༄༅། །མཛོད་དགེ་ཐང་སྐོར་དང་རྒྱ་ཆུ་དཀར་མིག་གི་མཁར་ཤུལ། རྒྱ་ཡེ་བཀྲ་བྷོ།
རྩོམ་པ་པོ།:མཚོ་ཁ་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-09-03
ཀློག་གྲངས།:
༄༅། །མཛོད་དགེ་ཐང་སྐོར་དང་རྒྱ་ཆུ་དཀར་མིག་གི་མཁར་ཤུལ།
རྒྱ་ཡེ་བཀྲ་བྷོ།
སོག་མོ་བཀའ་བཅུ་བ་ཡབ་སྲས་ཀྱི་ཐུགས་སྲས་སྦྲ་ནག་གཅོད་རྒན་ངག་དབང་ཚུལ་ཁྲིམས་སྐུ་ཕྲེང་བཞི་བ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་མཆོག་སོགས་ཀྱིས་མགྲོན་དུ་བོས་པ་བཞིན་སྤྱི་ལོ༢༠༢༣ལོའི་ཟླ༡༠ཚེས༧ཉིན་ཁོ་བོ་ཐང་སྐོར་དཔོན་སྐྱ་སྡེ་བའི་དཀོན་མཆོག་སྐྱབས་དང་མགོན་པོ་རྡོ་རྗེ་གཉིས་དང་ལྷན་དུ་ལོ་དེ་གར་ཡང་བསྐྱར་མཛོད་དགེ་རུ་ཐེངས་གཅིག་ཕྱིན།མཛོད་དགེ་ནི་མངའ་བདག་ཁྲི་རལ་གྱི་དུས་སུ་དགའ་ཡེ་ཤེས་དར་རྒྱས་ཟེར་བའི་བློན་ཞིག་ཕྱོགས་དེར་ཁྲལ་བསྡུ་རུ་འོངས་ནས་གཞི་བཟུང་། དགའ་སྟག་ཐུལ་ཅན་ནམ་དགའ་སྟག་རིས་ཅན་དང་དགའ་སྤྱང་ཐུལ་ཅན་ཞེས་བུ་ཆེ་ཆུང་གཉིས་བྱུང་། ཆེ་བ་སྟག་ཐུལ་ཅན་གྱི་བུ་རྒྱུད་དུ་བླ་མ་དགེ་འདུན་ཟེར་བ་ཞིག་བྱུང་། དེ་དཔོན་དང་རྒྱ་ནག་ཏུ་འགྲོ་བའི་བླ་ཆེན་དག་གི་ཕྱག་མཛོད་ཡུན་རིང་བྱས་པས་ཕྱག་མཛོད་དགེ་འདུན་ནམ་མཛོད་པ་དགེ་འདུན་དུ་འབོད་པ་བྱུང་། དེའི་མི་རྒྱུད་དང་རུ་སྡེ་ལ་ཕྱིས་སུ་མཛོད་དགེ་ཞེས་པའི་མིང་ཐོགས་ཟེར། སྤྱང་ཐུལ་ཅན་གྱི་མི་རྒྱུད་ནི་མཛོད་དགེ་སྨད་དམ་མཛོད་དགེ་དམེ་བོ་ཟེར་བ་དེ་དང་ཅོ་ནེའི་དཔོན་རྒྱུད་རྣམས་ཡིན་པར་བཤད། མཛོད་དགེ་ལ་མཛོད་དགེ་སྟོད་མ་དང་། བྱམས་མེ་ཐང་སྐོར། མཛོད་དགེ་སྨད་མ་གསུམ་དང་། མཛོད་དགེ་ཤོག་བཅུ་གཉིས་ཞེས་ཤོག་ཀ་བཅུ་གཉིས་ཀྱི་དབྱེ་བ་ཡོད། སྔོན་འཛམ་གླིང་གེ་སར་རྒྱལ་པོའི་དུས་སུ་རྨ་སྟོད་སྨད་བར་གསུམ་གླིང་གི་མངའ་འོག་ཡིན་ཞིང་། མཛོད་དགེ་ནི་རྨ་སྟོད་དུ་ཡོད་པས་མཛོད་དགེ་གླིང་དཀར་སྟོད་ཅེས་པའི་མིང་སྙན་ཞིང་ཉམས་དགའ་བ་དེ་བྱུང་།
མཛོད་དགེའི་ཡུལ་ནི་རྩྭ་ཆུ་སོགས་སའི་དགེ་མཚན་གྱིས་ཀུན་ནས་ཕྱུག །ཆུ་ཡིས་ཀུན་ནས་མེར་པའི་ན་གཤོང་ཆེན་པོ་སའི་གློ་བ་འདྲ་བ་དག་ནི་མུ་མཐའ་དང་བྲལ། སྤང་གཤོང་ཆེན་པོ་མཐའ་མི་མངོན་པ་རྣམས་ཕྱུགས་རིགས་དཀར་ནག་ཁྲ་གསུམ་གྱིས་གང་། འབྲི་གཡག་བརྒྱ་ཕྲག་དུ་མ་ཅན་གྱི་གནག་ཁྱུ་ནི་གང་ཡིན་སར་མཐོང་དུ་ཡོད། སྟོང་ནོར་ཅན་གྱི་དུད་ཁྱིམ་ཡང་མང་པོ་ཡོད་སྐད། གནག་ཕྱུགས་ཀྱི་འཕེལ་ཁ་ལྷག་ཏུ་དར་བའི་ནོར་ས་ནོར་ཡུལ་ཟེར་བ་དེ་ཡིན་འདུག །འབྲི་ཐུལ་མ་མཆིན་པའི་གདིང་སྣུམ་ཟེར་བས་འདི་གའི་ཡུལ་མི་རྣམས་ནི་ཁ་ལག་གཉི་ག་སྣུམ་པ་ཙམ་དུ་མ་ཟད་ཁོག་པའང་སྣུམ་པ་ཤེས་ཐུབ།
ས་བྱང་ལམ་རིང་མོ་གཏམ་གྱིས་གཅོད་དགོས་ཟེར་བས། ངེད་ཅག་གིས་གང་ཅིའི་གཏམ་གླེང་མང་པོ་བྱེད་ཀྱིན་ཕྱིན། ཡང་ཁོ་བོ་གླུ་ལ་དགའ་བས་ལམ་སྐེད་ཅིག་ནས་ངས་དཀོན་མཆོག་སྐྱབས་དང་མགོན་པོ་རྡོ་རྗེ་གཉིས་ལ་གླུ་ལེན་པར་བསྐུལ་བས། དཀོན་མཆོག་སྐྱབས་ཀྱིས། སྟོད་སོག་པོའི་གསེར་ལུང་གོང་མ་ནས། །ནམ་ཡར་ལངས་རྟ་དེད་གོ་རོ་རོ། །རྟ་སྔུན་མའི་འཚེར་སྐད་སི་ལི་ལི། །རྒོད་གཞི་མོའི་མིག་མཐའ་མཆི་མས་བསྐོར། །བསྐོར་མི་དགོ་གཞི་མོ་སེམས་ཆུང་མ། །ས་སོག་པོར་འགྱོ་དགོ་སྔོན་ལས་རེད། །སྟོད་སོག་པོའི་གསེར་ལུང་བར་མ་ནས། །ནམ་ཡར་ལངས་མཛོ་དེད་གོ་རོ་རོ། །མཛོ་གྭ་བའི་ངུར་ཆུང་དི་རུ་རུ། །འབྲི་ཐེ་ལིའི་མིག་མཐའ་མཆི་མས་བསྐོར། །བསྐོར་མི་དགོ་ཐེ་ལི་སེམས་ཆུང་མ། །ཁལ་ལྗི་མོ་འཁུར་དགོ་སྔོན་ལས་རེད། །སྟོད་སོག་པོའི་གསེར་ལུང་ཞོལ་མ་ནས། །ནམ་ཡར་ལངས་ཆུ་ལེན་གོ་རོ་རོ། །སྨན་བོ་ལོའི་ལ་སྐད་ཤ་ར་ར། །དྲིན་ཨ་མའི་མིག་མཐའ་མཆི་མས་བསྐོར། །བསྐོར་མི་དགོ་ཨ་མ་སེམས་ཆུང་མ། །གནས་སྲིན་པོར་འགྱོ་རྒྱོ་སྔོན་ལས་རེད། །ཅེས་བླངས། འདི་ལ་སོག་གླུ་ཟེར། ན་གཞོན་ཕོ་མོས་རི་ཁ་སོགས་ནས་ཕན་ཚུན་ལེན་རྒྱུ་ལས་ཕ་མ་རྒན་རབས་དང་མིང་སྲིང་འཚོགས་ས་སོགས་སུ་ལེན་མི་རུང་ཞེས་ཟེར།
མགོན་པོ་རྡོ་རྗེ་ཡིས། དགུང་ཨ་སྔོན་ངོ་སོ་བསྟོད་རྒྱུ་ཚང་། །ཆར་བཟའ་ལེ་བཟི་ལེ་བོབ་གི་སྡོད། །ཆར་བབ་བབ་གཉི་ག་བདུད་རྩི་རེད། །ས་དོག་མོ་ངོ་སོ་བསྟོད་རྒྱུ་ཚང་། །རྒྱུ་འབལ་ལེ་འབོལ་ལེ་སྐྱེ་གི་སྡོད། །རྒྱུ་སྐྱེས་སྐྱེས་གཉི་ག་གུར་གུམ་རེད། །ནང་གླུ་བ་ངོ་སོ་བསྟོད་རྒྱུ་ཚང་། །གླུ་ཁ་རེ་ཁེར་རེ་ལོངས་གི་སྡོད། །གླུ་བླངས་བླངས་གཉི་ག་ཁ་མཚར་རེད། །ཅེས་བླངས། གླུ་འདི་དང་། ངཱ་གླུ་ལོངས་གླུ་ལོངས་མ་ཟེར་ལྡ། །རྗེ་བླ་མས་བཀའ་ཆོས་གསུང་གསུང་བཅའ། །ངཱ་གླུ་ལོངས་གླུ་ལོངས་མ་ཟེར་ལྡ། །རྒྱ་ཁེ་བས་དོང་ཙེ་རྩི་རྩི་བཅའ། །ངཱ་གླུ་ལོངས་གླུ་ལོངས་མ་ཟེར་ལྡ། །གཡང་རྒྱ་མཚོ་ཐོམ་བུས་བཅུ་བཅུ་བཅའ། །ཞེས་པ་དང་། སྟོད་རྒྱ་གར་ཆོས་གི་སྒམ་འབུ་རེད། །ཁ་ཕྱེ་ལྡ་གསེར་བྲིས་དངུལ་བྲིས་རེད། །བར་རྒོའུ་རྒྱ་ནས་གི་སྒམ་འབུ་རེད། །ཁ་ཕྱེ་ལྡ་འབྲུ་རིགས་སྣ་ལྔ་རེད། །སྨད་རྒྱ་ནག་གོས་གི་སྒམ་འབུ་རེད། །ཁ་ཕྱེ་ལྡ་དར་ཚོན་སྣ་ལྔ་རེད། །ཅེས་པ་ལྟ་བུ་རྣམས་ནི་ཁ་མཚར་ཡིན་ཟེར།
སྟོད་རྒྱ་གར་ཡུལ་ནས་ཆོས་ཙིག་དར། །ཆོས་དར་གི་དང་པོ་ཆི་ཡིན་ཤོད། །བར་རྒོའུ་རྒྱ་ཡུལ་ནས་ཉེ་ཙིག་དར། །ཉེ་དར་གི་དང་པོ་ཆི་ཡིན་ཤོད། །སྨད་རྒྱ་ནག་ཡུལ་ནས་ཚོང་ཙིག་དར། །ཚོང་དར་གི་དང་པོ་ཆི་ཡིན་ཤོད། །ཞེས་བླངས་ན་ལན་དུ། སྟོད་རྒྱ་གར་ཡུལ་ནས་ཆོས་ཙིག་དར། །ཆོས་དར་གི་དང་པོ་སྐྱབས་འགྲོ་རེད། །སྐྱབས་འགྲོའུ་ནང་གི་སྔགས་གསུམ་ཤོད། །བར་རྒོའུ་རྒྱའི་ཡུལ་ནས་ཉེ་ཙིག་དར། །ཉེ་དར་གི་དང་པོ་བར་བ་རེད། །བར་བའི་ཁ་གི་རྫུན་གསུམ་ཤོད། །སྨད་རྒྱ་ནག་ཡུལ་ནས་ཚོང་ཙིག་དར། །ཚོང་དར་གི་དང་པོ་ཚྭ་དོ་རེད། །ཚྭ་དོའུ་ནང་གི་སླད་གསུམ་ཤོད། །ཅེས་ལེན་པ་དང་། ཡང་དེའི་ལན་དུ། སྟོད་རྒྱ་གར་ཡུལ་ནས་ཆོས་ཙིག་དར། །ཆོས་དར་གི་དང་པོ་སྐྱབས་འགྲོ་རེད། །སྐྱབས་འགྲོའུ་ནང་གི་སྔགས་གསུམ་པོ། །བུདྡྷ་ངྔྷརྨ་སངྒ་གསུམ། །བར་རྒོའུ་རྒྱའི་ཡུལ་ནས་ཉེ་ཙིག་དར། །ཉེ་དར་གི་དང་པོ་བར་བ་རེད། །བར་བའི་ཁ་གི་རྫུན་གསུམ་པོ། །བཟང་གི་ཡག་གི་རྒྱན་གི་གསུམ། །སྨད་རྒྱ་ནག་ཡུལ་ནས་ཚོང་ཙིག་དར། །ཚོང་དར་གི་དང་པོ་ཚྭ་དོ་རེད། །ཚྭ་དོའུ་ནང་གི་སླད་གསུམ་པོ། །རྡོ་ལྡ་རྡོའུ་ལྡ་ནེམ་ལྡ་གསུམ། །ཞེས་ལན་སློག་པས་གླུ་འདི་འདྲའི་རིགས་ལ་རྫོག་གམ་རྫོག་གླུ་ཞེས་དྲི་བ་དང་དྲིས་ལན་སློག་པ་སྟོན་མོ་སོགས་ཀྱི་སྐབས་སུ་ལེན་རྒྱུའི་གླུ་ཡིན་ཟེར།
ཡང་། སྲབ་བུ་མ་ལྡ་སྲབ་བུ་མ། །རྒྱ་ཤོག་དཀར་པོ་སྲབ་བུ་མ། །སྲབ་གི་མ་བསམ་རིན་པོ་ཆེ། །ཆོས་གསུང་རབ་དར་གི་གཞི་མ་རེད། །ཕྲ་གུ་མ་ལྡ་ཕྲ་གུ་མ། །རྒྱ་མོའི་དར་སྐུད་ཕྲ་གུ་མ། །ཕྲ་གི་མ་བསམ་རིན་པོ་ཆེ། །གོས་འབྲུག་ཚང་དར་གི་གཞི་མ་རེད། །ཞི་གུ་མ་ལྡ་ཞི་གུ་མ། །འབྲུ་དྲུག་སྔོན་མོ་ཞི་གུ་མ། །ཞུ་གི་མ་བསམ་རིན་པོ་ཆེ། །བོད་མགོ་ནག་དར་གི་གཞི་མ་རེད། །ཅེས་དང་། ཟས་དཀར་གསུམ་ཧུད་གི་དང་པོ་འདིས། །ལྷ་དཀོན་མཆོག་གསུམ་པོའི་ལྷ་ཚོགས་མཆོད། །ཇ་ཡུ་དམར་ཧུད་གི་དང་པོ་འདིས། །ཧ་ཧ་ཁུའི་རིང་གི་སྲུང་མ་མཆོད། །ཆང་ར་ཁུའི་ཧུད་གི་དང་པོ་འདིས། །བུ་ཧྥ་བོའུ་ཧོ་ལྷ་དགྲ་ལྷ་མཆོད། །ཅེས་པ་ལྟ་བུ་རྣམས་ནི་སྟོན་གླུ་ཡིན་ཟེར།
འདི་གའི་མི་རྣམས་ཀྱིས་དབུས་གཙང་གི་གཞས་ཀྱང་གཏོང་། སྔོན་ཕན་ཚུན་གཞས་གཏོང་རེས་བྱེད་པའི་སྲོལ་ཡང་ཡོད་ཟེར། དེ་ལ་གཞས་ཁ་བྱེད་པ་ཟེར་ཟེར། བོང་ལེ་གོམ་པ་ཡོད་རུང་། །བླ་མའི་བཅིབ་པ་མི་ཉན། །ལྕང་མར་སྐྱེ་སྟོབས་ཆེ་རུང་། །དཔའ་བོའི་མདུང་ཤིང་མི་ཉན། །ཞེས་དང་། ལྷ་ས་བྱུ་རུའི་ཕྲེང་བ། །གྲོགས་པོ་བ་སོའི་མདོ་འཛིན། །འཛབ་བུ་དངུས་གི་ཆ་གཅིག །ཁ་ཁ་ཡེད་རྒྱུ་ཕངས་ང་། །ཞེས་དང་། ལྷ་སའི་ཆོས་ར་ནང་ན། །མེ་ཏོག་དཀར་ལྷ་དམར་ལྷ། །ང་རང་དགའ་སའི་མེ་ཏོག །ད་རུང་སྒམ་འབུ་ཡིན་འདུག །ཅེས་པ་ལྟ་བུ་མདོ་སྨད་ཀྱི་ཡུལ་སྐད་ཀྱི་ཉམས་ཆ་དོད་པའི་གཞས་ཚིག་དུ་མ་རྒན་པོ་འགའ་རེས་ད་ལྟའང་བློ་ན་མ་བརྗེད་པར་འདུག །དེ་ནི་གཙང་བླ་དང་། དགའ་ལྡན་ཨ་ལགས་དང་། འབྲས་སྤུངས་པ་རྣམས་ཀྱི་ཤན་ཡིན་ཡང་སྲིད་སྙམ།
ཐང་སྐོར་གྱི་གླུ་བ་གཉིས་ཀྱི་གླུ་ལ་མཉན་ཞོར་དུ་གླུའི་སྐོར་གྱི་གླེང་མོལ་ཡང་བྱེད་བཞིན་སོང་། ལམ་གྱི་ངལ་དུབ་སངས་ཤིང་ཤེས་མེད་ཚོར་མེད་ངང་ཐང་སྐོར་དུ་འབྱོར།
ཐང་སྐོར་ནི་སྔོན་མ་བརྒྱད་ཅུ་ཤོག་བཞི་ཞེས་ཡུལ་མིའི་ཁ་རྒྱུན་དུ་གྲགས་པ་བཞིན་དུད་ཁྱིམ་བརྒྱད་ཅུ་ཅན་གྱི་ཤོག་ཁ་བཞི་ལས་གྲུབ་པའི་ཐང་སྐོར་འགོ་བ་ཚང་གི་སྡེ་བའི་མིང་སྟེ། མཛོད་དགེ་ཤོག་ཁ་བཅུ་གཉིས་ཀྱི་ཡ་གྱལ་བྱམས་མེ་ནས་ཆད་འོངས་ཟེར། མཛོད་དགེ་བྱམས་མེའི་དཔོན་ཐོག་མ་ཨ་མྱེས་བྱམས་པའི་བུ་ཨ་མྱེས་ངག་དབང་དང་དེའི་བུ་དགེ་འདུན་བཀྲ་ཤིས་ཀྱིས་གླིང་བཟའ་ཐང་བཟའ་ཟེར་བ་གཉིས་ཆུང་མར་བླངས། མཛོད་དགེ་ཐང་ལུང་སྟེ་ད་ལྟའི་ཀླུ་ཆུ་རྫོང་ཐང་ལུང་སྡེ་བ་ནས་འོངས་པའི་ཐང་བཟའ་མའི་བུ་བཀྲ་ཤིས་དབང་གི་བུ་རབས་ཚ་རྒྱུད་ཀྱི་རུ་སྡེ་ལ་ཐང་སྐོར་རོ་ཞེས་པའི་མིང་ཆགས། ཡུལ་མིའི་ངག་རྒྱུན་དུ་བྱམས་ཐང་གཉིས་ཀ་ནི། སྦྲ་ཁ་ཚུབ་ནང་ནས་བགོས་ནིས། །སྒྲོག་མ་ལག་བར་ནས་གྱེས་ནིས། །སྲུང་མ་མ་བགོས་པའི་སྤུན་མ། །མདའ་དར་མ་བགོས་པའི་སྤྱི་མ། །ཞེས་དང་། མ་ཐང་བཟའ་བུ་བརྒྱུད། །ཕ་མཛོད་དགེ་བྱམས་མེ། །ཞེས་ཟེར་བ་དང་། སྐྱིད་སྡུག་ལྷན་པ་ལེབ་ཙིག་དང་འགྲང་ལྟོགས་འོ་མ་ཅན་གང་ཞེས་དཔོན་པོས་ཁྲིམས་ཟས་ལྷན་བགོ །འབངས་ཀྱིས་སྐྱིད་སྡུག་མཉམ་འཁུར། བྱམས་ཐང་གཉི་གའི་བར་གྱི་མ་ཎིའི་ཆུ་ནག་ཏུ་མ་ཎི་ཆེན་མོ་ལྷན་འཚོགས་བཅས་བྱེད་པར་བཤད། བྱམས་མེ་དཔོན་གྱིས་སྦྱིན་བདག་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་འབུལ་སྡུད་པ་འཕན་པོ་སྨན་པ་ངག་དབང་སྦྱིན་པས་ཕྱག་བཏབ་པའི་བྱམས་མེ་དགོན་དང་སོག་ཚང་དགོན་ནམ་ཐང་སྐོར་དགོན་གཉིས་ལ་དགོན་གོང་འགབ་གཉིས་ཞེས་གྲྭ་བཙུན་རྣམས་ཕན་ཚུན་འགྲོ་སྡོད་བྱེད་པ་ལ་ལབ་གླེང་ཅི་ཡང་མེད་སྐད། ཐང་སྐོར་འགོ་བས་ངེད་ཐང་བཟའ་བུ་བརྒྱུད་ཟེར་བས་ས་སྐ་རྨ་གཉིས་ཀྱི་འདྲེས་མདོ། །སྒྲོག་མ་ལག་གཉིས་ཀྱི་སུམ་མདོ། །དྲུག་དཀར་རྒོ་བོ་མིན་པས་ཙག་ཁ་མི་ཐུབ་ས། །རི་སྤྱང་སྔོན་མོ་མིན་པས་ཁེར་འགྲོ་མི་ཐུབ་ས་ནས་ཕ་ཁུས་ས་བཟུང་མ་སྲུས་སྒྱེད་བཙུགས་ཞེས་ཡབ་མེས་དང་རང་གི་ངོ་སོ་བསྟོད་པའི་གཏམ་རིང་འཐེན་པར་བྱེད་ཟེར། ཐང་སྐོར་ཡུལ་ཤོག་ལ་ནང་ཚན་འགོ་སྐོར། སྦྲ་ཆེ། སྐྱ་ཐང་། དཔལ་སྐོར། དཔོན། མདོ་ཚ། གཙང་སྦྲ།(གཙང་བ་དང་སྦྲ་ཁྲ་གཉིས་ལྷན་དུ་བསྡོམས་པ་སྟེ། གཙང་བ་ནི་མགོ་ལོག་གཙང་ཞོལ་ནས་འོངས་ཟེར) བར་མ། ཨ་མཆོད། གསེར་ཁྲི་བཅས་སྡེ་བ་བཅུ་ཡོད། དྲག་པོ་རྩལ་ཚང་དང། ཚེ་ཆུང་ཚང་། སྐྱ་ཚང་། ཚེ་ཐར་རྒྱལ་ཚང་སྟེ་བཞི་ལ་ཐང་སྐོར་སྦྲ་བཞི་ཞེས་ཐང་སྐོར་གྱི་མི་རབས་འགངས་ཆེན་བཞིར་བྱེད། ཐང་སྐོར་སྡེ་བ་བཅུའི་ཡ་གྱལ་འགོ་སྐོར་རོ་ནི་སྔོན་ཐང་སྐོར་འགོ་བ་ཚང་ཡོད་སའི་རུ་བ་ཞེས་པ་དེ་སྡེ་བའི་མིང་དུ་ཆགས་པའོ། །འདིར་སྔོན་ནས་ཡུལ་དཔོན་ལ་འགོ་བ་ཟེར་བ་ལས་ཆང་ཧུ་བེ་ཧུའི་བཤད་ཚུལ་མི་སྣང་། སྔོན་མ་ཐང་སྐོར་དང་སོག་ཚང་གཉིས་ནི་སོ་སོ་བ་སྟེ། ཐང་སྐོར་ནི་ཐང་སྐོར་འགོ་བའི་སྡེ་བ་དང་། སོག་ཚང་ནི་སྔོན་སོག་ཚང་བླ་མའི་སུ་རུག་དུད་ཁྱིམ་འགའ་ཡོད་པ་དེ་འཕེལ་བའི་སོག་ཚང་སྡེ་བ་སྟེ། ད་ལྟ་ཐང་སྐོར་གྱི་ཁོངས་སུ་བཅུག་འདུག །
ཐང་སྐོར་གྱི་སྐད་ཆ་ནི་སྤྱིའི་ཆ་ནས་མདོ་སྨད་ཀྱི་འབྲོག་སྐད་བྱིངས་དང་འདྲ་མོད། ཟ་ཟུར་འགའ་རེ་ལ་ལུང་བའི་དབང་གིས་ཁྱད་པར་ཅུང་ཟད་རེ་སྣང་། གོང་དུ་དཀོན་མཆོག་སྐྱབས་དང་མགོན་པོ་རྡོ་རྗེ་གཉིས་ཀྱིས་བླངས་པའི་གླུ་རྣམས་ཁོང་གཉིས་ཀྱིས་ཇི་ལྟར་བླངས་པའི་ཁ་སྐད་ཀྱི་སྒྲ་ཇི་བཞིན་ཡི་གེར་བཀོད་འདུག་པ་དེ་ལས་ཨ་མདོའི་འབྲོག་སྐད་ཀྱི་བྱེ་བྲག་མཛོད་དགེའི་སྐད་ལ་མི་འདྲ་ས་ཅི་ཡོད་ཆ་ཙམ་དཔོག་ནུས་པར་སེམས། ད་དུང་ཡང་དཔེར་ན། ཁོང་ཅག་གི་ཡུལ་སྐད་དུ་སྤགས་ལ་ཧྥགས་ཟེར། སྒོག་པ་བསྒྲུངས་པ་ལ་སྒོག་ཆུ་དང་སུར་པན་བསྒྲུངས་པ་ལ་ལ་ཆུ་ཟེར་པ་དང་། དེ་གཉིས་ལ་རྩམ་ཧྥགས་ཞེས་ཟེར། རྩམ་པ་ཟ་དུས་ངེས་པར་དེ་གཉིས་ཀྱི་གང་རུང་ལ་བསྒྲེས་ནས་ཟ། དེ་ལ་རྩམ་པ་ཧྥགས་ནས་བཟའ་ཟེར་བ་ལྟ་བུ་སོགས་ནི་ངེད་ཅག་མཚོ་ཁ་པ་རྣམས་དང་ཅུང་ཟད་མི་འདྲ་བར་སྣང་།
ད་ལྟའི་ཐང་སྐོར་གྱིས་གཞན་ལ་ངོམ་འཕྱར་བྱེད་པ་གཉིས་ཡོད། གཅིག་ནི་སྐ་རྨ་འདྲེས་མཚམས་ནས་ལེ་བར་བདུན་བརྒྱད་ཙམ་ཕྱིན་པའི་སར་རྨ་ཆུ་ལྷོ་ནུབ་ནས་ནུབ་བྱང་དུ་འཁྱོག་པའི་འཁྱོག་ཁུག་ཆེན་པོ་གཡུ་འབྲུག་འཁྱིལ་བ་བཞིན་མཛེས་ཤིང་ལྟ་ན་སྡུག་པ་སྟེ། དེ་ནི་རྨ་ཆུའི་ཁུགས་སོ་དང་པོ་ཡིན་པས་གྲགས་པའང་ཆེ།
ཡང་གཅིག་ནི་རང་རེ་མདོ་སྨད་རྟའི་ཆོལ་ཁ་རུ་འདོ་བ་རྟའི་རིགས་གྲགས་ཅན་དུ་མ་ཡོད་པའི་གྲས་ད་ལྟ་ཁྲོ་རྟ་ཞེས་གྲགས་ཆེ་བ་དེ་ཡིན། ཁྲོ་རྟའི་འབྱུང་ཁུངས་གཙོ་བོ་ནི་ཁྲོ་ཁོ་ཁག་གསུམ་སྟེ་ད་ལྟའི་རྨ་ཆུའི་རྫོང་གི་དབལ་བན་ཚང་དང་། སྨད་མ་ཚང་ངམ་ཁྲོ་ཁོ་སྨད་མ་དང་། མཚེ་རུ་མ་ཚང་གསུམ་ག་ཡིན་མོད། ཐང་སྐོར་དང་ཁྲོ་ཁོ་ཁག་གསུམ་དང་དེ་ལས་ཀྱང་མཚེ་རུ་མ་དང་སྨད་མ་ནི་རྨ་ཆུའི་ཕར་ཁ་ཚུར་ཁའི་ཁྱད་ཙམ་ལས་ཡུལ་ཆགས་ཡུལ་ལེབ་གཅིག་ཏུ་འདུག་པས་འདི་གའི་རྟའང་ཁྲོ་རྟ་ཡིན་པ་བདེན་ནོ། །འདི་གའི་ངག་རྒྱུན་ལ་སོག་ཚང་མ་ལིའི་རྟ། མགར་བ་ཨ་ལིའི་སྲབ། སྐྱ་མགོ་རོང་རུའི་སྒ་ཞེས་གྲགས་ཅན་དུ་བྱེད་པའི་སོག་ཚང་མ་ལིའི་རྟ་ཞེས་པའང་མ་གཞི་ནི་ཁྲོ་རྟ་ཡིན་པར་ངེས། སྤྱི་ལོ༢༠༠༨ལོའི་ཟླ༡༡པར་ཁྲོ་རྟ་བཟང་པོ་བདུན་བོད་ལྗོངས་བརྒྱུད་ནས་འབྲུག་ཡུལ་དུ་སྐྱེལ་འདྲེན་གྱིས་ཟླ་དེའི་ཚེས༦ལ་ད་ལྟའི་འབྲུག་རྒྱལ་ཁབ་ཀྱི་རྒྱལ་པོ་ལྔ་པ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་རང་ལོ་ཉེར་བརྒྱད་ལ་སོན་པ་རྒྱལ་པོའི་ཁྲི་ལ་དབང་བསྐུར་པའི་ཉིན་མོའི་བཅིབ་རྟ་མཛད། འོན་ཀྱང་སྐབས་དེར་འབྲུག་རྒྱལ་པོས་ཁྲོ་རྟ་ཁམ་པ་དང་ནག་པོ་གཉིས་ཉོ་ས་རྨ་ཆུ་རྫོང་རྨ་ཁུག་རྟ་རའི་བྲག་ལུང་རུ་ཆེན་གྱི་རྟ་བཟང་བསྐལ་བཟང་ཚང་གི་བུ་ཆེ་བ་རྨ་ཁུག་རྟ་རའི་སློབ་ཆུང་གི་དགེ་རྒན་ལྷ་མོ་སྐྱབས་ཀྱིས་ཁོའི་ཕ་རྒན་ད་ལོ་དགུང་ལོ་དོན་དྲུག་ལ་སླེབས་པ་རྟ་བཟང་བསྐལ་བཟང་ནི་མི་ཚེར་རྟ་ལ་དགའ་ཞིང་རྟའི་འཚོ་སྐྱོང་དང་རྟ་རྒྱུས་ལ་ཞིབ་པ་ཞིག་དང་། ཕ་རྒན་གྱིས་ཁྲོ་རྟ་མིན་ཆོབ་རྟ་ཡིན། ཆོབ་བམ་ན་མེར་པོ་ཡོད་སའི་རྟ་ལ་ཆོབ་རྟ་ཟེར་ཞིང་རྟའི་སུག་པའི་ཤེད་ཤུགས་རྟ་གཞན་ལས་ཆེ་བས་ཆོབ་རྟ་ཞེས་རྟ་བཟང་པོར་བརྩི། ཆོབ་ཡོད་སའི་རྟ་ནི་ས་གང་གི་རྟ་ཡིན་ཡང་ཆོབ་རྟ་ཡིན་ཞེས་ཟེར་གྱིན་འདུག་གསུངས།
ཐང་སྐོར་གྱི་ཡུལ་འདིའང་སྔོན་གཉུག་མར་གནས་པ་དང་གློ་བུར་ལྷགས་པ་དག་གིས་ཕར་འཐེན་ཚུར་འཐེན་དང་ཕར་འདེད་ཚུར་འདེད་མང་དུ་བྱས་པའི་ཡུལ་ཕྱོགས་ཤིག་ཡིན་པར་ངེས། རྒྱ་མཁར་ཆ་ཐོག་དང་། སྒྱེད་ལུང་། སྣང་རྩེ་ཉིན། སྔོ་རིག་རྒྱ་མཁར། བར་གདོང་། ཤེའུ་མིག་ཅན། ཤམ་དཀར་སོགས་སུ་སྔོན་གྱི་མཁར་ཤུལ་དུ་མ་ཡོད། སྔོན་ཞིང་བཏབ་པའི་ཤུལ་གསལ་བོ་འགའ་རེའང་འདུག །
ད་ལྟའི་ཐང་སྐོར་ཡུལ་ཚོའི་སྔོན་གྱི་འགོ་བ་རོ་དང་གསེར་ཁྲི་རོ་གཉིས་ལྷན་དུ་བསྲེས་པ་ལས་བྱས་པའི་འགོ་གསེར་སྡེ་བའི་ཨ་དབུས་ཚང་གི་ས་ཐོག་གི་རྒྱ་མཁར་ཆ་ཐོག་ཅེས་པར་ངག་རྒྱུན་ལ་རྒྱ་ཆུ་དཀར་མིག་གི་མཁར་དུ་གྲགས་པའི་མཁར་ཤུལ་ཆེན་པོ་ཞིག་མཆིས། རྒྱ་མཁར་གྱི་ཤུལ་ནི་རྨ་ནོར་བུ་དགའ་འཁྱིལ་ཞེས་སྐ་ཆུ་དང་རྨ་ཆུ་འདྲེས་མཚམས་ཀྱི་ཉེ་ལོགས་སྐ་ཆུའི་བྱང་ཤར་འགྲམ་ལ་ཤར་གྱི་རི་བརྒྱུད་ལས་རི་ཕྲན་ཞིག་གི་སྣེ་མོ་ནུབ་ཏུ་བརྐྱངས་འདུག་པ་དེའི་ཟད་སྣེའི་ལྷོ་ནུབ་ཀྱི་ངོས་སུ་མཆིས། ལྷོ་ཕྱོགས་ནས་འོངས་པའི་སྐ་ཆུ་དང་ནུབ་ཕྱོགས་ནས་འོངས་པའི་རྨ་ཆུ་གཉིས་གནས་འདི་རུ་ལྷན་དུ་འདྲེས་རྗེས་ནུབ་བྱང་དུ་ལྷོད་ཀྱིས་འབབ། སྐ་ཆུ་ནི་ཐང་སྐོར་ཡོད་སའི་གཞུང་ཁོག་དེར་འབབ་པའི་ཆུ་ཆེ་ཤོས་སུ་སྣང་། ཆུ་བོ་དེ་ཁྱུང་མཆུའི་སྐ་བར་སྟག་རྩེ་ཞེས་པའི་རི་ལས་འོངས་པས། ཡུལ་འདིའི་ཁ་རྒྱུན་ལ་སྐ་ཡར་ཟད་སྐ་བར་སྟག་རྩེ་ཟེར། རྒྱ་མཁར་གྱི་ལྷོ་ཕྱོགས་ལེ་བར་བཞི་ཙམ་གྱི་ས་ན་ཐང་སྐོར་གྲོང་བརྡལ་དང་ལྷོ་ནུབ་རྒྱང་རིང་པོ་ན་ཡུལ་དེའི་གཞི་བདག་ཆེན་པོ་ཨ་མྱེས་ཨ་སྐྱ་དང་ཁོའི་ཆུང་མ་ཚ་བཟའ་ཚེ་རིང་སྒྲོལ་མ་བཅས་ཀྱི་གནས་རི་གཉན་པོ་ཨ་སྐྱ་ཞེས་པའི་རྫ་རི་གྲགས་ཅན་དེའི་རི་བརྒྱུད་མཆིས། ཨ་མྱེས་ཨ་སྐྱ་ལ་མཚམས་རིང་དཔོན་པོས་ཞུས་ངོར་རྔ་བའི་རི་ཁྲོད་པས་གསུངས་པའི་བསང་ཡིག་ཡིད་འོངས་གནས་མཆོག་མ་ཞེས་པ་དང་ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་གསུངས་པའི་མདོ་ཁམས་ནོར་འཛིན་མ་ཞེས་པ་སོགས་ཡོད། ཨ་སྐྱ་ནི་ཨརྩ་ཐུ་སྟེ་སོག་སྐད་ཀྱི་རི་ཤུག་པ་ཅན་ཞེས་པ་ཟུར་ཆག་པར་ཡང་བཤད། ཨ་སྐྱའི་མདུན་རི་མཚེར་བ་ཞེས་པའི་རི་ལས་འབབ་པའི་མཚེར་ཆུ་ཞེས་པ་ནི་ཨ་སྐྱའི་མདུན་ལུང་ནས་འོངས་ཏེ་སྐ་ཆུ་ལ་འབབ། ནུབ་ཀྱི་ཐང་གཤོང་ན་སྣེ་མོ་ཚུར་སྐ་ཆུའི་ཕྱོགས་སུ་བརྐྱངས་པའི་མཐོང་རྩེ་ཞེས་པའི་རི་བརྒྱུད་ཕྲན་བུ་དང་དེའི་ཕར་སྣེ་ན་སྣང་རྩེ་ཞེས་པའི་རི་བརྒྱུད་ཕྲན་བུ་དེ་མཆིས། བྱང་དུ་ཆུ་གཡུ་འབྲུག་གི་གདན་དང་། ལམ་རྒྱ་སྟག་གི་གདན། སྤང་རྨ་བྱའི་གདན་ཏེ་གདན་སུམ་བརྩེགས་ཀྱི་སྟེང་དུ་ཆགས་པའི་སོག་ཚང་དགོན་བཀྲ་ཤིས་ཐེག་ཆེན་གླིང་དང་། ཁྱུང་རྩེའི་རི་ལ་བཙས་ཅན། ཐང་སྐོར་འགོ་གསེར་སྡེ་བ་སོགས་མཆིས། སོག་ཚང་དགོན་མ་བཏབ་གོང་ལ་སོག་ཚང་དགོན་ཡོད་ས་འདི་ལ་རྒྱ་རོ་ལུང་པ་ཟེར་བར་བཤད།
སོག་ཚང་དགོན་ནི་དང་པོ་སོག་མོའི་བཀའ་བཅུ་པའམ་སོག་ཚང་བཀའ་བཅུ་པ་རྗེ་བློ་བཟང་བསྟན་འཛིན་རྒྱ་མཚོ(༡༦༡༦-༡༧༠༠)ཞུ་བ་དགུང་ལོ་བཅུ་གསུམ་པ་སྟེ་སྤྱི་ལོ༡༦༢༨ལོར་དབུས་སུ་ཕེབས། རྒྱལ་དབང་ལྔ་པ་ཆེན་མོའི་ཞབས་རྡུལ་སྤྱི་བོར་མནོས། ལྔ་བ་ཆེན་མོའི་བཀའ་གསུང་བཞིན་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཆོས་སྒོར་ཞུགས། མདོ་སྔགས་གཉིས་ལ་སྦྱངས་པ་མཐར་ཕྱིན་གནང་ནས་བཀའ་བཅུའི་མིང་བཏགས་བླངས། སླར་འཁོར་ནས་རྗེ་ཁོང་པས་ཁོང་གི་སྐུ་བདག་སོག་ཚང་དབོན་ཆེན་སངས་རྒྱས་རྒྱ་མཚོ་དང་བགྲོས་ཏེ་ཤར་སྐལ་ལྡན་རྒྱ་མཚོས་རྒྱལ་བ་མི་འཁྲུགས་པའི་གནས་སུ་ངོས་འཛིན་དང་། ཁོང་གི་ཐུགས་སྲས་འབེ་ཤེས་རབ་མཆོག་ལྡན་གྱིས་སྒྲུབ་པ་མཛད་པའི་གནས་སུ་དམ་ཆོས་སྒྲུབ་སྡེ་དགའ་ལྡན་བདེ་ཆེན་གླིང་ཞེས་པ་ཕྱག་འདེབས་མཛད་པའོ། །ད་ལྟའི་སོག་ཚང་དགོན་ནི་དགོན་བདག་བླ་མ་དག་གི་སྐྱོང་ལེགས། རྗེའི་ལྷ་ཁང་སོགས་རྟེན་བཞེངས་མཚར། སོག་ཚང་ཚུལ་ཁྲིམས་ཚང་སོགས་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲིན་ལས་འཆད་ཉན་ཡང་དམར།
རྒྱ་མཁར་གྱི་ཤུལ་ནི་ད་ལྟའང་གསལ་བོར་འདུག །གླིང་བཞི་ཀ་གསལ་པོར་ངོས་འཛིན་དུ་ཡོད་པ་དེ་འདྲ་ནི་མིན་མོད། སྔོན་གྱི་རྩིག་པའི་ཤུལ་ཅུང་ཟད་འབུར་དུ་དོད་པ་དག་ཕྱོགས་འགའ་རེར་ལུས་འདུག །ལྷོ་ཕྱོགས་དང་ནུབ་ཕྱོགས་ཀྱི་མཁར་སྒོའི་ཤུལ་ཡང་གསལ་པོར་ཡོད། ནང་རོལ་གྱི་བཀོད་པ་ཇི་འདྲ་ཡིན་ཚུལ་སོགས་ནི་གནའ་དཔྱོད་རྐོ་སྔོག་གི་ཐབས་ལམ་ལ་བརྟེན་ན་ཤེས་ཐུབ་ཀྱང་སྲིད་མོད། ཆུ་བུར་གྱི་མིག་ལ་ནི་སྣང་དཀའ། གླིང་རེའི་རིང་ཚད་ལ་གོམ་པ་བརྒྱ་ཙམ་འདུག་པས། སྔོན་གྱི་མཁར་ནི་རྒྱ་ཆེ་ཞིང་རྔམ་བརྗིད་ཆེ་བ་རྗེས་སུ་དཔོག་ནུས། ནང་རོལ་གྱི་བྲང་ཁང་དག་ཀྱང་དེ་དང་མཚུངས་པ་ཞིག་ཡིན་ངེས། ཉི་འོད་ཀྱི་འཁྱིལ་ཁུག་དང་། རྩྭ་ཆུ་འཛོམས་ས། མཐོངས་ཡངས་ས་རུ་ཆགས་པ་ལ་བལྟས་ན་ཆེད་དུ་དྲོ་ས་དང་། སྐྱིད་ས། བརྩན་ས་ཞིག་བདམས་ནས་མཁར་བཟོས་པ་ཤེས་ཐུབ། མཁར་འདི་འདྲ་ཞིག་བཟོ་རྒྱུ་ནི་མི་རང་ག་བ་ཞིག་གིས་མི་ལྕོགས་པས། འདིའི་བདག་པོ་ནི་ལུང་པ་ཕུ་དུང་ཙམ་པ་ལ་དབང་སྒྱུར་མཁན་ཞིག་མིན་པ་ཐག་གིས་ཆོད།
མཁར་སྐྱ་མོ་འདིའི་བདག་པོ་སུ་ཡིན་ལ་ཐང་སྐོར་ས་ཆ་རུ་འདི་འདྲའི་ངག་རྒྱུན་ཞིག་མཆིས། ཕྱི་དྲོ་ཞིག་ལ་རྒྱ་ཆུ་དཀར་མིག་གིས་བློན་ཞིག་ལ་མཁར་གྱི་ཕྱི་ལོགས་སུ་དགྲའི་དོགས་པ་འདྲ་ཡོད་མེད་ལྟོས་ལ་ཤོག་ཅིག་པར་བཀའ་ཕབས། བློན་དེ་སླར་འཁོར་ནས་མཁར་གྱི་ནུབ་སྒོའི་མདུན་ཐད་ཀྱི་སྐ་ཆུའི་ཕར་ཁའི་ཐང་གཤོང་དུ་སྣང་རྩེ་དང་མཐོང་རྩེ་ཞེས་པའི་རི་རྒྱུད་ཆེ་ཆུང་གཉིས་ཚུར་སྐ་ཆུའི་ཕྱོགས་འཐེན་འདུག་པ་དེའི་མཐོང་རྩེའི་མགོ་ན་ཤྭ་བ་ཞིག་ཉལ་འདུག་པ་ལས་དགྲར་དོགས་དགོས་པ་གང་ཡང་མ་མཆིས་ཞེས་ཞུས། འཛམ་གླིང་གེ་སར་རྒྱལ་པོས་རྒྱ་ཆུ་དཀར་མིག་འདུལ་བའི་སླད་དུ་རི་དྭགས་ཤྭ་བ་ཞིག་ཏུ་སྤྲུལ་ཏེ་མདའ་གཞུ་འོག་ཏུ་བཅུག་ནས་ཉལ་འདུག་པ་མཐོང་བ་ཡིན།
རྒྱ་ཆུ་དཀར་མིག་ཤ་རྒྱགས་དྲགས་པས་རྟག་པར་ལྟོ་བའི་ལྟེབས་གཉེར་རྣམས་ལ་ཐལ་བ་བྱུགས་ནས་ཉི་མར་འདེ་བའི་སྲོལ་འདུག་པ་ལ། ཕྱི་དྲོ་དེར་འཛམ་གླིང་གེ་སར་རྒྱལ་པོས་སྣང་རྩེའི་ཁ་ནས་ཨེ་སྣང་བལྟས། མཐོང་རྩེའི་ཁ་ནས་ཨེ་མཐོང་བལྟས་པས། རྒྱ་ཆུ་དཀར་མིག་མཁར་གྱི་ནུབ་སྒོ་རུ་ཉི་མ་འདེ་བཞིན་པ་མཐོང་སྟེ་མདའ་འཕངས་པས་ཕོག །ང་ཤི་བའི་འོག་ཏུ་པུར་སྒམ་རྨ་ཆུར་སྐུར་ལ་ཕྱི་བཞིན་འབྲོངས་ཤིག །པུར་སྒམ་གང་དུ་ཐོགས་ནས་བསྡད་པའི་ས་དེར་གཞི་ཟུངས། དེ་མིན་འུ་ཅག་གིས་གནས་འདི་རུ་ས་ཟིན་དཀའ་ཞེས་ཁ་ཆེམས་བཞག །དེ་ལྟར་ཕྱི་བཞིན་འབྲངས་པས་པུར་སྒམ་ད་ལྟའི་ལན་ཇུ་གྲོང་ཁྱེར་ཡོད་སར་སླེབས་རྗེས་ཐོགས་ནས་བསྡད་པས་ཁོང་ཅག་གིས་དེར་མཁར་བརྡུངས་ནས་གཞི་བཟུང་ཟེར།
ངག་རྒྱུན་འདི་ཡིས་ས་འདིར་སྔོན་ཕྱི་མི་དབང་ཤུགས་ཅན་ཞིག་སླེབས་ནས་བསྡད་ཀྱང་མཐར་ས་མ་ཟིན་ཚུལ་གྱི་བརྡ་ཞིག་སྦྲན་འདུག །ད་ལྟའི་མཁར་ཤུལ་གྱི་ཤར་ལྷོའི་གཤམ་འོག་དེ་ནི་རྒྱ་ཆུ་དཀར་མིག་གི་འབྲས་ཞིང་གི་ཤུལ་ཡིན་ཟེར་བའི་བཤད་རྒྱུན་ཞིག་ཀྱང་མཆིས། ག་ཤེད་ཅིག་ནས་གློ་བུར་ལྷགས་པའི་མི་རྟ་དེ་དག་ཐ་མར་ཕྱིར་ལྡོག་དགོས་པ་བྱུང་ལ། ཕྱིར་ལྡོག་དགོས་བྱུང་དོན་ནི་སྔོན་ནས་ཡུལ་འདིར་གཞིས་ཆགས་པའི་ས་འཛིན་དག་གིས་རྒོལ་བས་ཡིན་ལ། ཡུལ་མིའི་ངག་རྒྱུན་དུ་དེ་ནི་འཛམ་གླིང་གེ་སར་རྒྱལ་པོས་བསད་པ་ཡིན་ཚུལ་བཤད་པ་ལྟར་ན་གླིང་སེང་ཆེན་རྒྱལ་པོའི་མཛད་འཕྲིན་གྱི་ཁོངས་སུ་ཐུ་ལུ་ཧུན་བཏུལ་བའི་ཚུལ་ཞིག་ཀྱང་ཡོད་དགོས་པར་འདུག་མོད། དུས་བསྒྲིག་རྒྱུ་དཀའ།
ལན་ཇུ་རུ་གཞི་བཟུང་ཟེར་བ་དེས་སྔོན་འོང་སྐབས་ཀྱང་དེ་ཤེད་ཅིག་ནས་འོངས་པ་བསྟན་ནམ་སྙམ། ཟས་སུ་འབྲས་ཟ་བ་ཞིག་ཀྱང་ཡིན་མཆི་བས་ཟས་གོས་ཀྱང་རང་རེ་དང་ཅུང་ཟད་ཐ་དད་པར་སེམས། རྒྱ་ཆུ་དཀར་མིག་ཅེས་པའི་མིང་ལ་གཞིགས་ནའང་རྒྱ་ཡིན་མིན་ཅི་ཆ་ཡང་རྒྱ་ཕྱོགས་ཤིག་ནས་འོངས་པར་ཆ་འཇོག་བྱས་ཆོག །ཆུ་དཀར་མིག་ཅེས་པས་བྱད་བཞིན་གཟུགས་དབྱིབས་ཀྱང་རང་རེ་ལས་ཅུང་ཟད་ཡན་གར་བ་ཞིག་ཡིན་པ་བསྟན་འདུག །དེས་ན་མཁར་གྱི་བདག་པོ་རྒྱ་ཆུ་དཀར་མིག་ཟེར་བ་དེ་དངོས་གནས་སུ་ཡིན་ཞེ་ན། རེ་ཞིག་ཐག་ཆོད་པོ་ཞིག་འཆད་རྒྱུ་དཀའ་མོད། འགའ་ཞིག་གིས་དེ་ནི་ཐུ་ལུ་ཧུན་གྱི་རྗེ་བོ་ཞིག་ཡིན་པར་ངོས་འཛིན་བྱེད་དོ། །ལར་རྒྱ་ཆུ་དཀར་མིག་གི་བཤད་རྒྱུན་དང་དེའི་མཁར་ཤུལ་སོགས་ནི་མདོ་སྨད་ཀྱི་ཡུལ་གྲུ་མང་པོ་ཞིག་ན་ཡོད་པས་དཔྱད་པར་འོས་ཏེ། ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ས་ཁོངས་སུའང་ཧང་ང་རྫོང་དུ་ར་མོ་མཁར་དམར་ཞེས་རྒྱ་ཆུ་དཀར་མིག་གི་མཁར་ཤུལ་ཡིན་ཟེར་པ་ཞིག་དང་། འབལ་རྫོང་མགར་རྩེ་ཞོལ་མ་ཡུལ་ཚོའི་སྟག་གསོད་སྡེ་བའི་ས་ཐོག་ཏུའང་རྒྱ་ཆུ་དཀར་མིག་གི་མཁར་ཡིན་ཟེར་བའི་མཁར་ཤུལ་ཞིག་ཡོད་དོ། །རྒྱ་ཆུ་དཀར་མིག་གི་མཁར་ཤུལ་དུ་གྲགས་པ་འདི་རྣམས་ཀྱི་བདག་པོ་དངོས་གནས་ཐུ་ལུ་ཧུན་ཡིན་མིན་ནི་གནའ་དཔྱོད་རྐོ་སྔོག་ལ་བརྟེན་ན་མ་གཏོགས་གསལ་ཁ་བྱེད་རྒྱུ་དཀའ་ལ། མཛོད་དགེ་རྫོང་ཆེ་རྗིས་ཡུལ་ཚོའི་འ་ཞ་སྡེ་བའི་ཆེ་རྗིས་དགོན་གྱི་ཉེ་ལོགས་སུ་ཡོད་པའི་ཆེ་རྗིས་འ་ཞའི་རྒྱ་མཁར་ཟེར་བ་དེ་དང་ཐང་སྐོར་སོགས་སུ་ཡོད་པའི་རྒྱ་ཆུ་དཀར་མིག་གི་མཁར་ཤུལ་དུ་འབོད་པ་དག་ལ་འབྲེལ་བ་ཅི་ཡོད་དང་། དེ་དང་ད་ལྟའི་ཝོ་ཡི་གཞུང་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་ཧང་ང་རྫོང་ཧོལ་ཁ་ཡུལ་ཚོ་ཉིན་ཆུ་སྡེ་བའི་ས་ཐོག་གི་ཆེ་རྗིས་རྒྱ་མཁར་གཉིས་ཀར་ས་མིང་དང་མཁར་ཤུལ་འདྲ་མཚུངས་སུ་ཡོད་པ་ཅིའི་ཕྱིར་ཡིན་པ་སོགས་ནི་ད་དུང་བཤད་དཀའ་མོད། གནའ་ཤུལ་དང་ཡུལ་མིའི་ངག་སྒྲོས་ཁྱད་པར་བ་དག་གིས་འུ་ཅག་ལ་གནའ་བོའི་གསང་བ་གལ་ཆེན་ཞིག་གི་བརྡ་སྦྲོན་གྱིན་ཡོད་པ་ནི་བསྙོན་པར་མི་ནུས་སྙམ།
གཞན་དུ་སྔོན་སོག་པོ་ཡུལ་འདིར་སླེབས་པའི་དན་རྟགས་ཀྱང་འགའ་རེ་བརྗོད་དུ་ཡོད་དེ། གོང་དུ་སྨོས་པ་བཞིན་ཡུལ་འདིའི་གཞི་བདག་ཆེན་པོའི་གནས་རི་གཉན་པོ་ཨ་སྐྱ་ནི་སོག་སྐད་ཨརྩ་ཐུ་ཞེས་པ་ཟུར་ཆག་པར་བཤད་པ་ལྟ་བུ་དང་། གཙང་བ་རོའི་ས་ཐོག་གི་དོ་ལོ་ལག་གི་རྫ་རྒྱུད་རིང་པོ་དེའི་མིང་ཡང་དོ་ལོ་ཝུ་ལག་ཅེས་སོག་སྐད་ཀྱི་ཆུ་མིག་བདུན་གྱི་དོན་ཡིན་ཟེར་བ་དང་། སོག་ཚང་ཞེས་པའང་སོག་མོ་བཀའ་བཅུ་པ་སྐུ་ཕྲེང་དང་པོའི་ཡུམ་སོག་མོ་ཞིག་ཡིན་པ་ལས་སོག་ཚང་ཞེས་པ་བྱུང་བར་བཤད། ཡང་མཛོད་དགེ་བ་ཕལ་ཆེར་གྱིས་གྱང་རྡུང་སྐབས། ཨ་རོ་ཧོར་བརླ་གཅོག་ཡ། །ཨ་རོ་ཧོར་བརླ་གཡུག་ཡ། །ཞེས་གྱང་གླུ་ལེན་པ་ཡིན་ཟེར། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བརླ་བརྡུངས། སྤུར་བཏབས་ཞེས་པ་ཡང་བསྐྱར་ཡིད་ལ་འཁོར་བར་བྱེད།
ད་དུང་བྱམས་མེའི་དགོན་གྱི་འགབ་ཏག་ཏག་ན་གཙང་བླའི་མཆོད་རྟེན་ཟེར་བའི་མཆོད་རྟེན་དང་། གཙང་བླའི་མཆོད་རྟེན་གྱི་འགབ་ཏག་ཏག་ན་གནའ་དུས་རྨ་ཆུར་ཤིང་ཟམ་འཕང་པའི་རྗེས་ཤུལ་གྱི་སྡོང་པོ་ཆེན་པོ་དང་ལྕགས་གཟེར་རྟ་རྨིག་གི་ཆེ་ཆུང་ཙམ་པའི་གཟེར་མགོ་ཅན་སོགས་མཐོང་རྒྱུ་ཡོད། ཉེ་རབས་སུ་སླེབས་ནས་སྟག་མོ་རྡང་གང་ཞེས་པའི་མི་བརྒྱད་ཀྱི་ལོ་རྒྱུས་སོགས་ཀྱང་བྱུང་འདུག་པས། ཐང་སྐོར་དང་འབྲེལ་བའི་གནའ་ཤུལ་ལོ་རྒྱུས་ཀྱི་བྱུང་བ་གལ་ཆེན་དུ་མའི་གསང་བ་ཅན་གྱི་གླེང་གཞི་རྟོག་དཔྱོད་དང་འཕྲོས་མོལ་བྱར་འོས་པ་མང་མོད། ད་ནི་རེ་ཞིག་སྣེ་མོ་ཙམ་བསྟན་ནས་མཇུག་བསྡུ་བར་བྱའོ། །
ཞེས་མཚོ་ཁ་པ་རྒྱ་ཡེ་བཀྲ་བྷོ་རུ་འབོད་པས་སྤྱི་ལོ༢༠༢༤ལོའི་ཟླ༣ཚེས༢༦ལ་ཙོང་ཁའི་སྐྱེས་རི་དང་། ཙོང་ལ་རིང་མོ། ཙོང་ཆུ་སོགས་རི་ཆུ་གྲགས་ཅན་དག་གི་དགེ་མཚན་ལ་ཉེ་བར་སྤྱོད་པའི་གྲོང་ཁྱེར་ཟི་ལིང་གི་རང་ཤག་ཏུ་ཡི་གེར་བཀོད་པ་དགེ་བར་གྱུར་ཅིག །
འབྲེལ་ཡོད་འོས་སྦྱོར།