བས། མི་རྣམས་ཀྱིས་འདྲ་པར་ལ་བཟུང་བའི་རྣམ་འགྱུར་དང་པར་རིས་རང་སྟེང་གི་རིན་ཐང་ཡང་རིམ་བཞིན་ཉམས་ཀྱིན་པའི་སྣང་བ་སྟེར་ཏེ། ད་ལྟ་རྒན་དར་གཞོན་གསུམ་གྱིས་འདྲ་པར་ནི་གཙོ་ཕལ་དང་ཡག་བཙོག་གི་དབྱེ་བ་མེད་པར་གང་འདོད་དུ་ལེན་ལ། ཁྱིམ་མི་རེ་རེའི་ཁ་པར་ལས་འདྲ་མིན་སྣ་ཚོགས་ཀྱི་པར་རིས་སྟོང་ཕྲག་མང་བོ་མིག་ལམ་དུ་འཆར་ཡོང་དུས། དེ་ལ་བལྟ་འདོད་ཀྱི་ཡི་གའང་རང་བཞིན་གྱིས་ཉམས་འགྲོ།  དེ་རིང་ངས་དཔེ་དེབ་ཀྱི་གསེབ་ནས་རྙེད་པའི་པར་རྙིང་ཞིག་གིས་ང་ལ་འདས་དོན་ཞིག་གི་སྣང་བརྙན་དྲན་པར་བྱས། ང་སློབ་ཆེན་སློབ་མཐར་ཕྱིན་རྗེས་ལོ་ངོ་གཉིས་ཀྱི་རིང་ལ་སྔ་ཕྱིར་ཆབ་ཆ་དང་ཟི་ལིང་དུ་མཐོ་འབྲིང་གི་བོད་ཡིག་དགེ་རྒན་བྱས། སྐབས་དེར་མཚོ་སྔོན་གངས་རྒྱན་མི་རིགས་སློབ་འབྲིང་གི་སློབ་ཕྲུག་ཚོ་དང་ལྷན་དུ་བླངས་པའི་མཐར་ཕྱིན་མཉམ་པར་དེ་མཐོང་བ་ན། རང་སེམས་ལ་ཚོར་བ་མི་འདྲ་བ་ཞིག་སྐྱེས་འོང་།
       ང་ནི་ཆུང་དུས་ནས་དགེ་རྒན་བྱ་འདོད་ཀྱི་འདུན་པ་ཧ་ཅང་དྲག་པོ་ཞིག་མཆིས་ལ། ལྷག་པར་དམའ་འབྲིང་སློབ་མཐར་ཕྱིན་པ་ནས་སྔ་ཕྱིར་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་འགྲིམས་པ་ནས་ཕུགས་འདུན་དེ་སྔར་ལས་ཇེ་དྲག་ཏུ་སོང་། 2001ལོར་སློབ་ཆེན་མཐར་ཕྱིན་པ་ནས་ཐད་ཀར་སློབ་གྲྭའི་དགེ་རྒན་ཞིག་ཏུ་ལས་བགོ་བྱེད་པར་རེ་སྙེག་ཆེན་པོ་བྱས་མོད། ཡིན་ནའང་སྐབས་དེར་མཚོ་སྔོན་ཞིང་ཆེན་ལ་མཚོན་ན་ཏག་ཏག་མཐར་ཕྱིན་སློབ་ཆེན་པ་དག་སྲིད་གཞུང་གིས་གཅིག་གྱུར་ལས་བགོའི་སྲིད་ཇུས་ལག་བསྟར་བྱེད་མཚམས་བཞག་མ་ཐག་ཡིན་ཞིང་། ད་ལྟ་ནང་བཞིན་གཅིག་གྱུར་གྱི་ལས་བགོའི་ཡིག་ཚད་ཀྱང་མེད་པའི་དཀྱོགས་མཚམས་རང་བཞིན་གྱི་དུས་སྐབས་ཤིག་ཏུ་ཁེལ་འདུག དེའི་ཕྱིར་ང་ཚོ་སློབ་གྲོགས་མང་བོ་ཞིག་ལ་མཚོན་ན། དུས་ཡུན་ངེས་ཅན་ཞིག་ལ་གར་འགྲོ་ངེས་གཏན་གྱི་ཆ་མེད་པར་ལུས་པས། སློབ་གྲོགས་ལ་ལས་ཟི་ལིང་སོགས་སུ་ཞོར་ལས་བྱེད་པ་དང་། ལ་ལས་ཚོང་ལས་ཙག་ཙིག་གཉེར་བ་སོགས་ཡོད་ལ། ངས་ནི་སྤྱིར་བཏང་གི་ཞོར་ལས་ཤིག་འཚོལ་བ་ལས། གླ་ཆ་ཅུང་ཙམ་ཉུང་ཡང་རང་ཉིད་ཀྱི་ཕུགས་འདུན་དང་འབྲེལ་བའི་ལས་ཀ་ཞིག་གཉེར་ན་དོན་སྙིང་ལྡན་པར་སྙམ་པས། རང་འགུལ་གྱིས་ཆབ་ཆའི་སློབ་གྲྭ་ཁག་ཏུ་སོང་སྟེ་ཚབ་ཁྲིད་དགེ་རྒན་ཞིག་བྱ་ཐུབ་མིན་བརྩོན་ལེན་བྱས་པ་ཡིན། སྟབས་ལེགས་པ་ཞིག་ལ། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དུ་བོད་ཡིག་ཚབ་ཁྲིད་དགེ་རྒན་ཞིག་མཁོ་བ་ཐོས་པས། ལམ་སང་དེར་ཕྱིན་ནས་ཚོད་ལྟ་བྱས་པ་ཡིན། སློབ་གྲྭའི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ང་ལ་རྒྱུས་ལོན་རགས་ཙམ་བྱས་རྗེས། ཐད་ཀར་ལས་ཀ་བཀོད་སྒྲིག་བྱས་པས། སྐབས་དེའི་རང་ཉིད་ལ་མཚོན་ན་དངོས་ནས་བསམ་ཡུལ་ལས་འདས་པའི་དགའ་ཚོར་ཆེན་པོ་སྐྱེས། དུས་དེ་ནས་བཟུང་ངས་ཡུན་རིང་ལ་རེ་སྙེག་བྱས་འོང་བའི་ཕུགས་འདུན་དེ་མངོན་གྱུར་བྱུང་། སྤྱིར་སྐབས་དེའི་སློབ་གྲྭའི་ཚབ་ཁྲིད་དགེ་རྒན་གྱི་ཟླ་ཕོགས་ནི་ཟླ་རེར་དམངས་སྒོར་བརྒྱ་དང་ལྔ་བཅུ་ལས་མེད་ནའང་། ང་ལས་གནས་དེར་ཧ་ཅང་དགའ་དྲགས་པས་དཀའ་སྡུག་དང་བློ་ཕམ་གྱི་ཚོར་བ་ཞིག་ཡེ་ནས་སྐྱེས་མ་མྱོང་།
       དགའ་འོས་པ་ཞིག་ལ། དུས་སྐབས་དེར་སློབ་གྲྭ་དེའི་དགེ་རྒན་སྤྱིའི་དཔུང་སྡེ་ཅུང་བཟང་བར་སྣང་ལ། ལྷག་པར་བོད་ཡིག་ཁྲིད་དཔྱོད་ཁང་དུ་བོད་ཀྱི་ལོ་རྒྱུས་དང་བོད་སྐད་ཡིག་གི་རྨང་གཞི་བརྟན་ཞིང་། སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་སྐོར་ཞིག་ཡོད་པར་མ་ཟད། ད་དུང་ཕྲན་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་དམའ་འབྲིང་སྐབས་ཀྱི་བོད་ཡིག་དགེ་རྒན་ཡང་དེར་ལས་གནས་སྤར་འདུག་པས། དགེ་རྒན་གྱི་ལས་རྐང་ལ་ཐོག་དང་པོར་ཞུགས་པའི་ང་ལ་མཚོན་ན། འདི་ལྟ་བུའི་སློབ་སྦྱོང་གི་གོ་སྐབས་ལེགས་པོ་ཞིག་དང་ཕྲད་པ་ནི་རང་གི་བསོད་ནམས་ཡིན་པར་སྙམ། ང་ལས་རྐང་དུ་ཞུགས་པའི་ཉིན་དང་པོ་ནས་བཟུང་། རང་ལ་སློབ་ཁྲིད་མེད་པའི་བར་སྐབས་སུ་ཐབས་བརྒྱ་ཇུས་སྟོང་གིས་དགེ་རྒན་རྒན་པ་དག་གི་སློབ་ཁྲིད་ལ་ཟུར་ཉན་བྱས། སློབ་ཁྲིད་ཀྱི་ཉམས་མྱོང་ཅི་ཡང་མེད་པའི་དགེ་རྒན་གསར་བ་ཞིག་ལ་མཚོན་ན། ཐོག་མར་དགེ་རྒན་རྒན་པ་དག་གི་སློབ་ཁྲིད་ཀྱི་མན་ངག་དང་ཉམས་མྱོང་བསྡུ་ལེན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བར་འདོད། དགེ་རྒན་ཞིག་ལ་མཚོན་ན། རིག་གནས་ཡོན་ཏན་གྱི་རྨང་གཞི་ཅུང་ལེགས་པ་ཙམ་གྱིས་མི་ཆོག་པར། རང་རྒྱུད་ཀྱི་ཤེས་བྱ་དེ་ཉིད་ཇི་ལྟར་སློབ་མ་ཚོའི་རྒྱུད་ལ་འཇོག་པའི་ཐབས་རྩལ་ལེགས་པོ་ཞིག་ལྡན་པར་བྱ་རྒྱུ་ནི། དེ་བས་ཀྱང་གལ་ཆེ་བར་སྙམ་སྟེ། ཟླ་ངོ་གསུམ་ལྷག་གི་རིང་ལ་ཁོང་ཚོའི་སློབ་ཁྲིད་ལ་ཟུར་ཉན་བྱས་པ་ཡིན། བརྒྱུད་རིམ་དེའི་ཁྲོད་དུ་རང་ཉིད་ཀྱི་ཤེས་བྱའི་སྒྲིག་གཞི་ནས་བསམ་བློའི་གོ་རྟོགས། སློབ་ཁྲིད་གྲ་སྒྲིག་ནས་ཡུལ་དངོས་སློབ་ཁྲིད། སྦྱོང་ཚན་བཀོད་སྒྲིག་ནས་དགེ་སློབ་མཉམ་འབྲེལ་བྱེད་སྟངས་སོགས་ཕྱོགས་གང་ཅིའི་ཐད་ནས་ཉམས་མྱོང་ལེགས་པོ་ཞིག་ཐོབ་པར་མ་ཟད། དགེ་རྒན་ཞེས་པ་ནི་ལས་རིགས་གཞན་དག་དང་བསྡུར་ན་འོས་འགན་ལྕི་ཞིང་ཞིབ་ཚགས་ལྡན་པའི་ལས་རྐང་ཐུན་མོང་མ་ཡིན་པ་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་ཞིག་ཀྱང་སྐྱེས།
       སློབ་གྲྭ་དེར་སློབ་སྐབས་གཅིག་དང་ཟླ་ངོ་གཅིག་ལྷག་ལ་བསྡད་རྗེས་ཀྱི་ཉིན་མོ་ཞིག་སྟེ། 2002ལོའི་ཟླ་བཞི་བའི་ཚེས་མགོར་ཟི་ལིང་དུ་ཡོད་པའི་སློབ་གྲོགས་ཤིག་གིས་ཁ་པར་ཡོང་སྟེ། མཚོ་སྔོན་གངས་རྒྱན་མི་རིགས་སློབ་འབྲིང་དུ་བོད་ཡིག་དགེ་རྒན་ཞིག་བསྡུ་འཆར་འདུག་པས། ཁྱོད་ཀྱང་ཡོང་ནས་ཚོད་ལྟ་ཞིག་བྱས་ན་མི་ལེགས་སམ་ཟེར། མཚོ་སྔོན་གངས་རྒྱན་མི་རིགས་སློབ་འབྲིང་ནི་སྐབས་དེར་ཟི་ལིང་གྲོང་ཁྱེར་དུ་གསར་དུ་བཙུགས་ནས་ཡུན་རིང་འགོར་མེད་པའི་སྒེར་གཉེར་སློབ་གྲྭ་ཞིག་ཡིན་ལ། འབྲེལ་ཡོད་ཐེབས་རྩ་ཚོགས་པ་ཞིག་དང་མཉམ་འབྲེལ་སྒོས་བོད་ཁུལ་གྱི་ཕུལ་བྱུང་མཐོ་འབྲིང་སློབ་མ་སྐྱེད་སྲིང་བྱེད་པའི་སློབ་གྲྭ་ལེགས་པོ་ཞིག་ཡིན་པར་མ་ཟད། སློབ་གསོའི་མཐུན་རྐྱེན་དང་དགེ་རྒན་ཚོའི་ཡོང་འབབ་སོགས་ཀྱང་ཅུང་ལེགས་ཚུལ་ཐོས་པས། གལ་ཏེ་རང་ཉིད་དེ་གར་ཚུད་པ་ཡིན་ན་གཞུང་སྒེར་གང་རུང་ནས་ལེགས་པོ་ཡོད་པ་མིན་ནམ།  དེའི་ཕྱིར་གོ་སྐབས་དེ་ཅིས་ཀྱང་དམ་འཛིན་བྱ་དགོས་བསམས་ནས་ཆེད་དུ་ཟི་ལིང་ལ་ཡིག་རྒྱུགས་ལེན་པར་ཕྱིན།
       ཉིན་ཁ་ཤས་ཀྱི་རྗེས་སུ་ང་སློབ་གྲྭ་དེར་ཚུད་པའི་བརྡ་ཐོ་འབྱོར་ཞིང་། གནས་ཚུལ་དེ་ཐོས་མ་ཐག་ངའི་སེམས་སུ་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་སྣ་ཚོགས་ཤིག་སྐྱེས་བྱུང་། རང་གིས་རེ་སྙེག་བྱེད་བཞིན་པའི་ཕུགས་འདུན་དེ་བདེ་བླག་ངང་གྲུབ་པས་དགའ་སྤྲོ་སྐྱེས་མོད། སློབ་སྐབས་གཅིག་ལྷག་གི་རིང་ལ་སློབ་གྲྭ་འདིར་རང་གིས་འཛིན་བདག་ཅིག་གི་གཟབ་ནན་གྱི་འོས་འགན་དང་། དགེ་རྒན་ཞིག་ལ་དགོས་ངེས་ཀྱི་ལྷག་བསམ་གཙིགས་སུ་བཟུང་སྟེ། ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་གསོ་སྐྱོང་བྱས་པའི་འཛིན་གྲྭ་འདི་དང་། རང་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་དགེ་གྲོགས་ཚོ་དང་ཁ་འབྲལ་དགོས་བསམས་ན། ངང་ངམ་ཤུགས་ཀྱིས་སྐྱོ་གདུང་གི་ན་ཟུག་ཅིག་ཀྱང་དབང་མེད་དུ་སྐྱེས། ཤིན་ཏུ་བརྗེད་དཀའ་བ་ཞིག་ལ། ང་རང་ཟི་ལིང་དུ་ཆས་པའི་ཞོགས་པ་དེར། འཛིན་གྲྭའི་སློབ་གྲོགས་ཚང་མ་ངའི་མལ་ཁང་དུ་ཡོང་སྟེ་ཡིན་གཅིག་མིན་གཉིས་རླངས་འཁོར་འབབ་ཚིགས་བར་དུ་སྐྱེལ་མ་བྱ་རྒྱུ་ཡིན་ཟེར་ལ། ངས་ཨུ་ཚུགས་མཐར་སྐྱེལ་གྱིས་དེ་ལྟར་བྱས་ན་མི་ལེགས་ཚུལ་དང་། སློབ་གྲྭའི་མགོ་ཁྲིད་ཀྱིས་ཤེས་ན་སྡིགས་མོ་བྱ་ཚུལ་སོགས་ཞུ་བ་མང་བོ་བྱས་ཀྱང་ཕན་མ་ཐོགས་པས། སློབ་གྲོགས་ལྔ་བཅུ་ལྷག་གིས་སློབ་གྲྭ་ནས་རླངས་འཁོར་འབབ་ཚིགས་བར་གྱི་སྤྱི་ལེ་བཞི་ལྷག་གི་ལམ་ལ་ངའི་མལ་ཆས་སོགས་ཁུར་ཏེ་མཉམ་དུ་རྐང་ཐང་ངང་ང་སྐྱེལ་མ་བྱས་ཤིང་། སློབ་གྲོགས་ཚོས་ངུ་བཤུམ་བྱེད་ཞོར་ང་སྡོད་པའི་འགྲུལ་སྐྱེལ་རླངས་འཁོར་གྱི་རྗེས་སུ་ཡུན་རིང་ལ་རྒྱུག་འོངས་པའི་སྣང་བརྙན་དེ། ད་ལྟའང་ད་དུང་ངའི་མིག་ལམ་དུ་གསལ་ལྷིང་ངེར་འཆར་བར་བྱེད།
       མཚོ་སྔོན་གངས་རྒྱན་མི་རིགས་སློབ་འབྲིང་དུ་མིང་ཐོ་བཀོད་རྗེས། སློབ་གཙོས་ང་ཁོང་གི་གཞུང་ལས་ཁང་དུ་བོས་ཏེ། ཁོས་སློབ་གྲྭའི་གནས་ཚུལ་དང་འབྲེལ་ཡོད་སྒྲིགས་ལམ། སློབ་སྒྲུབ་ཆ་རྐྱེན་སོགས་མཚམས་སྦྱོར་རགས་ཙམ་བྱས་རྗེས། ངས་མཐོ་གཉིས་འཛིན་གྲྭའི་འཛིན་བདག་དང་བོད་ཡིག་སློབ་ཁྲིད་བྱ་དགོས་ཚུལ་བཤད་ཅིང་། ཞོར་དུ་འཛིན་གྲྭ་དེ་ནི་ཐེབས་རྩ་ཚོགས་པ་དང་མཉམ་འབྲེལ་སྒོས་སྒྲུབ་པའི་འཛིན་གྲྭ་མིན་པར་རང་གྲོན་གཏོང་བའི་འཛིན་གྲྭ་ཞིག་ཡིན་པ་དང་། སློབ་མའི་ཡོང་ཁུངས་གཙོ་བོ་ནི་མགོ་ལོག་དང་ཡུལ་ཤུལ་སོགས་ཁུལ་དང་རྫོང་གི་ལས་བྱེད་པའི་བྱིས་པ་ཡིན་པས་དཔལ་འབྱོར་གྱི་ཆ་རྐྱེན་བཟང་ལ། འཛིན་གྲྭ་སྤྱིའི་བོད་ཡིག་གི་ཆུ་ཚད་ཅུང་ཞན་ཚུལ་སོགས་བརྗོད་པར་མ་ཟད། འཛིན་གྲྭའི་དོ་དམ་ཐད་དཀའ་ཁག་ཅུང་ཆེ་བས་དེ་སྔོན་ཡང་གནད་དོན་མང་བོ་བྱུང་མྱོང་ལ། ཁྱོད་ཀྱིས་ཀྱང་ཐོག་མ་ཉིད་ནས་ཅུང་བཙན་ཤེད་བཀོལ་ན་ལེགས་ཚུལ་སོགས་འུ་ཐུག་པའི་སྐད་ཆ་འགའ་ཡང་བཤད་པས། ང་ལ་ཤེས་མེད་ཚོར་མེད་ཀྱི་གནོན་ཤུགས་ཤིག་ཀྱང་སྤྱིན་སོང་། ཡིན་ནའང་ཁོང་གི་སློབ་མའི་དོ་དམ་ཐད་བཙན་ཤེད་བཀོལ་དགོས་ཚུལ་གྱི་ལྟ་ཚུལ་དེར་ང་གཏན་ནས་མོས་མཐུན་མ་བྱུང་སྟེ། ལྷག་པར་མཐོ་འབྲིང་གི་སློབ་མ་ཞིག་ལ་མཚོན་ན་རིག་གནས་ཆུ་ཚད་དང་། ལོ་ནའི་འཕེལ་རིམ་སོགས་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པས། དགེ་རྒན་གྱི་བཙན་ཤེད་བཀོལ་ཡང་འཇིགས་སྐྲག་སྐྱེ་ག་ལ་སྲིད། དགེ་རྒན་ཞིག་ལ་མཚོན་ན། རང་གི་ཐབས་ཤེས་ཟུང་འབྲེལ་ལ་བརྟེན་ཏེ་སློབ་མའི་ནང་སེམས་ཀྱི་གོ་རྟོགས་ཇེ་མཐོར་གཏང་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་ལ། དེ་ལྟར་བྱ་བར་དགེ་རྒན་རང་ཉིད་ནས་མགོ་བརྩམས་ཏེ། ལྷག་བསམ་ཟོལ་མེད་སྒོས་ཁོ་ཚོར་གཅེས་སེམས་དང་བརྩི་བཀུར་གྱིས་གསོ་སྐྱོང་བྱ་རྒྱུ་ནི་ཨང་དང་པོ་ཡིན་པར་སྙམ་པ་དང་། རྨང་གཞི་དེའི་སྟེང་ནས་དགེ་སློབ་ཕན་ཚུན་བར་ལྷད་མེད་ཀྱི་བརྩེ་བ་ཞིག་གམ། འགྱུར་མེད་ཀྱི་ཡིད་ཆེས་ཤིག་སྐྱེ་ཐུབ་པར་འབད་འབུངས་བྱ་རྒྱུ་ནི་གནད་ཀྱི་དོན་པོ་ཡིན་པར་འདོད་དོ། །
       ང་ཐོག་དང་པོར་འཛིན་གྲྭའི་སློབ་ཁང་དུ་འགྲོ་དུས་ནི་དགོང་སྦྱོང་ཞིག་གི་སྐབས་ཡིན་ལ། འཁྲིད་སྟེགས་སྟེང་སོང་སྟེ་ཡུད་ཙམ་ལ་འགྲེང་ནས་བསྡད་ཀྱང་། སློབ་གྲོགས་རེ་ཟུང་མ་གཏོགས་དོ་སྣང་བྱེད་མཁན་མ་བྱུང་བར་མ་ཟད། སློབ་གྲོགས་ལ་ལ་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ཡོད་ལ། སྐོར་ཞིག་གིས་སྐད་གསང་མཐོན་པོས་ལབ་གླེང་སོགས་བྱེད་པ་ལས། དགེ་རྒན་ཞིག་སློབ་ཁང་དུ་སླེབས་པའི་ཚོར་སྣང་ཞིག་ཡེ་ནས་མེད། སྐབས་དེར་ངས་སྐད་མགོ་མཐོན་པོས་རང་ཉིད་མཚམས་སྦྱོར་རགས་ཙམ་བྱས་རྗེས། དེ་རིང་ནས་བཟུང་ང་ནི་ཁྱོད་ཚོའི་འཛིན་བདག་དང་བོད་ཡིག་དགེ་རྒན་ཡིན་ཚུལ་བཤད་མོད། ཁོ་ཚོས་སྣང་དོགས་ཆེན་པོ་མི་བྱེད་པར་མ་ཟད། སློབ་གྲོགས་རེ་ཟུང་གིས་ཁ་སྙེར་སྣ་སྙེར་གྱིས་མི་དགའ་བའི་རྣམ་འགྱུར་ཞིག་ཀྱང་བསྟན་ཡོང་བས། རང་སེམས་ལ་སྐྱོ་སྣང་དྲག་པོ་ཞིག་སྐྱེས་པ་དང་ཆབས་ཅིག་སྐྲག་སྣང་ཞིག་ཀྱང་སྐྱེས་བྱུང་། མ་གཞིར་ང་ཡང་སློབ་ཆེན་སློབ་མཐར་ཕྱིན་མ་ཐག་པ་ཞིག་ཡིན་པས། ཁོ་ཚོ་དང་ལོ་ཡི་ཆེ་ཆུང་ཆེན་པོ་མེད་ལ། སློབ་གྲོགས་ལ་ལའི་གཟུགས་ཕུང་ནི་ང་ལས་ཀྱང་ཆེ་བར་སྣང་བས། ཁོ་ཚོས་ང་མིག་ནང་དུ་མི་འཇོག་པའང་རྒྱུ་མཚན་དེའི་དབང་གིས་ཡིན་སྲིད། གང་ལྟར་འཛིན་གྲྭ་དེས་ཐོག་དང་པོར་ང་ལ་བཞག་པའི་བག་ཆགས་ནི་དེ་འདྲའི་ལེགས་པོ་ཞིག་མིན་སྟབས། ང་ཁ་བྲལ་མ་ཐག་པའི་མཚོ་ལྷོའི་འཛིན་གྲྭ་དེ་དང་བསྡུར་ན་ཧེ་བག་ཆེན་པོ་འདུག་པའི་ཚོར་སྣང་ཞིག་ཀྱང་བྱིན་སོང་། ད་ནི་དཀའ་ཁག་ཅི་འདྲ་ཆེ་ཡང་གདོང་ལེན་བྱ་དགོས་པའི་གནས་སུ་བབ་ཅིང་། ཐབས་བརྒྱ་ཇུས་སྟོང་གིས་འཛིན་གྲྭ་འདིར་སྣེ་ཁྲིད་ལེགས་པོ་ཞིག་བྱ་རྒྱུ་ནི་མིག་སྔའི་འོས་འགན་དང་པོ་ཡིན་པས། རང་གིས་རང་ལ་ཡིད་ཆེས་དང་སྤོབས་སེམས་ཀྱིས་འཆར་གཞི་མང་བོ་ཞིག་དང་ཆོད་སེམས་བརྟན་པོ་ཞིག་བཞག དེ་དག་ལས་ཀྱང་ཆེས་གཙོ་བོ་ནི་རང་གི་བྱ་སྤྱོད་ངོ་མ་ཞིག་དང་ཀུན་སློང་གཙང་མ་ཞིག་གིས་སློབ་གྲོགས་ཚོའི་ནང་སེམས་ཀྱིས་ང་དང་ལེན་བྱ་རུ་འཇུག་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བར་སྙམ།
       སྟབས་ལེགས་པ་ཞིག་ལ། སྐབས་དེར་ང་ལ་མཚོན་ན་ཁྱིམ་ཚང་སོགས་ཀྱི་འགན་ཁུར་ཅི་ཡང་མེད་པའི་མི་རྐྱང་ཞིག་ཡིན་པས། བློ་གཅིག་སེམས་གཅིག་གིས་འཛིན་གྲྭའི་སློབ་གསོ་དང་དོ་དམ་གྱི་ཐད་དུ་ཤ་འབད་རུས་འབད་བྱེད་པའི་དུས་ཚོད་ཀྱི་མཐུན་རྐྱེན་ལེགས་པོ་ཞིག་ལྡན། དེར་བརྟེན་ངས་འཛིན་གྲྭ་དེའི་འཛིན་བདག་དང་བོད་ཡིག་དགེ་རྒན་གྱི་འགན་ཁུར་བ་ནས། ནངས་སྔ་ལངས་དང་དགོང་འཕྱི་ཉལ་སྒོས་འཛིན་གྲྭའི་སློབ་གྲོགས་ཚོའི་སློབ་སྦྱོང་དང་འཚོ་བའི་ཐད་རང་ནུས་ཅི་ལྕོགས་ཀྱིས་ཞབས་འདེགས་ཞུས་པ་ཡིན། དེའང་ཐོག་མར་འཛིན་གྲྭ་སྤྱིའི་གནས་ཚུལ་ལ་རྒྱུས་ལོན་ལེགས་པོ་ཞིག་བྱས་པ་དང་ཆབས་ཅིག སློབ་གྲོགས་རེ་རེའི་འགྲོ་འདུག་སྤྱོད་གསུམ་ལ་རྒྱུས་ལོན་ཟབ་མོ་བྱ་ཆེད། རྟག་པར་སློབ་ཕྱིའི་དུས་ཚོད་བེད་སྤྱད་དེ་ཁོ་ཚོའི་མལ་ཁང་དང་། རྩལ་སྦྱང་ར་བ། ཟ་ཁང་སོགས་སུ་སོང་ནས་རང་འགུལ་གྱིས་སློབ་གྲོགས་རེ་རེར་འབྲེལ་འདྲིས་མང་ཙམ་བྱས་ཏེ། སྒེར་ངོས་ནས་སློབ་སྦྱོང་གི་གནས་ཚུལ་དང་། བསམ་བློའི་འཁྱེར་སོ། དགའ་བ་དང་འདོད་མོས། མི་གཤིས་སྤྱོད་ལུགས། ཐ་ན་ཁྱིམ་ཚང་གི་གནས་ཚུལ་སོགས་ལའང་གང་ཐུབ་སྒོས་རྒྱུས་ལོན་བྱས་པ་ཡིན་ལ། བརྒྱུད་རིམ་དེའི་ཁྲོད་དུ་ང་དང་ཁོ་ཚོའི་བར་ལ་ངང་ངམ་ཤུགས་ཀྱིས་བརྩེ་བ་ཟབ་མོ་ཞིག་ཆགས་པར་མ་ཟད། སློབ་གྲོགས་རེ་རེའི་སློབ་སྦྱོང་གི་ཆུ་ཚད་དང་འཚོ་བའི་ཆ་རྐྱེན་སོགས་ལའང་ཅུང་ཆ་རྒྱུས་ལྡན་པར་གྱུར། རྨང་གཞི་དེའི་སྟེང་ནས་ངས་ཇི་ལྟར་འཛིན་གྲྭའི་དོ་དམ་དམ་འཛིན་དང་། བོད་ཡིག་སློབ་ཁྲིད་བྱེད་པར་ངེས་ཤེས་ཟབ་མོ་ཞིག་ཀྱང་རྙེད་ལ། ལྷག་པར་བོད་ཡིག་སློབ་ཁྲིད་ཀྱི་ཐད་ནས་སློབ་གྲོགས་ཚོའི་ཆུ་ཚད་ཧ་ཅང་ཆ་མི་མཉམ་པ་ཞིག་སྟེ། སློབ་གྲོགས་རེ་འགས་བོད་ཡིག་སྦྱང་མྱོང་མེད་ལ། སྐོར་ཞིག་གིས་དམའ་འབྲིང་ནས་མ་སྦྱངས་པ་སོགས་ཚད་རིམ་ཡང་རབ་འབྲིང་ཐ་གསུམ་ཡོད་པས། རང་ལ་མཚོན་ན་བསླབ་ཚན་གཞན་དང་མི་འདྲ་བའི་འགན་འཁྲི་ལྷག་མ་ཞིག་མཆིས། རྒྱུ་མཚན་དེའི་དབང་གིས་ངས་འཛིན་གྲྭའི་བོད་ཡིག་སློབ་ཁྲིད་དེ་ཚད་རིམ་གསུམ་དུ་བགོས་ནས་སློབ་ཁྲིད་བྱས་པ་ཡིན། དེ་ཡང་འཛིན་གྲྭའི་རྒྱུན་ལྡན་གྱི་བོད་ཡིག་སློབ་ཁྲིད་ལས་གཞན། རང་ཉིད་ཀྱིས་ཟུར་དུ་དུས་ཚོད་བཀོད་སྒྲིག་བྱས་ཏེ་རྨང་གཞི་ཧ་ཅང་ཞན་པའི་སློབ་གྲོགས་དག་སྐོར་ཁག་གཉིས་སུ་བགོས་ནས་ཟུར་ཁྲིད་བྱས་པ་ཡིན་ལ། དེ་ནི་ཐབས་ཟད་འུ་ཐུག་གི་བྱེད་ཐབས་ཤིག་ཀྱང་ཡིན་ཏེ། མཐར་ཐུག་གི་དམིགས་ཡུལ་ཉག་གཅིག་ནི་ཁོ་ཚོ་རྗེས་མར་མཐོ་རྒྱུགས་ལ་ཞུགས་སྐབས། བོད་ཡིག་གི་རྒྱུགས་འབྲས་ལེགས་པོ་ཞིག་ལེན་པར་ཕན་ཐོགས་ཅུང་ཙམ་ཨེ་ཡོད་སྙམ་ནས། སློབ་མཐར་ཕྱིན་རག་བར་དེ་ལྟར་རྒྱུན་འཁྱོངས་བྱས་པ་ཡིན།
       ཟླ་ངོ་ཁ་ཤས་ཀྱི་རྗེས་སུ་འཛིན་གྲྭའི་སྒྲིགས་ལམ་དང་སློབ་སྦྱོང་། གཙང་སྦྲ་སོགས་ཕྱོགས་གང་ཐད་ནས་ཇེ་བཟང་ཇེ་ལེགས་སུ་སོང་ཞིང་། བསླབ་ཚན་གཞན་པའི་དགེ་རྒན་ཚོས་ཀྱང་ང་ལ་སྔོན་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་ཡོད་ཚུལ་དང་། ངས་འཛིན་གྲྭར་བཀོལ་པའི་ཐབས་ལམ་ལེགས་ཚུལ་སོགས་མང་དུ་བཤད་པས། རང་སེམས་ལའང་སྤྲོ་བ་དང་སྤོབས་པས་བརྟས། དགེ་རྒན་ཞིག་ལ་མཚོན་ན་སེམས་གཏིང་ནས་སློབ་གྲོགས་ཚོར་གཅེས་སེམས་ལྡན་པ་དང་། འགན་འཁྲི་ཡོད་པ། བརྩི་བཀུར་ལྡན་པའི་སྒོ་ནས་ཤ་ཚ་ཚ་དང་སྙིང་ཉེ་ཉེས་སློབ་གསོ་བཏང་པ་ཡིན་ན། སློབ་མ་ཚོས་ཀྱང་ཁྱོད་ཀྱི་བྱ་སྤྱོད་ངོ་མ་དེ་དང་། ཀུན་སློང་གཙང་མ་དེ། ལྷག་བསམ་དྲོད་མོ་དེ་མིག་མཐོང་ལག་ཟིན་ཡིན་པས་ཁྱོད་ལ་བརྩི་བཀུར་བྱེད་པའང་གདོན་མི་ཟ། ལྷག་པར་འཛིན་བདག་དགེ་རྒན་ཞིག་ལ་མཚོན་ན། འཛིན་གྲྭའི་དོ་དམ་ལེགས་པོ་ཞིག་འཛིན་པ་ལ་རང་གིས་ཐབས་ཤེས་མང་བོ་གདོན་དགོས་པར་འདོད། དེའང་ཐབས་ཀྱི་གཙོ་བོ་ནི་སློབ་མར་བཙན་ཤེད་ཀྱིས་གཅར་རྡུང་སོགས་གཏན་ནས་མི་བྱེད་པར། ཁོ་ཚོར་འདྲ་མཉམ་དང་བརྩི་བཀུར། གཅེས་སེམས་སོགས་གཙིགས་སུ་བཟུང་སྟེ། ངང་རྒྱུད་རིང་བའི་སྒོ་ནས་སློབ་མ་ཚོའི་ནང་སེམས་ཀྱི་གོ་རྟོགས་མཐོར་འདེགས་སུ་གཏང་རྒྱུ་ནི་གནད་འགག་གཙོ་བོ་ཡིན་ལ། དེ་དང་ཆབས་ཅིག་སློབ་བུ་དམིགས་བསལ་ཅན་ལ་ལར་དམིགས་བསལ་གྱི་ཐབས་ལམ་རེ་བཀོལ་ནས་སློབ་གསོ་གཏང་རྒྱུའང་གལ་འགངས་ཤིན་ཏུ་ཆེ། དཔེར་ན། སྐབས་དེའི་ངའི་འཛིན་གྲྭའི་སློབ་མ་རེ་ཟུང་བསླབ་ཚན་གཞན་གྱི་སྐབས་སུ་སློབ་བྱོལ་བྱེད་པའི་སྣང་ཚུལ་མཆིས་ལ། གནས་ཚུལ་དེའི་རིགས་བྱུང་ཚེ་ངས་སློབ་བུ་གང་དེ་གཞུང་ལས་ཁང་དུ་བོས་ཏེ། ངག་འཇམ་ཞིང་རྣམ་འགྱུར་ལེགས་པོའི་སྒོ་ནས་རྒྱུ་རྐྱེན་གསལ་བོར་དྲིས་པ་དང་ཆབས་ཅིག སློབ་གསོ་འོས་འཚམ་རེ་བཏང་རྗེས། “ཁྱོད་རྗེས་མར་སློབ་བྱོལ་མི་བྱ་ཐབས་མེད་བྱུང་ན་བོད་ཡིག་སློབ་ཁྲིད་ཀྱི་སྐབས་སུ་བྱོས་དང་། ངས་ཁྱོད་ལ་གནང་བ་སྟེར”ཞེས་བཤད་པ་ཡིན་ལ། སློབ་གྲོགས་རེ་ཟུང་ལ་དེ་ལྟར་གནང་བའང་བྱིན་མྱོང་། དེའང་གཙོ་བོ་ཁོ་ཚོས་ང་ལ་དགེ་རྒན་གཞན་ལས་བརྩི་བཀུར་དང་ཐེ་གཏོགས་བྱེད་པས་ཡིན་ལ། དེའི་རྗེས་རིམ་བཞིན་སློབ་བྱོལ་བྱེད་མཁན་ཡང་མེད་པར་གྱུར། ཡང་ཁྱིམ་ཚང་ཟི་ལིང་དུ་ཡོད་པའི་སློབ་གྲོགས་ཤིག་གིས་སློབ་ཁྲིད་སྐབས་སུ་སེམས་ནང་དུ་སྡུད་ཐུབ་ཀྱིན་མེད་ཅིང་རྒྱུགས་འབྲས་ཀྱང་ཇེ་ཞན་དུ་སོང་བར་མ་ཟད། རེས་གཟའ་ཉི་མར་ཡང་རང་ཁྱིམ་དུ་མི་ལོག་པར་སློབ་གྲྭར་བསྡད་པས། ཉིན་ཞིག་ངས་ཁོ་ཟུར་དུ་བོས་ཏེ་ཡུན་རིང་ལ་ཁ་བརྡ་བྱས་རྗེས་རྒྱུ་རྐྱེན་གསལ་བོ་རྟོགས་པ་སྟེ། མ་གཞི་ཁོའི་ཕ་མ་གཉིས་ཀྱིས་རྟག་ཏུ་བཟའ་འཁོན་བྱེད་ཀྱིན་ཡོད་པས། ཁོ་གཟའ་མཇུག་ལ་ཁྱིམ་དུ་ལོག་རྒྱུའང་སྐྲག་སྣང་སྐྱེས་པའི་ཚད་དུ་སླེབས་འདུག དེའི་རྗེས་ངས་གཅིག་ནས་རྒྱུན་དུ་ཁོ་ལ་སེམས་གཏམ་རང་བཞིན་གྱི་ཁ་བརྡ་མང་པོ་བྱས་པར་མ་ཟད། མཚམས་ལན་རེར་དམིགས་བསལ་གྱི་གནང་བ་བྱིན་ཏེ་ཕྱི་རོལ་ཏུ་འཆམ་འཆམ་ལའང་འགྲོ་རུ་བཅུགས་པ་ཡིན། གཉིས་ནས་ཁོའི་ཕ་མར་སྒེར་འབྲེལ་བྱས་ཏེ། དོན་དག་དེའི་ཚབས་ཆེན་རང་བཞིན་དང་དོ་སྣང་བྱ་དགོས་ཚུལ་སྐོར་གྱི་བསམ་ཚུལ་བཏོན་པས། རིམ་བཞིན་མཇུག་འབྲས་ལེགས་པོ་བྱུང་བ་ལྟ་བུ་སོགས་འཛིན་གྲྭའི་དོ་དམ་དང་སློབ་སྦྱོང་གི་ཐད་དུ་ཐབས་ཤེས་སྣ་ཚོགས་བཀོལ་མྱོང་།
       ང་དང་འཛིན་གྲྭའི་སློབ་མ་ཚོ་ནི་འདི་ལྟར་ཆེས་ཐོག་མའི་ཆ་རྒྱུས་མེད་པ་ནས། བར་གྱི་གཅིག་རམ་གཅིག་འདེགས། མཐའ་མར་གྲོགས་པོ་ལྟར་གྱུར་ལ། བརྒྱུད་རིམ་དེའི་ཁྲོད་དུ་ང་ཚོའི་བར་ནམ་ཡང་བརྗེད་ཐབས་མེད་པའི་དོན་དག་ཀྱང་གང་མང་བྱུང་མྱོང་། དེ་དག་རེ་རེ་བཞིན་བརྗོད་པའི་དགོས་པ་མ་མཆིས་ཀྱང་། རང་ལ་ཆེས་བག་ཆགས་ཟབ་པའི་འདས་དོན་ཞིག་གླེང་འདོད་བྱུང་བ་ནི། ཉིན་ཞིག་ངས་དགོང་ཟས་ཟོས་རྗེས་མལ་ཁང་དུ་དཔེ་དེབ་ཅིག་ལ་ལྟ་ཞོར་ངལ་གསོས་པ་ཡིན། གློ་བུར་མི་ཞིག་གིས་སྒོ་ཐག་ཐག་ཐག་རྡུང་བྱུང་བས་མྱུར་དུ་སྒོ་ཕྱེ་བ་ན། མ་གཞིར་ང་ཚོ་འཛིན་གྲྭའི་སློབ་མ་ཞིག་གིས་བྲེལ་བྲེལ་འཚུབ་འཚུབ་ཀྱིས“དགེ་རྒན། ང་ཚོའི་འཛིན་གྲྭར་དོན་རྐྱེན་ཞིག་བྱུང་སོང་བས་མྱུར་དུ་འགྲོ་རོགས་གནོངས”ཟེར། སྐབས་དེར་ང་ནི་དངངས་སྐྲག་ཆེན་པོས་འདྲུད་ལྷམ་ཡང་མ་བརྗེས་པར་འཛིན་གྲྭའི་སློབ་ཁང་གི་ཕྱོགས་སུ་བརྒྱུགས་པ་ཡིན། སློབ་ཁང་གི་སྒོ་ཕྱེ་མ་ཐག སློབ་གྲོགས་ཚོ་དུས་མཉམ་དུ་ཡར་ལངས་ཏེ་ལག་ཟུང་ཐལ་མོ་རྡེབ་ཞོར“དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ། དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།……”ཞེས་དབྱངས་འགྲོས་གཅིག་གིས་ཡུན་རིང་བོར་གྱེར་ཅིང་། ཁྲིད་སྟེགས་སྟེང་དུ་མེ་ཏོག་ཆུན་པོ་ཞིག་དང་ཤོག་ཁུག་འགའ་བཞག་འདུག་ལ། མིག་མདུན་གྱི་ཡོད་ཚད་ཀྱིས་ང་ལ་སྨྲ་བརྗོད་ལས་འགོངས་པའི་ཚོར་སྣང་ཞིག་བྱིན་པས། ཡུན་རིང་བོར་ཅི་བྱེད་འདི་བྱེད་མེད་པར་ཧད་དེ་ལུས། སྐབས་དེར་འཛིན་གཙོས་སྐད་གསང་མཐོན་པོས“དགེ་རྒན་ལགས། བཀའ་དྲིན་ཆེ། དེ་རིང་ནི་དགེ་རྒན་དུས་ཆེན་ཡིན་པས་འཛིན་གྲྭའི་སློབ་གྲོགས་ཡོངས་ཀྱིས་མ་བགྲོས་རང་མཐུན་གྱིས་ཁྱེད་ལ་ལེགས་སྐྱེས་ཆུང་ཆུང་ཞིག་ཕུལ་ཏེ་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ། ངེད་འཛིན་གྲྭས་མཐོ་གསུམ་བར་འདི་ལྟར་དགེ་རྒན་ཞིག་ལ་རྟེན་འབྲེལ་ཞུས་མྱོང་མེད་ལ། ཁྱེད་ནི་ང་ཚོས་སེམས་གཏིང་ནས་ལེགས་སྐྱེས་ཕུལ་དེ་རྟེན་འབྲེལ་ཞུ་འདོད་པའི་དགེ་རྒན་གཅིག་པུའང་ཡིན། སློབ་གྲྭ་འདིར་ལས་དང་རྐྱེན་གྱིས་ཕྲད་པའི་ཁྱེད་ཀྱིས་ངེད་ཅག་ལ་སེམས་གཏིང་ནས་ཤ་ཚ་ཚ་དང་སྙིང་ཉེ་ཉེས་གཅེས་སྐྱོང་དང་གོང་བཀུར་བྱས་པས། དངོས་ནས་དགེ་རྒན་གཞན་དང་མི་མཚུངས་པ་ཞིག་རེད། ང་ཚོ་འཛིན་གྲྭ་ཡོངས་ཀྱིས་ཁྱེད་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཞུ་ཆེད་འདི་ལྟར་བཀོད་སྒྲིག་བྱས་པ་ཡིན”ཟེར། མ་གཞིར་ཉིན་དེ་ནི་དགེ་རྒན་དུས་ཆེན་ཡིན་པར་འདུག་ལ། སློབ་གྲོགས་ཚོས་ཕྲན་ལ་བོང་བ་གསེར་གཟིགས་ཀྱི་ཚུལ་དུ་བསམ་ཡུལ་ལས་འདས་པའི་དུས་ཆེན་གྱི་རྟེན་འབྲེལ་གྱ་ནོམ་པ་ཞིག་བཤམས་པར་དངོས་ནས་སེམས་འགུལ་ཆེན་པོ་ཐེབས་ཤིང་། རེ་ཞིག་ལ་མིག་མདུན་གྱི་སློབ་གྲོགས་ཚོའི་འཛུམ་དམུལ་དམུལ་གྱི་ངོ་གདོང་དག་ཀྱང་རབ་རིབ་ཏུ་གྱུར། དེའང་གཙོ་བོ་རང་ལ་མེ་ཏོག་དང་ལེགས་སྐྱེས་ཕུལ་བས་དགའ་སྤྲོ་སྐྱེས་པ་ཙམ་མ་ཡིན་པར། རང་གིས་འཛིན་གྲྭ་འདིར་ལྷག་བསམ་རྣམ་དག་དང་རང་ནུས་ཅི་ལྕོགས་སྒོས་ཞབས་ཞུ་ཅུང་ཙམ་བསྒྲུབས་པར། སློབ་མ་ཚོས་སེམས་གཏིང་ནས་ཡི་རངས་དང་ཁས་ལེན་ཐོབ་པ་ནི། ཁོ་ཚོའི་བྱ་སྤྱོད་འདི་ལས་གཅིག་སྡུད་ཀྱིས་ར་སྤྲོད་བྱས་ཡོད་པར་སྙམ་སྟེ། དངོས་ནས་དགའ་ཚོར་དྲག་ཏུ་སྐྱེས།
༡༠
       ང་ཚོས་ཤེས་གསལ་ལྟར། མཐོ་འབྲིང་སློབ་མ་ཞིག་ལ་མཚོན་ན། མཐོ་གསུམ་ནི་ཧ་ཅང་གལ་འགངས་ཆེ་བའི་དུས་སྐབས་ཤིག་ཡིན་ཏེ། མི་ལོ་བཅུ་གཉིས་རིང་གི་དཀའ་སྤྱད་འབད་འབུངས་ཀྱི་སྦྱངས་འབྲས་ལ་བསྡོམ་ཚིག་དགོད་པའི་བར་བརྒལ་གྱི་དུས་མཚམས་ཤིག་ཀྱང་ཡིན་ལ། ཀྱག་ཀྱོག་དང་དཀའ་སྡུག་གི་སློབ་མའི་འཚོ་བར་ཐེམ་སྐས་གསར་བ་ཞིག་བསྐྲུན་པའི་མཐའ་མཇུག་གི་སྟ་གོན་ཡང་ཡིན་པས། ང་ཚོ་དགེ་སློབ་སུ་ཡིན་རུང་དཀའ་སྤྱད་སྡུག་རུས་དང་གཉིད་བཅག་ཟས་བརྗེད་ཀྱིས་ཉིན་མཚན་གྲངས་མེད་ཅིག་བསྐྱལ་དགོས་པ་ནི་གདོན་མི་ཟ། དེར་བརྟེན་མཐོ་གསུམ་དུ་སླེབས་པ་ནས་བཟུང་། ངས་ཁོ་ཚོར་སྐུལ་སློང་བྱས་ཏེ“ཁྱོད་ཚོས་སློབ་ཆེན་ལ་ཡིག་རྒྱུགས་སྤྲོད་དང་། ངས་ནི་ཞིབ་འཇུག་སློབ་མར་ཡིག་རྒྱུགས་སྤྲོད། ང་ཚོ་དགེ་སློབ་ཚང་མ་ལྷན་དུ་སློབ་ཆེན་དུ་འགྲོ”ཞེས་འགྲན་སློང་རང་བཞིན་གྱི་སྐད་ཆའང་དུས་རྟག་ཏུ་བཤད་པ་ཡིན། རང་ངོས་ནས་ཀྱང་དེ་ཁ་བཤད་ཙམ་མ་ཡིན་པར་ཞིབ་འཇུག་སློབ་མར་ཚོད་ལྟ་ཞིག་བྱ་དགོས་བསམས་ཏེ། སློབ་གྲོགས་ཚོ་དང་མཉམ་དུ་འཛིན་གྲྭའི་སྒྲིགས་ལམ་ལྟར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་བསྐྱར་སྦྱངས་བྱས་པ་ཡིན། དེ་བཞིན་རང་ནུས་ཅི་ལྕོགས་སྒོས་བོད་ཡིག་མཐོ་རྒྱུགས་དང་འབྲེལ་བའི་རྒྱུ་ཆ་གང་མང་འཚོལ་སྡུད་བྱས་ཏེ་མཛུབ་སྟོན་བྱེད་ཁུལ་བྱས་ལ། ལྟ་ཀློག་དབྱེ་ཞིབ་བྱེད་སྟངས་སོགས་ལའང་རང་གིས་ཤེས་ཚོད་ཀྱིས་སློབ་ཚན«དཔའ་བོའི་མེ་ཏོག»སོགས་མཚན་གཞིར་བཟུང་སྟེ་དབྱེ་ཞིབ་ཀྱིས་ཁྲིད་སྟོན་བྱས་ཤིང་། སྐབས་དེའི་སློབ་ཚན་དབྱེ་ཞིབ་དང་སློབ་ཁྲིད་བསམ་གཞིག་སྐོར་གྱི་རྩོམ་ཡིག་འགའ«སྦྲང་ཆར»དུས་དེབ་སོགས་སུའང་སྤེལ་བས་དངོས་ནས་དགའ་སྤྲོ་སྐྱེས་མྱོང་།
       དགའ་འོས་པ་ཞིག་ལ། ང་ཚོའི་དཀའ་སྡུག་གི་རྔུལ་ཆུའི་ཐིགས་པ་རེ་རེར་ཡིད་འོང་གི་འབྲས་བུའི་མགོ་ལྕོག་ལྡེམ་ལྡེམ་བྱས་སོང་སྟེ། ལོ་དེའི་མཐོ་རྒྱུགས་ཁྲོད་ངེད་ཅག་འཛིན་གྲྭའི་སློབ་མ་ཉེར་ལྔ་པོས་བདེ་བླག་ངང་ཡིག་རྒྱུགས་འཕྲོད་པ་དང་། སློབ་མ་གཉིས་ཀྱི་སྤྱི་སྐར་ནི་ལོ་དེའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རིགས་ཚན་པའི་ཨང་རིམ་དྲུག་པའི་ནང་ཚུད་པས། ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་ལ། སློབ་མ་བཅུ་དྲུག་གི་སྤྱི་སྐར་ནི་དངོས་གཞིའི་ཚད་རིམ་བརྒལ་བས། འཛིན་གྲྭ་སྤྱིའི་སློབ་ཆེན་དུ་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆའི་བརྒྱར་སླེབས་པས། ང་ལ་མཚོན་ན་དངོས་ནས་བསམ་ཡུལ་ལས་འདས་པའི་ཚོར་སྣང་ཞིག་སྐྱེས། དེ་བཞིན་རང་གིས་ཀྱང་ལོ་དེར་ཁོ་ཚོ་དང་མཉམ་དུ་བདེ་བླག་ངང་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་སློབ་མར་ཡིག་རྒྱུགས་འཕྲོད་པས། ང་ཚོ་དགེ་སློབ་ཟུང་གི་ཐོག་མའི་དམ་བཅའ་ཅི་བཞིན་ལེགས་གྲུབ་ཀྱང་བྱུང་ཟིན་པས་དངོས་ནས་དགའ་བ་འབུམ་གྱིས་བརྟས། ཡིན་ནའང་དུས་དེ་ནས་བཟུང་ང་ནི་ཧ་ཅང་དགའ་བའི་དགེ་རྒན་གྱི་ལས་གནས་དང་ཁ་འབྲལ་དགོས་བྱུང་ལ། ཞིབ་འཇུག་སློབ་མ་སློབ་མཐར་ཕྱིན་རྗེས་ཀྱང་། རྒྱུ་རྐྱེན་དུ་མའི་དབང་གིས་དགེ་རྒན་གྱི་ལས་རྐང་ཞིག་ལ་ཞུགས་མ་ཐུབ།

རྩོམ་ཁུངས། ༢༠༢༤ལོའི«སྦྲང་ཆར»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།