logo

ཉི་ཟླ་འབར། ས་དཀྱིལ་ཚེ་བཀྲ།

རྩོམ་པ་པོ།:ས་དཀྱིལ་ཚེ་བཀྲ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-09-10 ཀློག་གྲངས།:
སྐབས༤༠པའི་དགེ་རྒན་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།
ཉི་ཟླ་འབར།
ཇི་སྐད་དུ། “བསྐལ་བ་སྟོང་དུ་བསགས་པའི་མུན་པ་རྣམས། །རིན་ཆེན་ཉི་ཟླས་སེལ་བས་ཉི་ཟླ་འབར། །”
དགེ་རྒན་དུས་ཆེན་ལ་ཕུལ་བ།
ས་དཀྱིལ་ཚེ་བཀྲ།

ཉི་འོད་ཀྱིས་ཁྱེད་ཀྱི་འོད་ཟེར་སྒྲིབ་མི་ཐུབ་ལ།
གཉེར་མ་ཡིས་ཁྱེད་ཀྱི་ཉམས་འགྱུར་འགོག་ག་ལ་ཐུབ་སྟེ།
ཁྱེད་རང་གཡུ་སྦྲང་ལྟར་དཀའ་སྤྱད་གནང་མཁན་ལགས།

ཁྱེད་ཀྱི་མིག་འོད་ནི་མཚན་མོའི་ཟླ་བ་དང་འདྲ།
ཁྱེད་ཀྱི་དཀྱེལ་ཡངས་ནི་ནམ་མཁའ་སྔོན་པོ་དང་མཚུངས།
ཁྱེད་ཀྱི་འཛུམ་མདངས་ནི་ཉི་མའི་དཀྱིལ་འཁོར་དང་འདྲ།
ཁྱེད་ཀྱི་ཤེས་བྱ་ནི་ས་གཞིའི་གཙང་བོ་དང་མཚུངས།

ཁྱེད་ཀྱི་སྒེར་སེམས་མེད་པའི་བརྩེ་སེམས་ཀྱིས་རེ་བ་གསར་པ་བཏོན།
ཁྱེད་ཀྱི་ནུབ་ཏུ་མེད་པའི་འོད་སྣང་གིས།
མིའི་རིགས་མདུན་སྐྱོད་ཀྱི་བགྲོད་ལམ་གསལ་བར་བྱས།

མེ་ཏོག་གིས་སྦྲང་ཆར་གྱི་དྲིན་ཚོར་ཞིང་།
བྱ་རྒོད་ཀྱིས་མཁའ་དབྱིངས་ཀྱི་དྲིན་ཚོར་བ་བཞིན།
དེ་རིང་ངས་དགེ་རྒན་གྱི་དྲིན་གཟོ་ག་ལ་མི་དྲན།

ཁྱེད་ཚོ་ནི་ནམ་མཁའི་ཉི་ཟླའམ། ས་གཞིའི་གཙང་བོ་སྟེ།
ནམ་མཁའ་ནི་ཇི་འདྲའི་ཡངས་ཤིང་རྒྱ་ཆེ་ཨང་།

ཁྱེད་ཚོ་ནི་ནམ་མཁའི་བླ་སྲོག་སྟེ། ནམ་མཁའི་མངའ་ཐང་ངོ་། །
ཁྱེད་ཚོའི་མཁའ་དབྱིངས་ལས་བྱིས་པ་ཚོར་གཤོག་ཟུང་རྒྱས་ཤིང་།
ཁྱེད་ཚོའི་ཉི་འོད་ལས་མི་རིགས་ཀྱི་བདེ་སྡུག་མངོན།

ལོ་རྒྱུས་ཀྱི་གཙང་བོ་སྲ་ཞིང་མཁྲེགས་ནའང་།
ལྗང་མདོག་གི་གླིང་ཕྲན་དག་མུ་ཏིག་བཞིན་འོད་དུ་འཚེར་བ།
ཁྱེད་ཚོའི་ཟུངས་ཁྲག་དང་སྙིང་སྟོབས་རེད་ལ།
ཁྱེད་ཚོའི་ངོ་གདོང་དང་སེམས་ཁམས་ཀྱང་མ་ཡིན་ནམ།

ཁྱེད་ཚོའི་གཏམ་རྒྱུད་ནི་ཚེ་སྲོག་གི་གླུ་སྒྲ་རེད།
ཁྱེད་ཚོའི་ཡིད་སེམས་ནི་ནམ་མཁའ་ཡི་འབྱོར་ཕྱུག་རེད།
ཁྱེད་ཚོའི་གསུང་སྒྲོས་ནི་ས་ཆེན་གྱི་མིག་ཟུང་རེད།
གནམ་འོག་གི་མཛེས་སྡུག་བསྐྲུན་མཁན་ཁྱེད་ཉིད་དེ།
ཤེས་རིག་གི་བདུད་རྩི་སྦྱིན་མཁན་ཀྱང་ཁྱེད་ཉིད་ལགས།

སྨིན་ལ་མ་སྨིན་པའི་རྩྭ་ཟིལ་གྱི་དྭངས་གཙང་ཁོ་ནས།
མི་སེམས་ལ་མུ་ཏིག་མཐོང་དུ་བཅུག་རྗེས།
རྨི་ལམ་དང་བཅས་པའི་མུན་པའི་རྒྱབ་རོལ་ནི།
ཁ་དོག་སྣ་ཚོགས་ཀྱིས་སྤྲས་པའི་འོད་ཀྱི་ནམ་མཁའ་འོ། །

ས་སྲོད་དང་ཞོགས་པ་རེ་རེར།
ཁྱེད་ནི། མཚོ་འགྲམ་གྱི་འདོགས་ཐག་མེད་པའི་གྲུ་ཆུང་དང་མཚུངས་སྟེ།
རླབས་རྒྱུན་གྱིས་གང་ལ་དེད་ཀྱང་།
འཁུན་སྒྲ་མི་འབྱིན་པར། སྨྲེ་ངག་མི་འདོན་པར།
རྒྱང་རིང་གི་འཇའ་སྤྲིན་དང་།
གཟེར་མ་བརྒྱབ་པའི་ནམ་མཁའ་དེ་ཡིད་ལ་བརྣག

རྨི་ལམ་སེར་པོ། མུན་པ་ནག་པོ།
ཡང་ན། སྲད་བུར་བརྒྱུས་པའི་རོལ་དབྱངས་དེ་ཉིད།
རུས་པར་འཐིམ་ཚུལ་ལ་ཁ་དོག་མི་འདུག

འོད་ནི་མུན་ཁམས་སུ་རྒྱུ་ལ།
རླུང་ནི་རྐང་རྗེས་གསུབ་བྱེད་དུ་ལྡིང་བ་ཡིས།
མི་ཚེ་ཡི་ལྗོན་ལོ་དྭངས་གཙང་གི་མཚོ་མོར་བསྙེགས་ཀྱང་།
འོད་ཀྱི་གོང་བུ་ཞིག་མུན་པའི་རྫུབས་སུ་འཚེར་བ་མཐོང་།

མཐོ་སྒང་ཇི་འདྲའི་སྒང་གཤོངས་ཆེ་ཞིང་།
རི་རྒྱུད་ཇི་འདྲའི་རྔམ་བརྗིད་ལྡན་ཡང་།
སྨག་རུམ་ལ་ཆག་ཀྲུམ་ཤོར་བ་འདིས། ད་གཟོད།
རིས་མེད་འཕྲོ་པའི་ཉི་འོད་ལ་ཡིད་ཆེས་ཪྙེད་པར་གྱུར།

དེ་ནི་ལོ་རྒྱུས་མཆན་ལ་བཙུར་བའི་འགྲུལ་བཞུད་ཉིད།
དེ་ནི་རྨི་ལམ་རུམ་ལ་བསྡུས་པའི་གཏམ་རྒྱུད་དག
ས་སྲོད་དང་ཞོགས་པ་རེ་རེར།
ནམ་མཁའི་དཔངས་ལ་འཇལ་བའི་ཉམས་སྣང་ངོ་། །

ནམ་མཁའི་བླ་སྲོག་ཡཱ།
མར་མེ་ལྟ་བུའི་ཁྱེད་ཚོ། རི་རབ་ལྟ་བུའི་ཁྱེད་ཚོ།
གཙང་བོའི་གཡོར་གྲུ་བཞིན།
ལྟོ་གོས་ངན་ངོན་གྱི་ཁྲོད་ན། ས་རྡུལ་འཇགས་མེད་ཀྱི་ཀློང་ན།
སེམས་ཀྱི་འགུལ་སྟངས་དེ་ཆུ་བོའི་རྒྱུན་རེད་ལ།
བརྩེ་ཞགས་སྣུམ་པོ་དེ་སྒྲོན་མེའི་འོད་རེད།

འོད་སྣང་དེའི་དབང་གིས།
བྱིས་པ་ཚོའི་ལང་ཚོ་དང་ཕུགས་འདུན་མངོན་སའི་གནས་དེ།
ཁྱེད་རང་ཚོ་མི་ཁོམ་པའི་གནས་རེད་ལ།
སུ་ཞིག་གི་ཚེ་སྲོག་རི་བོའི་རྩེ་ན་དར་ལྕོག་བཞིན།
ཟུངས་ཁྲག་རླུང་ལ་རྡོར་བའི་གནས་ཀྱང་ཡིན་པར་ངེས།

ཕུགས་བསམ་གྱི་རླུང་རྟ། རེ་སྨོན་གྱི་ལོ་ཟླ།
གཞན་ཡང་། མཚར་སྡུག་གི་ལང་ཚོ་དང་ཤེས་རབ་ཀྱི་རལ་གྲི།
ཡོད་ཚད་ཁྱེད་ཚོའི་བྱམས་བརྩེ་དང་དཀའ་སྡུག་གི་མཚོ་མོའི་ཀློང་ན།
གཟི་འོད་ཀྱིས་འཁྱུད་ཅིང་གླུ་སྒྲ་ཡིས་ཁེངས།
གསེར་མདོག་གིས་འཚེར་ཞིང་ལྗང་མདོག་གིས་བལྟམས།

ས་གཞིའི་གཙང་བོ་སྟེ། ནམ་མཁའི་བླ་སྲོག་ཨང་།
ཁྱེད་ཚོའི་ངོ་གདོང་ལས་ཉི་ཟླའི་བཞིན་རས་མཐོང་།
ཁྱེད་ཚོའི་ཚེ་སྲོག་ལས་ལང་ཚོའི་གླུ་སྒྲ་མཆེད།
ཁྱེད་ཚོའི་མིག་འོད་ལས་རེ་བའི་འཇིག་རྟེན་ཚོར།

མ་གཞི་ཁྱེད་རང་བསིལ་རླུང་དང་འདྲ་བས།
ཁྱེད་ཀྱིས་ས་ཆེན་ལ་དཔྱིད་ཀ་ཧྲིལ་བོ་ཞིག་བྱིན།
མ་གཞི་ཁྱེད་རང་རླབས་ཕྲེང་ཞིག་དང་མཚུངས་པས།
ཁྱེད་ཀྱིས་སློབ་བུ་ཚོར་ཤེས་བྱའི་རྒྱ་མཚོ་ཞིག་གནང་།

མ་གཞི་ཁྱེད་རང་ལོ་མ་ལྗང་ཁུ་ཞིག་ཡིན་པས།
ཁྱེད་ཀྱིས་མིའི་རིགས་ལ་ལྗང་མདོག་གི་ནགས་ཚལ་ཞིག་བསྐྲུན།
མ་གཞི་ཁྱེད་རང་ལྷག་བསམ་གྱི་འོད་དཀར་ཅན་དེ་ཡིན་པས།
ཁྱེད་ཀྱིས་གནམ་འོག་ལ་དངུལ་མདོག་གི་འཇིག་རྟེན་ཧྲིལ་བོ་ཞིག་སྦྱིན།

སུ་ཞིག་གིས་ཤེས་རྨོངས་ཀྱི་ང་ཚོ་ཡངས་ཤིང་རྒྱ་ཆེ་བའི་ཤེས་རིག་གི་ཐང་ཆེན་དུ་ཁྲིད་དེ།
ང་ཚོར་ཤེས་བྱ་ཕུན་སུམ་ཚོགས་པོ་ཞིག་བསླབ་བྱུང་ངམ།
རྒན་ལགས། དེ་ནི་ཁྱེད་རང་རེད།
ཁྱེད་ཀྱིས་དཀའ་སྡུག་གི་རྔུལ་ཆུ་སྤྱད་དེ།
དཔྱིད་ཀའི་མྱུ་གུ་འབུས་སུ་བཅུག
རེ་བའི་འོད་སྣང་འཚོལ་དུ་བཅུག

ཁྱེད་ནི་དྲོ་འཇམ་གྱི་དཔྱིད་རླུང་དང་འདྲ་བས།
ང་ཚོའི་ལུས་ལ་དྲོ་སྐྱིད་སྦྱིན་ཡོད།
ང་ཚོའི་སེམས་ལ་རེ་བས་ཁེངས་ཡོད།
རྒན་ལགས། ད་དུང་།
ཁྱེད་ཀྱི་སྲུང་སྐྱོབ་ཀྱིས་སློབ་བུ་མང་པོ་བདེ་ཐང་ངང་འཚར་ལོངས་འབྱུང་དུ་བཅུག

ཁྱོད་ནི་སྟོན་རླུང་དང་འདྲ་བས།
ས་གཞི་ཆེན་པོར་ལྡང་ཞིང་།
ས་ཆེན་པོ་གསེར་གྱིས་བསུས་ཏེ།
བུ་རབས་ཚ་རྒྱུད་ལ་ཤེས་རིག་གི་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད།

དགེ་རྒན་ལགས། ཁྱེད་ཀྱིས་མུན་ནག་གི་མི་ཚེའི་བགྲོད་ལམ་སྟེང་།
མིའི་རིགས་ལ་ཆེས་གསལ་བའི་འོད་སྣང་ཞིག་བསྐྲུན་པ་དང་།
ཁྱེད་ཀྱིས་ང་ཚོར་སྟོབས་དང་ལྡན་པའི་གཤོག་པ་ཆ་གཅིག་གནང་ནས།
ང་ཚོ་ཤེས་བྱའི་མཁའ་དབྱིངས་སུ་འཕུར་དུ་བཅུག

སྒོ་སམ་གཅིག་དང་ཁྲིད་སྟེགས་གཅིག་ནི་ཁྱེད་ཀྱི་མི་ཚེའི་གནམ་ས་ཡིན།
ང་ཚོ་ཁྱེད་ཀྱི་གནམ་སའི་ཁྲོད་དུ་ནམ་འཕང་གཅོད་ཀྱིན་ཡོད།

ས་སྨྱུག་གཅིག་དང་སྨྱུ་གུ་གཅིག་ནི་ཁྱེད་རང་གི་ལག་ནང་དུ།
སྒོ་སམ་སྟེང་གི་ཡི་གེར་གྱུར་ཅིང་།
ང་ཚོའི་ཀླད་པའི་ནང་གི་ཤེས་ཡོན་དུ་གྱུར་པ་རེད།
དབྱུག་གུ་རྐང་གཅིག ཁྱེད་རང་གི་མདུན་དུ།
རྒྱུན་ཆད་མེད་པར་བྲོ་འཁྲབ་པས།
མི་ཚུལ་ལྡན་ཞིག་བྱེད་པའི་གནས་ལུགས་དེ་དག་ང་ཚོའི་སེམས་སུ་ཁྱབ།

ལོ་ཟླ་ག་ཚོད་ཀྱི་དུས་ཚིགས་འཁོར་ཞིང་།
དབྱར་དགུན་སྟོན་དཔྱིད་ག་ཚོད་ཅིག་འདས་ཀྱང་།
ཁྱེད་ནི་མར་མེ་ཚེ་འབར་དེ་ནང་བཞིན།
ཁྱེད་ནི་ཁྲག་དང་རྔུལ་ཆུ་མང་པོ་སྐྱེས་སུ་འབུལ་མཁན་དེ་དང་།
ཁྱེད་ནི་བརྩེ་སེམས་ཟོལ་མེད་ཀྱིས་བློ་རིག་གི་མེ་སོན་ཁྱབ་སྤེལ་བྱེད་མཁན་དེ་ཡིན།

ཁྱེད་ནི་ཉི་འོད་ཀྱིས་ཁེངས་པའི་གངས་འཁྱག་རེད།
ཁྱེད་ནི་སློབ་མ་ཁྲིད་དེ་ཚན་རིག་གི་ཕོ་བྲང་དུ་འགྲོ་མཁན་ཡིན།
ཨེ་མ། གཟི་བརྗིད་ལྡན་པའི་དགེ་རྒན་ལགས།

ཁྱེད་རང་ནི་མཚན་མོའི་སྐར་ཆེན་རེད།
ཁྱེད་རང་ནི་ཉིན་མོའི་ནམ་མཁའ་རེད།
ཁྱེད་རང་། ཉི་མའི་འོག་གི་བསིལ་རླུང་རེད།
ཁྱེད་རང་། ཆར་བའི་ནང་གི་མདའ་གཡབ་རེད།
ཁྱེད་རང་རྒྱ་མཚོ་རེད།
ཁྱེད་རང་རི་ཀླུང་རེད།
ཁྱེད་ཀྱིས་མིའི་རིགས་ཀྱི་རྣམ་ཤེས་གསར་བཟོ་མཛད།

ཁྱེད་ཀྱི་གཟུགས་པོ་ཐང་པོ་ཞིག་མེད་ཀྱང་།
ང་ཚོར་ཆར་བ་མེད་པའི་ནམ་མཁའ་ཞིག་སྐྱོར་བྱུང་།
ཁྱེད་ལ་ཨར་ལས་མཁས་པའི་ལག་ཟུང་མེད་ཀྱང་།
ང་ཚོར་ཤེས་རིག་གི་རྨང་རྡོ་བརྟན་པོ་ཞིག་བཏིང་།
ཁྱེད་ལ་སྒྱུ་རྩལ་པའི་མིག་རྒྱང་མེད་ཀྱང་།
ང་ཚོར་བརྗིད་ཉམས་ལྡན་པའི་ཕུགས་བསམ་གྱི་ཁང་ཆེན་ཞིག་བསྐྲུན།

ཁྱེད་ཀྱི་ཤེས་རྒྱ་ཆེ་བའི་ཐོས་བསམ་ལས།
ང་ཚོས་ཤེས་དཔལ་དང་རེ་བ་ཚོར་ཐུབ་པ་བྱེད་དགོས།
ཁྱེད་ཀྱི་མཐོང་རྒྱ་ཡངས་པའི་བློ་བསྐྱེད་ཆེན་པོ་ལས།
ང་ཚོས་བཟོད་སྒོམ་དང་བཟོད་སྒོམ་ཚོར་དགོས།
ཁྱེད་ཀྱི་བླ་ན་མེད་པའི་མི་གཤིས་དེ་ལས།
ང་ཚོའི་བསམ་པར་བརྗེད་དཀའ་བའི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།

ང་ཚོས་ལྷག་བསམ་རྣམ་དག་གིས་ཁྱེད་ལ་བཀའ་དྲིན་ཆེ་ཞུ།
ཁྱེད་རང་ནི་སྐད་གྲགས་མེད་པའི་སྒྲོན་མེ་ཞིག་དང་མཚུངས།
རང་ཉིད་འབར་ནས་གཞན་ལ་འོད་སྣང་སྦྱིན།
ཁྱེད་ཀྱི་འོད་ཟེར་ལྡན་པའི་མཛུབ་སྟོན་ཡོད་པས།
ང་ཚོ་མུན་ནག་ཁྲོད་ནས་ཁ་ཕྱོགས་ནོར་མི་སྲིད།

སྟོན་ཟླ་དགུ་བ་ནི་ཐོན་འབབ་ཀྱི་དུས་ཚིགས་ཤིག་དང་།
བཀའ་དྲིན་ཚོར་བའི་དུས་ཚིགས་ཤིག་རེད་པས།
དེ་རིང་ངས་ཁྱེད་ཚོའི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཁྱེད་རང་ཚོའི་དུས་ཆེན་སྤྲོ་བོ་ཡོང་བར་ཤོག
ཁྱེད་རང་ཚོའི་ལུས་སེམས་བདེ་སྐྱིད་ལྡན་པར་ཤོག
ཁྱེད་རང་ཚོའི་ལས་བསོད་རླུང་རྟ་དར་བར་ཤོག
དགེ་རྒན་ལགས། ཐུགས་རྗེ་ཆེ།

རྩོམ་ཁུངས། ༢༠༢༤ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་གསུམ་པར་བཀོད།
འབྲེལ་ཡོད་འོས་སྦྱོར།