logo

གླིང་ཚ་སྙིང་རྒྱལ་འབུམ་གྱི་སྙན་ངག་ཚན་པ་གསུམ།

རྩོམ་པ་པོ།:གླིང་ཚ་སྙིང་རྒྱལ་འབུམ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-08-23 ཀློག་གྲངས།:
རྣང་ཞིང་གྲུ་བཞི།

ཨ་མས། ལང་ཚོ་ས་བོན་དུ་བཏབ་ཅིང་།
དྲན་པ་ཟོར་བས་བྲེགས།
སྟོན་ཀའི་གཏམ་རྒྱུད་མང་པོ་གཡུལ་ཁར་བསྡུས་རྗེས།
རང་ཉིད་དགུན་གྱི་ལྗོན་པར་གྱུར།

ཨ་ཕས། བརྩེ་བ་སྲོལ་མགོ་རུ་གཏོར་ཏེ།
གསེར་མདོག་གི་ཕོ་བྲང་བཞེངས།
ཆེས་མཐའ་མཇུག་གི་རྨོན་མཛོ་བཙོངས་རྗེས།
རང་ཉིད་ཉི་འོད་ཀྱི་བྲན་དུ་གྱུར།

ཨ་ཅེ། ལྗང་མདོག་གི་རླབས་ངོས་སུ་འགྲེང་ཞིང་།
ཉིན་མཚན་གྱི་གོམ་པ་གྲངས་མེད།
སྙེ་རླབས་གཡོ་བའི་བྲང་ཁོག་ཏུ་བོར་རྗེས།
མགོ་དཀྲིས་དམར་པོའི་ལང་ཚོ་རྩྭ་ལྡུམ་གྱིས་བསླད།

ང་། ཙོང་ཆུའི་འགྲམ་དུ་བསྡད་དེ།
རྣང་ཞིང་ཁྲོད་སྦས་པའི་བསམ་གཞིག་དང་ལོ་ཟླ།
ཕྱིར་ལོག་ཐབས་མེད་པའི།
དྲན་པའི་ཁུད་དུ་ཡང་ཡང་གཅུད།

རྣང་ཞིང་གྲུ་བཞི་སེར་ལམ་མེར།
ཞིང་གྲོང་བཞིན་ལྷིང་འཇགས་ཀྱིས།
ས་མཐར་ཐོར་བའི་ང་ཚོ་ལ།
བདེ་སྐྱིད་ཀྱི་ལོ་ཟླ་རེ་རེ་བསྐུར།

སྐྱ་ཀ་ཁྲ་མོ།

ཕ་ཡུལ་དུ་ལོག་ཐེངས་རེར།
ཐོག་མར་སྐྱ་ཀ་གྲག་སྲིད།
དེ་ནས་སྒོ་ཁྱི་ཟུག་སྲིད།
འདི་ནི་རྟག་བརྟན་གྱི་གོ་རིམ་ཞིག་ཡིན།

སྲིད་པའི་བ་ཆུང་བཤའ་དུས་ནས།
སྐྱ་ཀ་ཁྲ་མོ། གླུ་ངག་གི་འགྱུར་ཁུགས་ཁྲོད་བཞུར་ཞིང་།
ཨ་མའི་གནའ་གཏམ་གྱི་ཀློང་དུ་འཛུལ་ཏེ།
ཞིང་གྲོང་གི་བུ་ཕྲུག་མང་པོ་གཉིད་ལ་བཀུག་མྱོང་།

སྐྱ་ཀ་ཁྲ་མོ། དབྱར་སྡོང་གི་ཡལ་གའི་སྟེང་བབས་ནས།
དུས་གསུམ་གྱི་རྡོག་སྒྲ་གླུ་རུ་བླངས་པས།
དགུན་ཁ་ཆུང་ནས་ཆུང་དུ་གྱུར་ཅིང་།
དཔྱིད་ཀ་ཆེ་ནས་ཆེ་རུ་བསྐྱེད།

སྐྱ་ཀ་ཁྲ་མོ།
དཀར་པོ་དཀར་ཤས་ཆེ་བ་གངས་དང་མཚུངས།
ནག་པོ་ནག་ཤས་ཆེ་བ་བུང་བ་འདྲ།
གཞིས་ཀའི་ཁ་དང་ལྗོན་པའི་རྩེ་ནས།
ཞིང་གྲོང་ལ་མགྲོན་པོ་མང་དུ་འབོད།

སྐྱ་ཀ་ཁྲ་མོ་གྲག་ཐེངས་རེར།
ཨ་མས། ས་མཐར་ལུས་པའི་བདག
ཕྱིར་ལོག་གམ་སྙམ་ནས།
སྡེ་འདབས་ཀྱི་ལམ་ཕྲན་ཕྱོགས་སུ་ཡང་ཡང་བལྟ།

འགྱུར་བཞིན་པའི་ཞིང་གྲོང་།

གནའ་བོའི་ལམ་ཕྲན་གྱ་གྱུ་རི་སྒང་དུ་ཟུག
འབའ་སྒྲ་དིར་རེར་བཞུར་བའི་ལུག་ཁྱུ་མི་འདུག
རེའུ་ལྕག་མེ་ཏོག་ཚོམ་བུ་ཚོམ་བུར་བཞད།
མགོ་རྒྱན་སླེ་མཁན་གྱི་བུ་མོས་གནས་ཡུལ་བསྙེགས།

ཐོང་གཤོལ་དང་སླེ་བོ།
ཐ་སྙད་ཀྱི་བེམ་པོར་གྱུར་པས།
བུ་ཕྲུག་གིས་ལག་པ་འདར་གྱིན།
རྒྱུགས་ཤོག་ངོས་སུ་རྣང་ཞིང་སྟོང་བ་ཞིག་བསྐྱུར།

བཤམས་སྟོན་ཁང་དུ་སྤོ་མ་ནུས་པའི་རྣང་ཞིང་གྲུ་བཞི།
ད་དུང་ཞོར་ལས་ལ་ཕྱིན་པའི་མི་ལ་དལ་ཅག་གེར་བསྒུག
སྙེ་མའི་བསྐྱར་གསོན་གྱི་རྨི་ལམ་ལྗང་གུ།
འཕྲུལ་ཆས་ཀྱི་སོ་ཁ་ནས་དལ་བུར་ཡར་འཕྱོ།

ཞིང་གྲོང་སྔར་ལས་ལྷིང་འཇགས་སུ་གྱུར།
དུས་འདིར། མགྲོན་པོ་གང་ཞིག་སྒོ་རྩར་འོངས་ཏེ།
སྐྱ་ཀ་ཁྲ་མོ་ཞིག་ཅག་ཅག་གྲག་ན་སྙམ།
སྒོ་ཁྱིས་ལྕགས་ཐག་སིལ་སིལ་གྱིས།
ཟུག་སྐད་ཅིག་ཀྱང་ཕྱུངས་ན་སྙམ།
འབྲེལ་ཡོད་འོས་སྦྱོར།