logo

«སྦྲང་ཆར»རྩོམ་རིག་བྱ་དགའ་ཐོབ་རྗེས་ཀྱི་སྙིང་གཏམ། ཚེ་ལོ་ཐར།

རྩོམ་པ་པོ།:ཚེ་ལོ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-08-26 ཀློག་གྲངས།:
སྐབས་བཅུ་གཅིག་པའི«སྦྲང་ཆར»རྩོམ་རིག་བྱ་དགའ་ཐོབ་རྗེས་ཀྱི་སྙིང་གཏམ།
ཚེ་ལོ་ཐར།

       ང་ལ་ད་ཐེངས་ཀྱི་སྐབས་བཅུ་གཅིག་པའི«སྦྲང་ཆར»རྩོམ་རིག་བྱ་དགའ་ཐོབ་སོང་། ངའི་བརྩམས་ཆོས་ཀྱི་མིང་ལ«ཟླ་འོད་འོག་གི་ལོང་བ»ཡིན། སྒྲུང་འབྲིང་ཞིག་ཡིན། ངའི་མིང་ལ་ཚེ་ལོ་ཐར་ཟེར། ཕ་ཡུལ་རྨ་ལྷོ་ཁུལ་གཅན་ཚ་མདའ་མོ་གཡང་རྫོང་ཚོ་དྲུག་ཡུལ་ཚོ་ཡིན། རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་དང་མཚོ་སྔོན་སློབ་གསོ་སློབ་ཆེན་སོགས་ནས་མཐར་ཕྱིན། ལུའུ་ཞུན་རྩོམ་རིག་སློབ་གླིང་གི་སྐབས་བཅུ་གཉིས་པའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་གསོ་སྦྱོང་འཛིན་གྲྭ་སོགས་ལ་ཞུགས་མྱོང་།
       དགེ་རྒན་གྱི་བྱ་བ་ལས་ཞོར་དུ«སྦྲང་ཆར»གཙོ་བྱས་པའི་བོད་ཁུལ་གྱི་ཚགས་པར་དང་དུས་དེབ་འདྲ་མིན་སྟེང་སྒྲུང་ཐུང་དང་། སྒྲུང་འབྲིང། སྒྲུང་རིང་སོགས་བཀོད་མྱོང་། ༢༠༡༧ལོར་སྒེར་གྱི་སྒྲུང་ཐུང་ཕྱོགས་བསྒྲིགས«གྲོང་གསེབ་ཀྱི་གཏམ་རྒྱུད»པར་སྐྲུན་བྱས། མཚོ་ལྷོ་ཁུལ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་སློབ་ཚོགས་ཀྱི་ཚོགས་མི་བཅས་ཡིན། ད་ལྟ་ལས་འཁྱུར་ངལ་གསོ་བྱས་ཡོད།
       ཐོག་མར་ངས“སྐབས་བཅུ་གཅིག་པའི«སྦྲང་ཆར»རྩོམ་རིག་ཐོབ་འདུག”ཅེས་པའི་གཏམ་བཟང་འདི་གྲོགས་པོའི་སྐད་འཕྲིན་ལས་མཐོང་དུས། གཏན་ནས་ཡིད་མ་ཆེས། ངས་ཕྱིར“ཀུ་རེ་མ་རྩེས། ང་ལ་མི་དགོས”ཞེས་ལན་བསྐུར། སྐབས་དེར་ངས་རྨ་ཆུའི་འགྲམ་དུ་ཟམ་ཆེན་ཞིག་ལས་པར་བལྟས་ཡོད་པས། སྐད་འཕྲིན་ནང་ཡང་བསྐྱར“ཟམ་ཆེན་འདིའི་ལས་དཔོན་ག་ཅིག་ལ་བྲོས་སོང་བ་འདྲ། གྲག་འགུལ་ཅི་ཡང་མི་འདུག”ཅེས་གཏགས་པར་མ་ཟད། བདེན་པ་ར་སྤྲོད་བྱེད་ཆེད་སྔོ་ལྟེམ་མེར་བཞུར་བའི་རྨ་ཆུ་སྔོན་མོ་དང་། ཟམ་ཆེན་དེའི་ཀ་བ་དམར་པོ་སོགས་པར་འགའ་བླངས་ཏེ་བསྐུར། གྲོགས་པོས་ཕྱིར་བདེན་པ་ཤ་སྟག་ཡིན་ཚུལ་བཤད་སོང་། སྔོན་ཆད་ངས«སྦྲང་ཆར»རྩོམ་རིག་བྱ་དགའ་ནི་བོད་ཀྱི་རྩོམ་རིག་བྱ་དགའ་ཆེས་མཐོ་གྲས་ཤིག་ཡིན་པ་དང་།«སྦྲང་ཆར»སྨྱུག་གསར་བྱ་དགའ་ཟེར་བ་སོགས་ཐོས་མྱོང་བ་མ་གཏོགས། བྱ་དགའ་དེ་རང་ཉིད་ལ་འཐོབ་པར་རེ་བ་དང་དོ་སྣང་ཆེན་པོ་བྱས་མ་མྱོང་། དེའི་ཕྱིར་ངས་རང་གི་སྒྲུང་གཏམ་གང་ཞིག་ལ་བྱ་དགའ་ཐོབ་སོང་བ་ཡིན་ནམ་སྙམ་པའི་བསམ་བློ་ཡང་མ་བཏང་།
       ང་རང་འདི་ལྟར་རང་མཁོ་མེད་པ་ཞིག་ཡིན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ང་རང་སྒྲུང་གཏམ་ཁོ་ན་འབྲི་མཁན་ཞིག་ཡིན་ལ། དགེ་རྒན་གྱི་ལས་གནས་སྟེང་བྲེལ་བ་ཆེ་བས། བྲིས་པའི་གྲངས་ཀ་ཡང་གཞན་དང་བསྡུར་ན་ཧ་ཅང་ཧ་ཅང་ཉུང་། ལྷག་པར་ཆུ་ཚད་ཀྱང་གཞན་དང་བསྡུར་ཐབས་གཏན་ནས་མེད། དེའི་ཁར་ལོ་འདི་འགར་རང་ཉིད་ལ་རེ་བ་མཐོན་པོ་བཅངས་ཏེ་སྒྲུང་འབྲིང་འབྲི་ཁུལ་གྱིས་ཉི་མ་འཁྱོལ་ཐབས་བྱས་པ་ཡིན། ད་ཐེངས་བྱ་དགའ་ཐོབ་པའི་སྒྲུང་འབྲིང«ཟླ་འོད་འོག་གི་ལོང་བ»དེ་ཡང་ངས༢༠༡༩ལོར་བྲིས་ཤིང་། ༢༠༢༣ལོའི«སྦྲང་ཆར»དེབ་དང་པོའི་སྟེང་བཀོད་པ་ཞིག་ཡིན། གཞན་ཡང་ང་ལ་མཚོན་ན། རྩོམ་སྒྲིག་ཁང་གང་རུང་ཞིག་ནས་སྒྲུང་ཐུང་ཐུང་གང་རུང་ཞིག་ལའང་བྱ་དགའ་ཤོག་ལེབ་ཙམ་ཡང་ཐོབ་མ་མྱོང་། སྒྲུང་འབྲིང་འདིར་བྱ་དགའ་ཐོབ་འགྲོ་བ་ནི་གནམ་ལ་གྲི་ཡིས་བརྒྱབ་པ་དང་འདྲ་ལ། གཉིད་མ་ལོག་པར་རྨི་ལམ་སྐྱིད་པ་ཞིག་རྨིས་པ་དང་ཡང་འདྲ། དེའི་ཕྱིར་ངས་རང་གི“ཕུལ་བྱུང”གི«ཟླ་འོད་འོག་གི་ལོང་བ»འདིར་བྱ་དགའ་ཞིག་ཐོབ་པར་བསམ་བློ་ཡང་མ་བཏང་བ་ཡིན།
       ཡིན་ནའང་ཀུ་རེ་རྩེ་རྒྱུར་མི་དགའ་བའི་ངའི་གྲོགས་པོ་གཡང་ཁ་དེས“ཨ་ལ་ཀུ་རེ་ཡིན”ཞེས་མི་བཤད་པར་མ་ཟད། “ཡིད་མི་ཆེས་ན། བྱ་དགའ་ང་ལ་སྟེར་རྒྱུ་ན”ཞེས་བསྐུར་ཡོང་། བྱ་དགའ་ཐོབ་པ་ནི་ཀུ་རེ་ཞིག་གཏན་ནས་མིན་པ་འདྲ་སྙམ་ཞོར་དུ་སེམས་གཏིང་ནས་གནོན་ཐབས་བྲལ་བའི་སྤྲོ་བ་ཞིག་རྩ་ལམ་ཡོངས་ལ་ཁྱབ་སོང་། ངས“ངོ་མ་ཡིན་ན། ཆུང་ཕྱོགས་པ་ཚོར་བྱིན་ན་འགྲིག”ཅེས་བསྐུར། འདི་ནི་ཁ་ཡག་ངོ་དགའ་བྱས་པ་གཏན་ནས་མ་ཡིན་པར་ཁ་ཞེ་གཉིས་མེད་ཀྱི་སེམས་གཏམ་ཡིན། རྒྱུ་མཚན་ནི་ང་ལྟ་བུའི་ཆེ་ཕྱོགས་པ་རྣམས་ལ་བྱ་དགའ་བྱིན་ཡང་ཕན་ཐོགས་པ་ལས། ད་ནི་རང་ལ་བྱ་དགའ་ཐོབ་སོང་སྙམ་པའི་ཆོག་ཤེས་ཀྱིས་ཚེགས་ཆེ་བའི་གསར་རྩོམ་མི་འདོར་བའི་ངེས་པ་ཡང་མེད། དེ་བས་ལོ་གཞོན་ཚོར་བྱ་དགའ་བྱིན་ན། ངར་སེམས་དང་བརྩོན་སེམས་ལྡབ་འགྱུར་གྱིས་འཕེལ་ཐུབ་པར་མ་ཟད། ལོ་གཞོན་གཞན་ལ་འགྲམ་ཆུ་ལྡང་ཞིང་འགྲན་སེམས་བསླང་སྲིད་སྙམ་པ་ཡིན། གྲོགས་པོ་ཡིས“སུར་འབབ་ན། དེར་སྟེར་དགོས། ད་ཐེངས་རྒན་པ་མང”ཞེས་བསྐུར་ཡོང་། ཁོའི་རྣམ་འགྱུར་ལ་འགྱུར་བ་གཏན་ནས་མེད་སྟབས། ངས“བདེན་ན། ཆི་ད་པ་ད་ཞིག་བྱ་ཆོག ད་བདེ་མོ”ཞེས་གཏགས་ཤིང་དགའ་བ་མཚོན་བྱེད་ཀྱི་མཐེ་བོང་ཆུང་ཆུང་གསུམ་ཡང་ལྷན་དུ་བསྐུར་བ་ཡིན།
       ངས་གྲོགས་པོར་བདེ་མོ་བཞག་རྗེས། «ཟླ་འོད་འོག་གི་ལོང་བ»དེ་ཇི་ལྟར་བློས་བསླངས་བྱས་པ་དང་། སློབ་ཁྲིད་བྱེད་ཞོར་དུ་ཟླ་འགར་བྲིས་པའི་འདས་དོན་སོགས་ལ་ཕྱིར་དྲན་བྱས། དེ་ལྟར་ཕྱིར་དྲན་བྱེད་ཀྱིན་སྤྱི་ལེ་གཉིས་ཙམ་གྱི་རང་ཁྱིམ་ལ་འབྱོར་བ་ན། ཏིང་སྒྲ་ཞིག་དང་མཉམ་དུ་སྐད་འཕྲིན་འབྱོར་བྱུང་། མྱུར་དུ་བལྟས་པ་ན། དངོས་གནས་སྐབས་བཅུ་གཅིག་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”ཡི་དཔྱད་འདེམ་མཇུག་འབྲས་གསལ་བསྒྲགས་རེད། དངོས་གནས་ངའི«ཟླ་འོད་འོག་གི་ལོང་བ»དང་། སྒྲུང་འབྲིང་། ཚེ་ལོ་ཐར་གསུམ་གྱིས་རེའུ་མིག་གི་ཀླད་དུ་ང་ལ་འཛུམ་དམུལ་དམུལ་བྱེད། དེ་མ་ཐག སྤྱི་ལེ་གཉིས་ཙམ་ལ་རྩ་ལམ་ནས་འཕར་ལྡིང་ཡང་ཡང་བྱས་ཏེ་སྙིང་ཁོང་རུས་པའི་གཏིང་ལ་ཉར་ཡོད་པའི་དགའ་སྤྲོ་ཡོད་ཚད་ཆུ་ཁོལ་བཞིན་འཕྱུར་ཡོང་བས། ངའི་ཡོད་ཚད་བརླན་པ་ལྟར་གྱུར་ལ། ཅི་བྱ་འདི་བྱ་མི་ཤེས་པར་ལུས་སོང་།
       ངས་སྤྲོ་བ་གནོན་ཐབས་བྱེད་ཀྱིན་གསལ་པོར་བལྟས་པ་ན། དངོས་གནས་གྲོགས་པོས་བཤད་པ་ཇི་བཞིན་རྒན་བདུད་ལྷ་རྒྱལ་དང་། རྒན་མཚོ་སྐྱེས་གཉིས་ཀྱང་འདུག་པས། སེམས་སུ“ལས་ངན་ནང་གི་ལས་ཅན་ཞིག ཞབས་དྲུང་དཀར་པོའི་ན་ཟླ་རེད”ཅེས་པ་དེ་དྲན་ཡོང་བར་མ་ཟད། “ང་རྩོམ་མེད་ནང་གི་ལས་ཅན་ཞིག རྒན་མཚོ་སྐྱེས་ལགས་ཀྱི་འདུག་གྲོགས་ཡིན།། རྒན་བདུད་ལྷ་རྒྱལ་གྱི་ལེན་གྲོགས་ཡིན”ཞེས་ཁེར་ལབ་བྱས་པ་ཡིན། ནང་དོན་ནི་བྱ་དགའ་ལེན་སྐབས་ཀྱི་སྡོད་གྲོགས་དང་བྱ་དགའ་ལེན་གྲོགས་ཡིན་ཟེར་བ་ཡིན།
       ང་ལ་མཚོན་ན། སྒྲུང་གཏམ་གང་རུང་ཞིག་འབྲི་དུས། སྔོན་ལ་ཅི་ཞིག་འབྲི་བའི་ས་བོན་ཞིག་རྙེད་དགོས་ལ། ཡུན་རིང་དུ་སྣོན་འཕྲི་སྤོར་གཅོག་མང་པོ་བྱ་དགོས་པས། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཕ་ཡུལ་གྱི་འགྱུར་ལྡོག་ལ་མཉམ་འཇོག་དང་། མང་ཚོགས་ཀྱི་སྐྱིད་སྡུག་ལ་ཉམས་ཞིབ། ལྷག་པར་ཡུལ་མི་ཚོའི་ནང་སེམས་ལ་འདྲི་རྟོག་བྱས་པ་ཡིན། དེ་ལྟར་ཁ་ཚ་དགོས་གཏུགས་སུ་གྱུར་པའི་གནད་དོན་ལ་མཉམ་འཇོག་དང་ཉམས་ཞིབ། འདྲི་རྟོག་ཡང་ཡང་བྱས་རྗེས། ཡི་གེར་འགོད་པ་ནི་སྟབས་བདེ་བོ་ཞིག་ཡིན་པ་འདྲ། ངའི«ཟླ་འོད་འོག་གི་ལོང་བ»ལ་མཚོན་ནའང་ལོ་ངོ་བཅུ་ཕྲག་ལྷག་གི་ཡར་སྔོན་དུ། བོད་ཁུལ་གྱི་ས་ཆ་སོ་སོར་ཚོགས་པ་མང་པོ་བཙུགས་ཏེ་མི་ཤེས་ཤེས་མདོག་དང་། མི་ལས་དགུ་ལས། མི་དྲན་དགུ་དྲན། མི་རྩོད་དགུ་རྩོད་བྱེད། ཐ་ན་དྲིལ་བུ་སི་ལི་ལིར་གསིལ་བ་དང་ཌ་རུ་ཁྲོ་ལོ་ལོར་དཀྲོལ་བ། དུང་དཀར་དི་རི་རིར་ཡང་འབུད་པ་ཡང་ཐོས་མྱོང་བས། ཆེད་དུ་བལྟ་རུ་སོང་བ་ན། “ཆོས་ལྡན་ཞིང་ཁམས”ཤིག་ཏུ་བསླེབས་འདྲའི་ཚོར་སྣང་བྱུང་མྱོང་། ད་དུང་སྐད་འཕྲིན་དང་མགྱོགས་འཕྲིན། འདར་དབྱངས་སོགས་དར་བས། ངོ་ཚ་ཁྲེལ་མེད་ཀྱི་དྲ་དཔོན་ཟེར་བ་འགས་མི་བཤད་དགུ་བཤད་དང་། མི་སྟོན་དགུ་སྟོན། མི་ཚོང་དགུ་ཚོང་། མི་ལེན་དགུ་ལེན་བྱེད་ཀྱིན་ཡོད་སྟབས། ཆེད་དུ་ཞིབ་ལྟ་དང་ཞིབ་ཉན་བྱས་ལ། སྒྲུང་གཏམ་འདི་འབྲི་འགོ་བརྩམས་མ་ཐག ཟླ་འོད་འོག་ཏུ་ཐད་གཏོང་བྱེད་པའི་འུར་གཏམ་མང་པོ་བསྟུད་མར་བྲིས་ཡོད། གཞན་ཡང་སྔོན་ཆད་ནས་དབྱར་རྩྭ་དགུན་འབུ་དང་ཞོར་ལས་ཀྱི་ཆེད་དུ། ཕོ་གསར་མོ་གསར་ཚང་མས་ལོ་རྒན་པའི་དྲིན་ཆེན་ཕ་མ་དང་། ལོ་ཆུང་བའི་འདང་ཆེན་གཅེས་ཕྲུག་རྣམས་རང་ཡུལ་དུ་བསྐྱུར་དགོས་པས། དོན་རྐྱེན་ཧ་ལས་པ་བྱུང་དང་འབྱུང་གིན་ཡོད་པའི་གནས་ཚུལ་མང་པོ་ཐོས་རྒྱུ་ཡོད། དེ་དག་ཡོད་ཚད་སྒྲུང་འབྲིང«ཟླ་འོད་འོག་གི་ལོང་བ»ཡི་ས་བོན་བྱས་ཡོད། ངས་ནམ་ཞིག་ཡིན་པ་གསལ་པོར་དྲན་དཀའ་སྟེ། ༢༠༡༨ལོ་ཡིན་པ་འདྲ། སྐབས་དེར་སྦྲང་ཆར་རྩོམ་སྒྲིག་ཁང་གིས་གཙོ་སྒྲུབ་བྱས་པའི་གསོ་སྦྱོང་འཛིན་གྲྭར་ཞུགས་དུས། གྲོགས་པོ་ཞིག་གིས“ད་ནི་ཁྱོད་ཀྱིས«ཉི་འོད་འོག་གི་ལོང་བ»ཟེར་བ་ཞིག་བྲིས་ན་མི་ཆོག་གམ”ཟེར། དེ་ནི་ངས་ས་བོན་མང་པོ་བསོགས་ཡོད་པ་ཁོང་གིས་ཤེས་འདུག་པ་དང་འདྲ་བའི་ཚོར་སྣང་བྱུང་། ངེད་གཉིས་ཀྱིས་དེའི་སྐོར་ཁ་བརྡ་ཡང་ཡང་བྱས་རྗེས། “«ཉི་འོད་འོག་གི་ལོང་བ»ལས«ཟླ་འོད་འོག་གི་ལོང་བ»ཞེ་ན་འགྲིག་གམ། ངས་ཚོད་ལྟ་ཞིག་བྱ་ཆོག”ཅེས་བཤད་པ་ན། གྲོགས་པོ་ཁོང་གིས་ཀྱང་འཐད་པའི་མགོ་བོ་ལྡེམ་ལྡེམ་བྱས་བྱུང་།
       ང་རང་ཕྱིར་ཆབ་ཆར་ལོག་རྗེས། ས་བོན་དེ་དག་འདེམས་སྒྲིག་བྱས་ཤིང་། མི་སྣ་ག་ཚོད་དགོས་པ་དང་ས་གནས་རོང་ཁུལ་ཡིན་དགོས་པ། དུས་ཚོད་དབྱར་ཁ་ཡིན་དགོས་པ། བྱུང་རིམ་གོ་བདེ་འབྲི་དགོས་པ་སོགས་རགས་ཙམ་བཀོད་སྒྲིག་བྱས་ཏེ་འབྲི་འགོ་བརྩམས། སློབ་ཁྲིད་བྱེད་ཞོར་དུ་འབྲི་བཞིན་འབྲི་བཞིན་ཟླ་འགའ་ཇི་ལྟར་འགོར་བའང་མ་ཤེས་ལ། སྒྲུང་འབྲིང་ཞིག་གི་ཚད་དུ་བསླེབས་འདུག དེའི་བར་དུ་སྒྲུང་ཐུང«ཉི་ནུབ་ཀྱི་མཚམས་སུ»ཡང་བྲིས་ཏེ༢༠༡༩ལོའི«སྦྲང་ཆར»དེབ་གཉིས་པའི་སྟེང་དུ་འགོད་ཐུབ་སོང་།«ཟླ་འོད་འོག་གི་ལོང་བ»ཡོངས་སུ་ལེགས་གྲུབ་བྱུང་རྗེས། «སྦྲང་ཆར»རྩོམ་སྒྲིག་ཁང་དུ་བསྐུར་བ་ཡིན། ཡིན་ནའང་བཤད་འདོད་པའི་ས་བོན་ཡོད་ཚད་གསལ་པོར་བཤད་མེད་འདྲའི་ཚོར་སྣང་ཞིག་ཡང་ཡང་བྱུང་། དེའི་ཕྱིར“ང་འདུག་མ་ཐུབ་པར་དགོད་ཞོར་དང་ངུ་ཞོར། རྩེད་ཞོར་དང་བཅའ་ཞོར་བྱས་ཏེ་ལོ་ངོ་གཉིས་ཀྱི་ཡུན་ལ་བྲིས་ཏེ་སྒྲུང་རིང་ཞིག་ཏུ་གྱུར་ཚར་སོང”ཞེས༢༠༢༣ལོའི་ཟླ༥བའི་ཚེས༦ཉིན། སྒྲུང་འབྲིང«ཟླ་འོད་འོག་གི་ལོང་བ»སྦྲང་ཆར་རྩོམ་སྒྲིག་ཁང་གིས་དག་བཅོས་ཡང་ཡང་བྱས་ཏེ་སྤེལ་འདུག་པ་མཐོང་དུས། འདྲ་པར་དང་བཅས་ངའི་སྐད་འཕྲིན་སྟེང་སྤེལ་བ་ཡིན། དངོས་གནས་ལོ་ངོ་གཉིས་ཀྱི་ཡུན་ལ། བརྩེ་དུང་གི་སྒྲུང་འབྲིང་གཞན་ཞིག་འབྲི་ཞོར་དུ་སྒྲུང་རིང་ཞིག་གྲུབ་འདུག རྗེས་ནས་ཡང་སྐྱོ་གར་དེ་སྤྲོ་གར་གྱིས་མཇུག་སྡུད་དགོས་བསམས་ཏེ་ཁ་སྣོན་ཡང་ཡང་བྱས་སྟབས། ད་རུང་སྤྲོ་གར་དུ་བྲིས་ཏེ་ཡོངས་སུ་འགྲུབ་མེད། འདི་ནི་ང་དང་ངའི«ཟླ་འོད་འོག་གི་ལོང་བ»གཉིས་ཀྱི་ལས་འཕྲོའི་མདུད་པ་ཡིན་ཞེས་བཤད་ཆོག་གོ །
       ད་རེབ་ཀྱི་གོ་སྐབས་ལེགས་པོ་འདི་བེད་སྤྱོད་བྱས་ཏེ་བཀའ་དྲིན་ཞུ་དགོས་པ་མང་པོ་ཞིག་ཡོད་པས། ད་ནི་ངས་ཉོག་བཤད་བཤད་མཚམས་བཞག་སྟེ་བཀའ་དྲིན་ཞུ་རྒྱུ་ཡིན། ངས་ཐོག་མར་བཀའ་དྲིན་ཞུ་འདོད་པ་ནི«སྦྲང་ཆར»རྩོམ་སྒྲིག་ཁང་ཡིན། «སྦྲང་ཆར»རྩོམ་སྒྲིག་ཁང་གི་བློ་འདོན་པ་ཨ་ཁུ་འགྱུར་མེད་ལགས་དང་། ཨ་ཁུ་ཟླ་བ་བློ་གྲོས་སོགས་ཡིན། རྒན་རབས་པ་ཁོང་ཚོ་མེད་པས་ན། «སྦྲང་ཆར»ཟིལ་མ་འདི་གངས་ཅན་ལྗོངས་ལ་ཡོད་མི་སྲིད་པས། བོད་ཀྱི་རྩོམ་པ་པོ་ཡང་མང་པོ་ཆར་རྗེས་ཀྱི་ཤ་མོ་བཞིན་དུ་བརྡོལ་མི་ཐུབ། དེའི་ཕྱིར་ངས་བོད་རིགས་རྩོམ་པ་པོ་དང་ཀློག་པ་པོ་མང་པོའི་ཚབ་བྱས་ཏེ་ཁོང་ཚོར་སྐུ་དྲིན་ཆེ་ཞུས་པ་ཡིན། ཁོང་རྣམ་པ་ཚེ་རིང་ལོ་བརྒྱར་འབུད་པའི་བཀྲ་ཤིས་ཁ་གཡང་བོས་པ་ཡིན། དེའི་འཕྲོར་ལོ་འགའི་སྔོན་གྱི་གཙོ་སྒྲིག་པ་ཨ་ཁུ་རྟ་མགྲིན་སྐྱབས་ལགས་དང་། ཨ་སྨྱོན་བཀྲ་ཤིས་དོན་འགྲུབ། ད་ལྟའི་གཙོ་སྒྲིག་པ་རྒན་མཁའ་འགྲོ་ཚེ་རིང་དང་། གཙོ་སྒྲིག་པ་གཞོན་པ་ཆོས་སྐྱོང་། རྩོམ་སྒྲིག་ལས་ཐོག་པ་པདྨ་དབང་ཆེན་དང་ཁོན་ཐར་རྒྱལ། ཕག་མོ་རྡོ་རྗེ་སོགས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། ཁྱེད་ཚོས་ང་རང་གྲོགས་པོ་ཞིག་གི་ཚད་དུ་བཟུང་སྟེ་ཁ་ཞེ་གཉིས་མེད་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མེད་ཚེ། ངའི«རྟེན་འབྲེལ་རྩོད་པ» «སྙིང་རྗེ་བའི་རྣམ་ཤེས» «འཕྲུལ་སྣང་གི་འཇིག་རྟེན» «གྲོང་གསེབ་ཀྱི་གཏམ་རྒྱུད» «ལས་དབང་གི་ཀུ་རེ» «ཉི་ནུབ་ཀྱི་མཚམས་སུ»སོགས«སྦྲང་ཆར»དུ་འགོད་མི་སྲིད། ད་དུང་ངའི་སྒྲུང་ཐུང་ཕྱོགས་བསྒྲིགས«གྲོང་གསེབ་ཀྱི་གཏམ་རྒྱུད»ཀྱང་མི་ཡུལ་འདིར་བལྟམས་མི་སྲིད། ལྷག་པར«ཟླ་འོད་འོག་གི་ལོང་བ»འདིར་རྩོམ་རིག་བྱ་དགའ་ཞིག་འཐོབ་ག་ལ་སྲིད། གཏན་ནས་འཐོབ་ཐབས་མེད་པས། «སྦྲང་ཆར»ཚང་གི་ཡོད་ཚད་ལ་ཡང་བསྐྱར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
       ད་རུང་ངས་གཏན་ནས་བརྗེད་མི་རུང་བ་ཞིག་ལ། ང་རང་རྩོམ་པ་པོ་ཞིག་ཏུ་གྱུར་པར་རྒྱབ་སྐྱོར་བླ་མེད་བྱས་པའི་དགེ་རྒན་ཞིག་ཡིན། ཁོང་ནི་ཆུང་དུས་ནས་ང་རང་རྩོམ་རིག་གི་ལམ་དུ་ཁྲིད་མཁན་ཡིན་ཞེས་བཤད་ཆོག ཁོང་ནི་གཞན་ཞིག་མ་ཡིན་པར། «སྦྲང་ཆར»རྩོམ་སྒྲིག་ཁང་ནས་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་བསྟན་ཀོ་ལགས་ཡིན། ངེད་གཉིས་ནི་ལས་དབང་གི་བཀོད་སྒྲིག་བྱས་པ་ལྟར་ང་རང་དམའ་འབྲིང་གི་སློབ་རིམ་དང་པོ་ཡིན་དུས། ཁོང་ནི་ངའི་འཛིན་བདག་དང་སྐད་ཡིག་དགེ་རྒན་བྱས་མྱོང་། སྐབས་དེའི་སློབ་དེབ་ཀྱི་མཇུག་ཏུ་གླིང་སྒྲུང་གི་སློབ་ཚན་གཉིས་ཡོད་པ་འདྲ། ཁོང་ནི་དགེ་རྒན་གཞན་དང་མི་འདྲ་བར་སློབ་ཁྲིད་བྱེད་དུས། གླིང་སྒྲུང་ནང་གི་མི་སྣ་རེ་རེའི་གླུ་ལེན་ཞོར་དུ་འཁྲབ་སྟོན་སྣ་ཚོགས་བྱེད། ང་ཚོར་སློབ་ཁྲིད་ལ་ཉན་འདོད་པའི་སྤྲོ་བ་སྔར་ལས་འཕེལ་བར་བྱས། ལྷག་པར་དུ་ཐེངས་ཤིག ཁོས«བརྗེད་དཀའ་བའི་འདས་དོན་ཞིག»ཅེས་པའི་རྩོམ་ཡིག་གི་ལས་བྱར་བཀོད་སྒྲིག་བྱས་སོང་། སྐབས་དེར་ནང་དོན་ཅི་ཡིན་མི་ཤེས་མོད། རྩོམ་ཡིག་གང་རུང་གི་སྔོན་དུ་ཐོག་མར“དེ་ཡང”འབྲི་བར་ལོབས་ཡོད་པའི་ངས་རང་ཉིད་རླངས་འཁོར་ས་ཚིགས་ནས་ཨ་མྱེས་ལོ་ལོན་ཞིག་འཕྲད་པ་དང་། མ་བསམ་ས་ནས་ཁོང་ནི་ངའི་ཨ་ཡེ་དྲིན་ཆེན་མས་ཡང་ཡང་བཤད་པའི་ངའི་ཨ་མྱེས་ལགས་ཡིན་པ་དང་། ངེད་གཉིས་འགྲོགས་ཏེ་ཕ་ཡུལ་ལ་འགྲོ་དུས། ཨ་མྱེས་དེས་ཁོ་རང་ད་རག་བར་དུ་གང་ལ་སོང་བའི་གནས་ཚུལ་གསལ་པོར་བཤད་སོང་ཞེས་ཅི་ཞིག་བཤད་པ་མ་བྲིས་པར། དོན་དག་འདི་ནི་ངའི་བརྗེད་ཐབས་བྲལ་བའི་འདས་དོན་ཞིག་རེད་ཅེས་མཇུག་བསྡུས་པ་ཡིན། དགེ་རྒན་ཁོང་གིས་མཐོང་རྗེས། “ཁྱོད་ལ་ཨ་མྱེས་འདི་འདྲ་ཞིག་དངོས་གནས་ཡོད་དམ། ཁོས་ཅི་ཞིག་བཤད་པ་རྣམས་རྩོམ་ནང་ལ་བྲིས་ན་ལེགས”ཞེས་ཡིད་ཕངས་པའི་མགོ་བོ་གཡུག་གཡུག་བྱས། སྐབས་དེར་ངས་ཨ་ཡེ་དྲིན་ཆེན་མས་ཀྱང་གང་སོང་མི་ཤེས་པ་ཞིག་ངས་ཇི་ལྟར་འབྲི་སྙམ་བྱུང་། དུས་དེ་ནས་བཟུང་། ངས་གནའ་གཏམ་སོགས་ལ་ཉན་པ་དང“དེ་ཡང”མ་སྦྱར་བར་རྩོམ་ཡིག་འབྲི་བར་ལོབས་སོང་བ་འདྲ། ལྷག་པར་དུ་ཐེངས་དང་པོར«སྦྲང་ཆར»སྟེང་ངའི་སྒྲུང་ཐུང«རྟེན་འབྲེལ་རྩོད་པ»འགོད་དུས་ཀྱང་ཁོང་གིས་བསམ་འཆར་མང་པོ་བཏོན་མྱོང་། «སྦྲང་ཆར»སྟེང་སྒྲུང་ཐུང་བཀོད་པ་དེས་ང་ལ་སྤོབས་པ་ཆེན་པོ་བསྐྱེད་སོང་། ད་དུང་ཁོས་རྗེས་ནས་ང་ལ“གཞན་ལས་ལྷག་པའི་བརྩམས་ཆོས་ཤིག་ཐོན་དགོས་ན། གཞན་ལས་ལྷག་པའི་དཀའ་བ་སྤྱོད་དགོས”ཞེས་རེ་བ་ཆེན་པོ་བཏོན་པས། ངས་སྒྲུང་རིང«འཕོ་བ་གྲོང་འཇུག»འབྲི་ཁུལ་བྱས་པར་མ་ཟད། ༢༠༡༠ལོར་འགོ་བརྩམས་ཏེ༢༠༡༣ལོའི་སྤྱི་ཟླ༡༡པར་མཇུག་རྫོགས་ཁུལ་བྱས། དེའི་ཕྱིར་ཁོང་ནི་ངའི་རྩོམ་རིག་གི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཡིན་ཞེས་བཤད་ཆོག་ཆོག་ཡིན། རྒན་ལགས་སྐུ་དྲིན་ཆེ། ཁྱེད་ཀྱི་སྐུ་ཚེ་རིང་བར་ཤོག
       ལྷག་པར་དུ། ད་རེབ་ཀྱི་མཐོང་རྒྱ་ཡངས་པའི་དཔྱད་འདེམས་པ་དག་གིས་སྒྲུང་གཏམ་མང་པོའི་ཁྲོད་ནས་ངའི«ཟླ་འོད་འོག་གི་ལོང་བ»རྙེད་པར་བཀའ་དྲིན་ཆེ་ཞུས་པ་ཡིན། དྲང་མོར་བཤད་ན། རང་ལ་སྦྲང་ཆར་རྩོམ་རིག་བྱ་དགའ་ཞིག་ཐོབ་པར་རེ་བ་ཆེན་པོ་མེད་པར་མ་ཟད། ངས་སྒྲུང་གཏམ་འབྲི་བ་ཡང་བྱ་དགའི་ཆེད་དུ་མིན། ཡིན་ནའང་བྱ་དགའ་འདིས་ང་ལ་གདེང་འཇོག་མཐོན་པོ་བྱས་ཤིང་། སྐུལ་ལྕག་ཆེན་པོ་གནང་བ་ཞིག་ཡིན། ད་རུང་ང་ཚོ་ཚང་མ་ངོ་བསྟོད་འགྲོ་ན་དཀོན་མཆོག་གསུམ་དང་། ཧྲ་གི་ཟེར་ན་མི་དགའ་བ་གཅིག་ཀྱང་མེད་པས། ཁྱེད་ཚོས་ཉེ་རིང་ཆགས་སྡང་མེད་པར་དྲང་པོ་དྲང་བཞག་དང་། བདེན་པ་བདེན་ཐུབ་ཀྱིས་ང་ལ་བྱ་དགའ་གནང་སྟེ་ཁས་ལེན་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། ད་དུང་ངའི་བརྩམས་ཆོས་ལ་དགའ་མོས་དང་རྒྱབ་སྐྱོར་ཡོད་པའི་ཀློག་པ་པོ་རྣམས་ལའང་བཀའ་དྲིན་ཆེ་ཞུས་པ་ཡིན། ད་རུང་ཆེད་དུ་སྐུ་དྲིན་ཞུ་འོས་པ་ཞིག་ལ། ཀན་སུའུ་ཛམ་དཀར་ཨར་ལས་འཛུགས་སྐྲུན་ཚད་ཡོད་ཀུང་སི་ཡི་སྦྱིན་བདག་ཆེན་མོ། གཏོང་ཕོད་ཀྱི་སྙིང་སྟོབས་ཆེན་པོ་མངའ་བའི་སྐུ་ཞབས་ནོར་བུ་ལགས་ཀྱིས་ད་ཐེངས་བྱ་དགའི་མཐུན་རྐྱེན་མང་པོ་སྦྱར་ཏེ་བོད་ཀྱི་རྩོམ་རིག་ལས་དོན་ལ་རྒྱབ་སྐྱོར་བླ་མེད་བྱས་པ་ཡིན་སྟབས། ངས་བོད་རིགས་མང་ཚོགས་ཀྱི་ཚབ་བྱས་ཏེ་སྙིང་ཐག་པ་ནས་ཁོང་ལ་བཀའ་དྲིན་ཆེ་ཆེ་ཞུས་པ་ཡིན།
       གཞན་ཡང་ངས་རང་གི་དྲིན་ཆེན་ཕ་མ་གཉིས་ལ་བཀའ་དྲིན་ཞུ་དགོས། ང་རང་ལོ་ཆུང་བྱིས་པ་ཡིན་དུས། གློག་སྒྲོན་དང་བརྙན་འཕྲིན་སོགས་མེད་དུས། ཉིན་མོར་ཁོང་གཉིས་སྡེ་བའི་ཐུན་མོང་གི་ངལ་རྩོལ་ལ་ཞུགས་ཏེ་ཐང་ཆད་ཡོད་ནའང་མཚན་མོར་སྣུམ་སྒྲོན་འོག་ཏུ་རེས་མོས་སྒོས་ང་དང་སྤུན་ཆུང་རྣམས་ལ། གནའ་གཏམ«ཨ་བོ་བྱེའུ་ཆུང»དང«བུ་མོ་ལྷ་རིས» «དྲེད་ཕྲུག་རྒྱ་རིལ»སོགས་བཤད་པས། ངའི་དྲི་མེད་བྱིས་བློ་ཡིས་མི་སྣ་འདི་དག་ལ་ང་ཚོ་སྡེ་བ་ནས“བྱེའུ་ཚང”དང“གནས་ཚང” “བྲག་ཁུང”རེ་རེ་བཀོད་སྒྲིག་བྱས་རྗེས། རང་ལས་ཆུང་བའི་བྱིས་པ་རྣམས་ལ་ཡང་ཡང་བཤད་པ་ཡིན། ད་དུང་བརྗེད་མི་རུང་བ་ཞིག་ལ། དག་པའི་ཞིང་དུ་བཞུད་པའི་ངའི་དྲིན་ཆེན་ཨ་ཡེ་ལགས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། མོས་ངེད་ཚང་གི་འདས་པའི་དོན་དག་མང་པོ་མ་གསང་མ་སྦས་པར་བཤད་པས། ངས་མོ་རང་ཨ་བོ་བྱེའུ་ཆུང་ལྟ་བུ་ཞིག་རེད་སྙམ་སྟེ་མིག་ཆུ་ཡང་ཡང་བཞུར་མྱོང་། ད་དུང་གནས་ལུགས་མང་པོ་གཏམ་རྒྱུད་ཀྱི་ལམ་ནས་ཡང་ཡང་བཤད་དེ་སུན་དུ་བཅུག་མྱོང་ཡོད་པའི་ངའི་ཨ་ཁུ་ལའང་བཀའ་དྲིན་ཆེ་ཞུ། ད་དུང་ངའི་ཆུང་མ་དང་བྱིས་པ་གཉིས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། ཁྱོད་ཚོས་རྒྱབ་སྐྱོར་མེད་ན། ང་རང་སྒྲུང་གཏམ་ཞིག་ལ་འཐམས་ཏེ་འདུག་ཁོམ་ག་ལ་ཡོད། ད་དུང་མ་ཁོག་གཅིག་བརྒྱུད་པའི་སྤུན་ཆུང་རྣམས་དང་། ཁོ་ཚོའི་བཟའ་མི་ཡོངས་ལ། ད་རག་བར་དུ་ང་ཚོའི་འདང་བརྩེ་ཟབ་མོ་རྒྱུད་འཛིན་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན།
       མཇུག་མཐར། «སྦྲང་ཆར»རྩོམ་སྒྲིག་ཁང་གི་མི་སྣ་ཡོངས་དང་། ད་ཐེངས་ཀྱི་དཔྱད་འདེམས་པ་ཡོངས། ངའི་བྱ་དགའ་ལེན་གྲོགས་ཡོངས་དང་། ངའི་སློབ་གྲོགས་དང་དགེ་གྲོགས། ལས་གྲོགས་དང་། ཡུལ་གྲོགས་སོགས་སུ་གྱུར་པ་ཡོངས་ལ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་དང་། ཚེ་རིང་ནད་མེད་སྐུ་ཚེ་རིང་བ་དང་། བསམ་དོན་མ་ལུས་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན་ནོ། །

༢༠༢༤ལོའི་ཟླ༨ཚེས༡༡ཉིན།

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
       ཚེ་ལོ་ཐར། ཕ་ཡུལ་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཚོ་དྲུག་ཡུལ་ཚོ་ཡིན། རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་དང་མཚོ་སྔོན་སློབ་གསོ་སློབ་ཆེན་སོགས་ནས་མཐར་ཕྱིན། ལུའུ་ཞུན་རྩོམ་རིག་སློབ་གླིང་གི་སྐབས་བཅུ་གཉིས་པའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་གསོ་སྦྱོང་འཛིན་གྲྭ་སོགས་ལའང་ཞུགས་མྱོང་།   སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཡིན་དུས། ལས་ཞོར་དུ«སྦྲང་ཆར»གཙོ་བྱས་པའི་བོད་ཁུལ་གྱི་ཚགས་པར་དང་དུས་དེབ་འདྲ་མིན་སྟེང་སྒྲུང་གཏམ་རིང་འབྲིང་ཐུང་གསུམ་བཀོད་མྱོང་ལ། དུས་དེབ་རེ་འགའི་རྩོམ་སྒྲིག་པ་ཡང་བྱས། ༢༠༡༤ལོ་ནས་བཟུང་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི«ཀྲུང་གོའི་དེང་རབས་རྩོམ་རིག་བརྩམས་ཆོས་གཅེས་བཏུས»ཀྱི་ཡིག་སྒྱུར་ནང་ཞུགས་ཤིང་། རྒྱ་ཡིག་གི་སྒྲུང་ཐུང་ལེགས་གྲས་མང་པོ་བོད་ཡིག་ཏུ་བསྒྱུར། ༢༠༡༧ལོར་སྒེར་གྱི་སྒྲུང་ཐུང་ཕྱོགས་བསྒྲིགས«གྲོང་གསེབ་ཀྱི་གཏམ་རྒྱུད»པར་སྐྲུན་བྱས། མཚོ་ལྷོ་ཁུལ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་སློབ་ཚོགས་ཀྱི་ཚོགས་མི་བཅས་ཡིན། ད་ལྟ་ལས་འཁྱུར་ངལ་གསོ་བྱས་ཏེ་སྒྲུང་འབྲིང་དང་སྒྲུང་རིང་འབྲི་བར་བློ་ཁ་ཕྱོགས་ཡོད།
འབྲེལ་ཡོད་འོས་སྦྱོར།