སྐལ་རྒྱམ་གྱི་ལྷུག་རྩོམ་གསར་པ། མཐོང་སྣང་དང་བསམ་གཞིག
རྩོམ་པ་པོ།:སྐལ་རྒྱམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-10-05
ཀློག་གྲངས།:
མཐོང་སྣང་དང་བསམ་གཞིག
སྐལ་རྒྱམ།
༡
༢
སྦྲ་ཆེན་རྫོང་གི་སྒང་རི་ཡུལ་ཚོར་སླེབས་པའི་ཉིན་དང་པོ་དེར་ང་རང་ཐད་ཀར་བཅའ་སྡོད་བྱེད་སའི་གྲོང་ཚོ་བཞི་པར་སོང་ཞིང་། ང་དང་ལས་གྲོགས་གཉིས་ཀྱིས་གྲོང་ཚོའི་ཨུ་ཡོན་ལྷན་ཁང་དུ་མལ་ཆས་དང་ཉེར་མཁོའི་དངོས་ཟོག་རྣམས་བཞག་སྟེ་ངལ་ཅུང་ཙམ་གསོས་རྗེས། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་སྒོ་རའི་ཕྱི་རོལ་ཏུ་སོང་སྟེ་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱང་ལྟ་བྱེད་བཞིན་ཁམས་གཡེང་ཅུང་ཙམ་བྱས་པ་ཡིན།སྤྱི་ཟླ་བཞི་པའི་ལྷ་ས་ནི་དཔྱིད་ཀྱི་དཔལ་ཡོན་རྣམ་པར་རྒྱས་ཤིང་ག་ས་གང་དུ་ལྗང་མྱུག་གི་དྲི་བསུང་དང་དྲོད་འཇམ་གྱི་བསེར་བུས་ཁྱབ་ཡོད་ནའང་། སྦྲ་ཆེན་སྒང་རི་ཡུལ་གྱི་ནམ་ཟླ་ནི་ད་དུང་གྲང་ངར་དང་འཁྱགས་པས་གཅུན་ཞིང་། ཉེ་འགྲམ་གྱི་གཙང་པོའི་ཤག་སྒྲ་དེའང་ཆབ་རོམ་སྟུག་པོའི་སྦུབས་སུ་གསལ་ལ་མི་གསལ་གྱིས་འབྱིན་པར་གཞིགས་ན་དཔྱིད་ཟླ་ར་བ་རྫོགས་པའི་ཉམས་ཚོར་ཞིག་གཞི་ནས་བྲལ། ཡིན་ནའང་ཏང་གི་མི་རིགས་སྲིད་ཇུས་བཟང་པོའི་མཐུན་རྐྱེན་འོག་གྲོང་ཚོ་ཨུ་ཡོན་ལྷན་ཁང་དེ་ཧ་ཅང་སྤུས་ལེགས་ཤིང་རྒྱ་ཆེ་བ་ཞིག་བསྐྲུན་འདུག་པར་མ་ཟད། ཁྱམས་ར་ཁ་ཚང་དྭངས་གསལ་ཤེལ་གྱིས་གཡོགས་འདུག་པས་ཁང་པའི་ནང་རོལ་དུ་འཛུལ་ཚེ་གྲང་ངར་གྱི་ཚོར་བ་ཞིག་ཡེ་ནས་མེད་ཚོད་དུ་སྣང་། ཕྱིར་གྲོང་ཚོའི་སྡོད་ཁང་དུ་ལོག་སྐབས་རྒྱ་སྒོའི་གཡོན་ཕྱོགས་ཀྱི་སྒོ་བྱང་དུ་ཀྲུང་གུང་སྒང་རི་ཤང་དུང་གཞོང་ལྐོག་གྲོང་ཚོའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ཞེས་རྒྱ་བོད་ཤན་སྦྱར་གྱི་སྒོ་བྱང་ལེགས་པོ་ཞིག་བྲིས་འདུག་པ་མཐོང་བས་སེམས་སུ་དོགས་སྣང་ཞིག་བྱུང་པ་སྟེ། གྲོང་ཚོ་འདིའི་མིང་ལ་གྲོང་ཚོ་བཞི་པ་ཟེར་བ་མ་ཡིན་ནམ། ང་རང་དང་ཐོག་གྲོང་ཚོ་འདིར་བཅའ་སྡོད་ལས་དོན་དུ་འགྲོ་དགོས་ཚུལ་གྱི་བརྡ་ཐོ་འབྱོར་བ་ནས་སྒང་རི་ཡུལ་ཚོའི་གྲོང་ཚོ་བཞི་པ་ཡིན་ཟེར་ལ། འདི་གར་སླེབས་ཏེ་འབྲེལ་ཡོད་འགོ་ཁྲིད་ཀྱིས་ལས་དོན་བཀོད་སྒྲིག་བྱེད་སྐབས་ཀྱང་གྲོང་ཚོ་བཞི་པ་ཞེས་མང་དུ་ལབ་པ་ལས་དུང་གཞོང་ལྐོག་གྲོང་ཚོ་ཞེས་པ་ཞིག་མ་ཐོས་པས་སོ། །
གང་ལྟར་སྒོ་བྱང་འདི་མཐོང་མ་ཐག་ང་ལ་ཐོག་དང་པོར་བཞག་པའི་ཚོར་སྣང་ནི་མིང་འདི་ཧ་ཅང་སྙན་ལ་ཡུལ་ཁམས་རང་བཞིན་གྱི་ཁྱད་ཆོས་ལྡན་པར་སྣང་ཞིང་། འདི་ནི་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་སྔ་ས་ནས་གཏན་འབེབས་བྱས་ཡོད་པའི་གྲོང་ཚོ་འདིའི་མིང་ཡིན་པ་ནི་གོར་མ་ཆག ཡིན་ནའང་མིག་སྔར་གྲོང་ཚོ་བཞི་པ་ཞེས་པའི་མིང་ལྷག་མ་ཞིག་ཀྱང་ཡོད་པར་སྣང་ལ། དེ་ལྟའི་ཁྱད་ཆོས་དང་སྙན་ཆ་ཅི་ཡང་མེད་པའི་མིང་བརྡ་ཞིག་སྦྱར་དགོས་པའི་རྒྱུ་མཚན་གསལ་པོར་མ་རྟོགས་ཤིང་། གྲོང་ཚོ་བཞི་པ་ཡོད་ཚེ་གྲོང་ཚོ་དང་པོ་དང་། གཉིས་པ་སོགས་ཀྱང་ཡོད་ཐག་ཆོད་ཡིན་སྙམ་གྱིན་ཕྱིར་སྡོད་ཤག་ཏུ་ལོག་པ་ཡིན།
རེད་ཡ། སྤྱིར་ས་ཆ་གང་ཞིག་ཡིན་ཡང་ཡུལ་དེའི་ས་མིང་རིག་གནས་ནི་གལ་འགངས་ཤིན་ཏུ་ཆེ་བའི་ལོ་རྒྱུས་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པས། རང་རེའི་རྒྱལ་ཁབ་རིམ་པ་དང་ས་གནས་རིམ་པའི་འབྲེལ་ཡོད་ལས་ཁུངས་དག་གིས་ས་གནས་རང་བཞིན་གྱི་ས་མིང་དོ་དམ་དང་མཆན་འགྲེལ་སྐོར་གྱི་གཏན་འབེབ་སོགས་མང་པ་དཔེར་ན། «ཀྲུང་གོའི་ས་མིང་ཀུན་གྲགས་འདུ་འགྲེལ»(《中国地名通名集解》)དང་། «པེ་ཅིན་གྲོང་ཁྱེར་གྱི་ས་མིང་དོ་དམ་བྱེད་ཐབས» «བོད་རང་སྐྱོང་ལྗོངས་ཀྱི་ས་མིང་དོ་དམ་བྱེད་ཐབས» «མཚོ་ནུབ་ཁུལ་ས་མིང་ལོ་རྒྱུས་རིག་གནས་དོན་འགྲེལ»སོགས་ཡོད་པ་ལྟ་བུ་རེད། དེར་བརྟེན་ང་ཚོས་རྒྱལ་ཁབ་དང་ས་གནས་རང་བཞིན་གྱི་འབྲེལ་ཡོད་ས་མིང་དང་ཡུལ་མིང་སྐོར་གྱི་དོ་དམ་གཏན་འབེབ་ལྟར། ཡུལ་ལུང་སོ་སོའི་ཡུལ་ཚོ་དང་གྲོང་ཚོ་ཁག་གི་མིང་བརྡ་གང་ཞིག་ཡིན་རུང་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་དང་ཐོག་གཏན་འཁེལ་བྱས་ཡོད་པའི་མིང་དེ་སོར་གནས་ཀྱིས་དོ་དམ་བྱ་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བར་འདོད། རྒྱུ་མཚན་ནི་གནས་སྐབས་རང་བཞིན་གྱི་དགོས་དབང་དང་སྟབས་བདེ་མིན་ལ་གཞིགས་ཏེ་གྲོང་ཚོ་རེ་རེར་གཅིག་གཉིས་གསུམ་གྱི་གོ་རིམ་ལྟར་མིང་བརྡ་རེ་སྦྱར་ན་སྔར་ཡོད་ཀྱི་ས་མིང་ཡུལ་མིང་གང་དེ་ཡུན་གྱིས་ཉམས་རྒུད་དུ་འགྲོ་ངེས་ཡིན།
༣
ང་རང་སྦྲ་ཆེན་ཡུལ་གྱི་སྒང་རི་ཡུལ་ཚོར་སླེབས་པའི་ཉིན་གསུམ་པར། ཡུལ་ཚོའི་འབྲེལ་ཡོད་དབུ་ཁྲིད་ཀྱིས་ང་ཚོ་གསར་དུ་སླེབས་མ་ཐག་པའི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་དག་ལ་ཆེད་དམིགས་ཚོགས་འདུ་ཞིག་སྐོང་འཚོགས་བྱས་ཤིང་། ཚོགས་ཐོག་ཏུ་ཡུལ་ཚོའི་ཧྲུའུ་ཅི་ལིས་ལགས་ཀྱིས་འབྲེལ་ཡོད་ཀྱི་ཡིག་ཆ་བརྒྱུད་བསྒྲགས་བྱས་པ་དང་ཆབས་ཅིག གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་དག་ལ་དམིགས་བསལ་གྱི་རེ་བ་དང་གནས་བབ་ཀྱི་ལས་འགན་འགའ་ཡང་ནན་བཤད་གནང་སོང་། སྤྱིར་གྲོང་ཚོའི་བཅའ་སྡོད་དུ་སླེབས་མ་ཐག་འདི་ལྟའི་ཚོགས་འདུ་ཞིག་བསྡུ་རྒྱུ་ནི་རྒྱུན་སྲོལ་ལྟ་བུར་ཆགས་ཡོད་ལ། ཚོགས་འདུའི་བརྗོད་གཞིའང་ཕལ་ཆེར་འདྲ་མཚུངས་ཡིན། ཡིན་ནའང་ད་རེས་དེ་སྔ་མངའ་རིས་ཡུལ་གྱི་གྲོང་ཚོའི་བཅའ་སྡོད་ལས་དོན་བྱེད་སྐབས་དང་མི་འདྲ་བའི་དམིགས་བསལ་གྱི་དོན་དག་འགའ་ཡང་ཡོད་པ་འདྲ་སྟེ། འབྲོག་པ་མང་ཚོགས་ཀྱི་རྟ་རྒྱུག་རྒྱན་འཇོག་སྐོར་གྱི་འཛད་སྤྱོད་དང་། ཆོས་ལུགས་དད་མོས་ཐད་ཀྱི་འཛད་སྤྱོད་ཐད་ཚོད་འཛིན་དང་བཀག་འགོག་སྐོར་གྱི་སློབ་གསོ་མང་ཙམ་གཏང་དགོས་ཚུལ་སོགས་ནན་བཤད་གནང་སོང་། སྐབས་དེར་ངའི་སེམས་སུ་རྟ་རྒྱུག་མདའ་རྩེད་དང་ཆོས་ལུགས་དད་མོས་ནི་བོད་མི་རིགས་ཀྱིས་གནའ་ནས་ད་ལྟའི་བར་འཛིན་སྐྱོང་སྤེལ་གསུམ་བྱས་འོང་བའི་སྲོལ་རྒྱུན་རིག་གནས་དང་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཤིག་ཡིན་པས། དེ་ལ་ཚོད་འཛིན་དང་ཐེ་གཏོགས་མང་པོ་བྱས་ན་ཏང་གི་མི་རིགས་སྲིད་ཇུས་དང་མཐུན་ནམ་སྙམ་པའི་དོགས་གཞི་ཞིག་སྐྱེས་མོད། ས་གནས་འདིར་སླེབས་མ་ཐག་ཡིན་པས་དངོས་ཡོད་གནས་ཚུལ་མང་པོ་ཞིག་ལ་རྒྱུས་ལོན་བྱས་མེད་པས་ཡིན་མིན་གྱི་སྐད་ཆ་བཤད་ཁག་པོ་རེད། གང་ལྟར་དུས་དེ་ནས་བཟུང་སྟེ་ངས་དོགས་གཞི་དེ་དག་དམིགས་སུ་བཟུང་ནས་གཞི་རིམ་མང་ཚོགས་ཀྱི་འཚོ་བར་ཟབ་ཞུགས་བྱས་པ་ཡིན་ལ། འཆར་གཞི་ལྡན་ལ་དམིགས་ཡུལ་ཡོད་པའི་སྒོ་ནས་དུད་ཚང་རེ་རེར་སྒོ་མྱུལ་གྱིས་ཡུལ་དངོས་རྟོགས་དཔྱོད་ཀྱང་ཐེངས་མང་བྱས་པ་ཡིན།
༤
ང་རང་དུད་ཚང་རེ་རེའི་སྒོ་མྱུལ་གྱིས་ཉིན་མང་པོར་སོང་བའི་བརྒྱུད་རིམ་ཁྲོད། ཆེས་ཐོག་མར་བཞག་པའི་བག་ཆགས་ནི་དེ་སྔ་རང་ཉིད་ཀྱིས་བྲིས་པའི་ལྷུག་རྩོམ་ཞིག་ཏུ་བཤད་པ་ལྟར་ས་གནས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་སྟོད་མངའ་རིས་དགེ་རྒྱས་ཡུལ་གྱི་འབྲོག་པ་མང་ཚོགས་དང་བསྡུར་ན་ཅུང་བཟང་ཞིང་། དེ་ནི་གཙོ་བོ་ཡུལ་ལུང་འདིའི་རྩྭ་སའི་མཐུན་རྐྱེན་ལེགས་པ་མ་ཟད། དབྱར་རྩྭ་དགུན་འབུ་སོགས་ཀྱི་ཐོན་ཁུངས་ཅུང་ལེགས་པོ་ཡོད་པས་རེད་སྙམ། དེ་དང་མཉམ་དུ་བོད་ཀྱི་ས་གནས་གཞན་དག་དང་ཅུང་མི་མཚུངས་པའི་སྣང་ཚུལ་ཐུན་མོང་མ་ཡིན་པ་ཞིག་ལའང་མཉམ་འཇོག་བྱས་པ་སྟེ། ཁྱིམ་ཚང་མང་ཆེ་བར་ལོ་ན་དར་ལ་བབས་ཤིང་གཞོན་ཤ་རྒྱས་པའི་ཇོ་མོ་རེ་ཡོད་ལ། དེ་དག་ལས་མང་ཆེ་བར་ངེས་གཏན་གྱི་དགོན་པ་མེད་པ་མ་ཟད། སྤྱིར་བཏང་རང་ཁྱིམ་དུ་བསྡད་དེ་ཁྱིམ་ཚང་གི་ཐོན་སྐྱེད་འཚོ་བར་ཟབ་ཞུགས་བྱེད་ཀྱིན་འདུག་ལ། ས་གནས་སྲིད་གཞུང་གིས་ཁོང་ཅག་ལ་ཁྱིམ་སྡོད་གྲྭ་བཙུན་ཞེས་འབོད་ཀྱིན་འདུགསྣང་ཚུལ་དེས་བདག་གི་སེམས་སུ་དྲི་རྟགས་ཟབ་མོ་ཞིག་བཞག་པས། ས་གནས་མང་ཚོགས་དང་འབྲེལ་འདྲིས་བྱེད་སྐབས་དྲི་གཞི་དེ་དམིགས་སུ་བཟུང་སྟེ་ཟ་ཟུར་གྱི་གླེང་མོལ་མང་པོ་བྱས་པ་ཡིན། སྤྱིར་བཏང་དུ་བོད་མདོ་དབུས་ཁམས་གསུམ་གྱི་ས་ཆ་མང་པོར་གྲྭ་བཙུན་ཅུང་མང་པ་ནི་རང་ཅག་བོད་པའི་ཆོས་ལུགས་དད་མོས་དང་བསམ་བློའི་གོ་རྟོགས། འཇིག་རྟེན་ལྟ་ཚུལ། ཡུལ་སྲོལ་གོམས་གཤིས་སོགས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་གོར་མ་ཆག་ཀྱང་། སྦྲ་ཆེན་ཡུལ་གྱི་སྣང་ཚུལ་འདིའི་རིགས་ལ་བོད་ཀྱི་ཡུལ་ལུང་གཞན་དག་དང་མི་འདྲ་བའི་དམིགས་གསལ་གྱི་རྒྱུ་རྐྱེན་ཞིག་ཀྱང་ཡོད་པར་འདོད་དེ། ཡུལ་ལུང་འདིའི་གཉེན་སྒྲིག་ལམ་ལུགས་དང་འབྲེལ་བ་ངེས་ཅན་ཡོད་པར་སྙམ། སྦྲ་ཆེན་ཡུལ་དུ་ད་ལྟ་ད་དུང་གནའ་བོའི་ཤུག་གཅིག་ཁྱོ་མང་གི་གཉེན་སྒྲིག་ལམ་ལུགས་དེ་སོར་གནས་སུ་ཡོད་ཅིང་། སྣང་ཚུལ་དེས་ཁྱིམ་ཚང་གཅིག་ལ་བུ་གསུམ་བཞི་ཞིག་ཡོད་ཀྱང་མནའ་མ་གཅིག་མ་གཏོགས་མི་དགོས་པས། བུད་མེད་མང་པོ་ཞིག་རང་བཞིན་གྱིས་མི་རྐྱང་དུ་ལུས་པ་རེད། དེ་ལྟར་ཁྱིམ་ཐབ་མ་རེག་པར་ཡུན་རིང་ལ་རང་ཁྱིམ་དུ་བསྡད་པ་ཡིན་ན། འཇིག་རྟེན་མཐུན་འཇུག་གི་དབང་གིས་ཕོ་གསར་ཚོ་དང་དམིགས་ཡུལ་ཡོད་མེད་གང་རུང་གིས་ལུས་འབྲེལ་འབྱུང་སྲིད་ལ། དེ་ལས་བྱི་ཕྲུག་སྐྱེས་པའང་གང་མང་ཡོད་པས་ས་གནས་འདིའི་བུད་མེད་ཚོར་མཚོན་ན་རང་བཞིན་གྱིས་སྤྱི་ཚོགས་དང་བཤད་ཡམས་ཀྱི་གནོན་ཤུགས་གང་མང་ཞིག་ལ་འཕྲད་བཞིན་འདུག་པས། ཇོ་མོ་མང་པོ་ཞིག་སྣང་ཚུལ་འདིའི་རིགས་ལ་གཡོལ་ཆེད་འུ་ཐུག་སྟེ་གྲྭ་ཆས་གྱོན་པར་སྣང་ལ། ཁོ་མོ་ཚོས་གྲྭ་ཆས་གྱོན་པ་ཙམ་ལས་ངེས་གཏན་གྱི་དགོན་པ་མི་འདུག་ཅིང་། ལ་ལར་ཐ་ན་རྒྱུན་ལྡན་གྱི་འདོན་ཆོས་བསྒྲུབ་པའི་རྨང་གཞིའི་རྒྱུན་ཤེས་ཀྱང་མེད་པས་རང་ཁྱིམ་དུ་ཐོན་སྐྱེད་འཚོ་བར་མི་ཞུགས་ཀ་མེད་རེད། དེར་བརྟེན་བོད་ཀྱི་གནའ་རབས་སྤྱི་ཚོགས་ནས་བརྒྱུད་འོང་བའི་ཤུག་གཅིག་ཁྱོ་མང་གི་ཡུལ་སྲོལ་འདིའི་རིགས་ལ་དུས་རབས་གསར་པ་དང་སྤྱི་ཚོགས་གསར་པའི་འཕེལ་འགྱུར་དང་བསྟུན་ནས་བསྒྱུར་བཅོས་བྱ་རྒྱུའི་དགོས་གལ་ཤིན་ཏུ་ཆེ་སྟེ། འབྲེལ་ཡོད་ལས་བྱེད་མི་སྣ་དང་ཤེས་ལྡན་མི་སྣ་དག་གིས་ཆེད་དམིགས་ཀྱི་སློབ་གསོ་གཏང་བའམ་ཞིབ་འཇུག་བྱས་ཏེ། སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་འདིའི་རིགས་ཀྱི་དགེ་སྐྱོན་ཐེར་འདོན་གྱིས་ས་གནས་མང་ཚོགས་ལ་སྣེ་ཁྲིད་ལེགས་པོ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། །
༥
གྲོང་ཚོའི་བཅའ་སྡོད་འཚོ་བ་ནི་རང་ཉིད་ཀྱི་བྱིས་དུས་འཚོ་བའི་ཕྱིར་རྟོགས་ཐེངས་གཅིག་ཡིན་ཏེ། ཞོགས་པའི་ཉི་ཟེར་གྱི་ཐུ་འོག་ནས་ནེམ་ལྗང་གི་རྩྭ་ཐང་རྡོག་པས་ལྟེབ་ཞོར་འབྲོག་པའི་རུ་ཁ་མྱུལ་དུས། ནོར་ནག་གི་ངུར་སྒྲ་དང་གཡང་དཀར་གྱི་འབའ་སྒྲས་ང་རང་སྐད་ཅིག་ཉིད་ལ་བྱིས་དུས་ཀྱི་དྲན་ངོགས་སུ་བསྐྱལ་པ་ཐེངས་གཅིག་ག་ལ་ཡིན། དེ་རིང་ཡང་ནམ་རྒྱུན་ལྟར་ཞོགས་པའི་ཞི་འཇམ་གྱི་ཉི་ཟེར་གོས་སུ་གྱོན་ཏེ་གྲོང་ཚོའི་གཙང་འགྲམ་དུ་འཆམ་འཆམ་ལ་འགྲོ་དུས། ཉེ་འགྲམ་གྱི་དུད་ཚང་ཞིག་ཏུ་གྲོང་མི་མང་པོ་ཡར་འགྲོ་མར་འོང་བྱེད་ཀྱིན་འདུག་པ་མཐོང་པས་ཆེད་དུ་ཁོ་ཚང་ལ་སོང་པ་ཡིན། མ་གཞི་མདང་དགོང་ཁྱིམ་ཚང་དེའི་ཁྱིམ་བདག་རྒད་པོ་གློ་བུར་དུ་ཚེ་ལས་འདས་འདུག་ལ། ཕལ་ཆེར་ཁྲག་ཤད་ཀྱི་ན་ཚས་རྐྱེན་ལམ་དུ་དྲངས་པ་འདྲ། འདས་པོར་མཆོད་མེའི་ཞལ་འདེབས་ཤིག་ཕུལ་ཏེ་ཕྱིར་ལོག་གྲབས་བྱེད་སྐབས། སྒོ་འགྲམ་གྱི་རྒན་རྒོན་འགས་ང་ལ་འདས་པོ་ཚང་ལ་དཀའ་ཁག་ཧ་ཅང་ཆེ་ཚུལ་དང་། ད་ལོའི་ལོ་སྟོད་དུ་འདས་པོའི་ཆུང་མའང་ཚེ་ལས་འདས་པས། ཁྱིམ་ཚང་གཅིག་ཏུ་ལོ་གཅིག་ལ་མི་གཉིས་སྔ་རྗེས་སུ་ཚེ་ལས་འདས་ཚེ་འགྲོ་སོང་ཧ་ཅང་ཆེ་ཚུལ་སོགས་མང་པོ་ལབ།དེར་བརྟེན་ངས་འགྲོ་སོང་གཙོ་བོ་གང་ལ་གཏོང་དགོས་རེད། ཆ་རྐྱེན་ལེགས་པོ་མེད་ན་མེད་ཚོད་ཀྱིས་འདས་མཆོད་བསྒྲུབས་ན་མི་ཆོག་གམ་ཞེས་དྲིས་པར། ཁོ་ཚོས་དེ་འབྲེལ་གྱི་རྒྱུ་རྐྱེན་དང་གནས་ལུགས་མང་པོ་ཞིག་བརྗོད་བྱུང་ལ། མ་གཞི་ཁོ་ཚོའི་ས་གནས་རང་བཞིན་གྱི་གཡང་དྲུང་བོན་པོའི་གཤིན་ཆོས་བསྒྲུབ་སྟངས་ལྟར་ན་དགོང་ཞག་ཞེ་དགུ་མ་ཚང་བར་དུ་ཨ་མཆོད་གདན་འདྲེན་བྱས་ཏེ་བསྔོ་བ་སྨོན་ལམ་གྱི་ཆོས་སྐད་རྒྱུན་ཆད་མི་རུང་བ་མ་ཟད། བེམ་པོ་ཡང་དུར་འཇུག་མི་བྱེད་པར་རང་ཁྱིམ་དུ་ཐབས་ཤེས་སྣ་ཚོགས་ཀྱིས་བདག་ཉར་བྱ་དགོས་ཤིང་། བེམ་པོ་སྤྱིན་བསྲེག་མ་བྱས་སྔོན་ལ་ལུས་ཡོངས་གསེར་ཆུས་བྱུག་དགོས་པ་དང་། དེ་ནི་འགྲོ་སོང་ཆེ་ཤས་ཡིན་ཏེ་དཔལ་འབྱོར་ཆ་རྐྱེན་ཡོད་ན་སྒོར་ཁྲི་བཅོ་ལྔ་ཉི་ཤུ་གཏོང་མཁན་ཡོད་ལ། ཆ་རྐྱེན་ཧ་ཅང་ཞན་ནའང་སྒོར་ཁྲི་ལྔ་དྲུག་ཙམ་གྱི་གསེར་ཉོ་དགོས། གལ་ཏེ་དེ་ཙམ་ཡང་མ་བཏང་ཚེ་འདས་པོའི་རྣམ་ཤེས་འདྲེན་པར་གེགས་ཡོང་བ་མ་ཟད། རུ་སྐོར་ཁྱིམ་མཚེས་དང་གྲོང་ཚོ་ཕྱི་ནང་གི་མང་ཚོགས་ཀྱིས་ཀྱང་འཕྱ་དམོད་བྱ་ངེས་རེད། རྒྱུ་མཚན་དེའི་དབང་གིས་ཆ་རྐྱེན་ཧ་ཅང་ཞན་པའི་དུད་ཚང་ཞིག་ལ་མཚོན་ན་ནང་མི་ཞིག་ཚེ་ལས་འདས་པ་ཡིན་ན་དཀའ་ཁག་ཧ་ཅང་ཆེ་ལ། ལ་ལས་ཐབས་ཟད་ན་དངུལ་ཁང་ནས་དངུལ་བུན་བླངས་ཏེ་འདས་མཆོད་སྒྲུབ་མཁན་ཡང་ཡོད་ཟེར།
སྐབས་དེར་ངའི་སེམས་སུ་ཡུལ་ཚོའི་ཧྲུའུ་ཅི་ལིས་ལགས་ཀྱིས་མང་ཚོགས་ཀྱི་ཆོས་ལུགས་མཛད་སྤྱོད་ཐད་ཚོད་འཛིན་བྱ་དགོས་ཞེས་པ་ནི་འདིའི་རིགས་ཡིན་པ་གཞི་ནས་རྟོགས་བྱུང་ལ། སྣང་ཚུལ་འདི་ནི་དངོས་ནས་ང་ཚོས་བསམ་གཞིག་བྱ་དགོས་པའི་གནད་དོན་གཙོ་བོ་ཞིག་ཡིན་པར་འདོད་དེ། བོད་ཁུལ་གྱི་ས་ཆ་ལ་ལར་བླ་ཆེན་མི་ཆེན་དང་ས་གནས་ལས་བྱེད་མི་སྣས་གྲོས་གཞི་བཏོན་ཏེ་ས་གནས་མང་ཚོགས་ཀྱི་དངོས་ཡོད་ཆ་རྐྱེན་ལ་གཞིགས་ནས་གཉེན་སྒྲིག་ཆོ་ག་དང་ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་འགྲོ་སོང་ཐད་ཚད་བཀག་གཏན་འབེབས་བྱས་ཡོད་ལ། གཏན་འབེབས་དེའི་རིགས་ས་གནས་གྲོང་ཚོ་སོ་སོའི་གྲོང་སྲོལ་དམངས་ཆིངས་སུའང་བཀོད་ཡོད་ཅིང་། བླ་ཆེན་མི་ཆེན་དང་ལས་བྱེད་མི་སྣའི་སྣེ་ཁྲིད་འོག་ལག་བསྟར་རྒྱུན་འཁྱོངས་བྱས་པའང་ཧ་ཅང་ལེགས་པ་མཐོང་ཐོས་སུ་གྱུར་མྱོང་བས། སྦྲ་ཆེན་ཡུལ་གྱི་བླ་ཆེན་མི་ཆེན་དང་གཞི་རིམ་ལས་བྱེད་མི་སྣ་དག་གིས་ཀྱང་ས་གནས་རང་གི་གནས་བབ་དང་མི་དམངས་མང་ཚོགས་ཀྱི་སྐྱིད་སྡུག་འཚོ་བར་སེམས་འཁུར་གྱིས་ཡུལ་ལུང་གཞན་ལ་ཁ་མིག་ཡར་བལྟའི་གྲོང་སྲོལ་དམངས་ཆིངས་གཏན་འབེབས་བྱེད་སྐབས་དངོས་ཡོད་གནས་ཚུལ་འདིའི་རིགས་ལ་སྤྱི་ཚོགས་གསར་བའི་འཕེལ་འགྱུར་དང་བསྟུན་ནས་བསྒྱུར་བཀོད་དང་ཚོད་འཛིན་གྱིས་དམིངས་ཆིངས་སུ་བཀོད་དེ། དེ་ཉིད་ཇི་བཞིན་ལག་བསྟར་བྱ་རྒྱུ་དང་། བླ་ཆེན་མི་ཆེན་དང་ལས་བྱེད་མཉམ་འབྲེལ་གྱིས་དེ་ལྟར་བྱེད་པའི་དགོས་གལ་རང་བཞིན་དང་དངོས་ཡོད་ཕན་ནུས་ཀྱི་སྐོར་མི་དམངས་མང་ཚོགས་ལ་དྲིལ་བསྒྲགས་དང་སློབ་གསོ་མང་པོ་གཏང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་པར་སྙམ་མོ། །
༦
དེ་རིང་ནི་རེས་གཟའ་ཉི་མ་ཡིན་ལ། གནམ་གཤིས་ཧ་ཅང་ལེགས་པས་ང་དང་ལས་གྲོགས་གཉིས་ཀྱིས་ཞོགས་ཟས་སྟབས་བདེ་ཞིག་ཟོས་རྗེས་གྲོང་ཚོའི་གཙང་འགྲམ་དུ་སོང་སྟེ་རླངས་འཁོར་དང་། མལ་ཆས། གྱོན་གོས། རྐང་པ་སོགས་བཀྲུ་ཞོར་དབྱར་ཁའི་མཛེས་ལྗོངས་ཀྱིས་སྦྱིན་པའི་ལུས་བདེ་སེམས་སྐྱིད་ཀྱི་ཚོར་སྣང་ལ་རོལ་བ་ཡིན། བར་མཚམས་ཤིག་ནས་གྲོང་མི་ཨ་བདེ་ངེད་གཉིས་ཀྱི་འཁྲིས་སུ་སླེབས་ཤིང་། ཁོང་གིས་འཛུམ་དམུལ་དམུལ་ངང་གྲོང་ཚོའི་འདས་མ་ད་གསུམ་གྱི་གནས་ཚུལ་མང་པོ་ཞིག་གསོན་ཉམས་ལྡན་ལ་རྩེད་མཚར་ཆེ་བའི་སྒོ་ནས་ངེད་གཉིས་ལ་ལབ་གླེང་བྱས། ལྷག་པར་དུ་གྲོང་ཚོ་འདིར་བྱུང་བའི་འདོ་རིགས་རྟའི་སྐོར་གྱི་གཏམ་རྒྱུད་མང་པོ་ཞིག་བཤད་ཅིང་། ཁོ་རང་ཆུང་དུས་ནས་རྟ་ལ་ཧ་ཅང་དགའ་པོ་ཡོད་ཚོད་འདུག་ཅིང་། ཁོས་བཤད་པའི་མིག་སྔར་དར་སྲོལ་ཆེ་བའི་རྟ་རྒྱུག་འགྲན་སྡུར་སྐོར་གྱི་ལབ་གླེང་གིས་ང་རང་བསམ་གཞིག་གི་རྒྱ་རུ་དྲངས་པ་སྟེ། ཉེ་འགྲམ་གྱི་གྲོང་མི་ཞིག་གིས་དེ་སྔ་སི་ཁྲོན་དཀར་མཛེས་ཁུལ་གྱི་རྟ་ཞིག་ལ་སྒོར་ཁྲི་སུམ་ཅུ་ལྷག་སྤྲད་དེ་ཉོས་ཡོང་ཚུལ་དང་། དེའི་རྗེས་རྟ་དེར་ནད་གཞི་ཞིག་ཕོག་སྟེ་གློ་བུར་དུ་ཤི་བས་རྟ་བདག་དེ་སྨྱོ་ལ་ཁད་བྱས་ཚུལ། གྲོང་མི་ག་གེ་མོས་རྟ་རྒྱུག་འགྲན་སྡུར་ཞིག་ནས་རིན་གོང་མཐོན་པོ་སྤྲད་ནས་རྟ་ཞིག་ཉོས་འོང་སྟེ་འདི་གར་ཡུལ་ཚོ་རིམ་པའི་རྟ་རྒྱུག་འགྲན་སྡུར་ཁྲོད་དུའང་གཟེངས་རྟགས་མ་ཐོབ་ཚུལ། ཡང་ལ་ལས་ཡུལ་ལུང་གཞན་གྱི་རྟ་མང་པོ་རླངས་འཁོར་དུ་སྐྱེལ་འདྲེན་བྱས་འོང་སྟེ་རྟ་དེས་འགྲན་སྡུར་གང་མང་ནས་གཟེངས་རྟགས་བླངས་ཚུལ་གྱི་སྐྱག་རྫུན་ལབ་ནས་རིན་གོང་མཐོན་པོས་བཙོང་ཐབས་བྱེད་པ་སོགས་ངུ་མ་དགོད་ཀྱི་དངོས་བྱུང་གཏམ་རྒྱུད་མང་པོ་ཞིག་བཤད།སྐབས་དེར་ངས་རྟ་ཞིག་ལ་རིན་གོང་དེ་འདྲའི་མཐོན་པོ་སྟེར་པའི་རྒྱུ་མཚན་གཙོ་བོ་དེ་ག་རེ་ཡིན་ནམ་ཞེས་དྲིས་པར། དེ་ནི་གཙོ་བོ་རྟ་དེས་རྟ་རྒྱུག་འགྲན་སྡུར་ག་འདྲ་ཞིག་ནས་གཟེངས་རྟགས་ག་འདྲ་ཞིག་བླངས་མིན་ལ་འབྲེལ་བ་ཡོད་དེ། སྤྱིར་བཏང་དུ་ཨང་དང་པོ་ཐོབ་པའི་རྟ་དེའི་རིན་གོང་མཐོ་ཤེས་ཡིན་ལ། དེ་ཡང་རྟ་རྒྱུག་འགྲན་སྡུར་གྱི་ཚད་གཞི་ག་འདྲ་མཐོ་ན་གཟེངས་རྟགས་ཐོབ་མཁན་གྱི་རྟའི་རིན་གོང་དེ་བཞིན་མཐོ་བ་རེད་ཟེར། རེད་ཡ། སྣང་ཚུལ་འདིའི་རིགས་ནི་བོད་ཁུལ་གྱི་ས་ཆ་མང་ཆེ་བར་ཡོད་པ་མཐོང་ཐོས་སུ་བྱུང་མྱོང་ལ། ལྷག་པར་དུ་རོང་འབྲོག་གཉིས་ལས་འབྲོག་ཕྱོགས་སུ་ཅུང་ཚབས་ཆེ་བར་སྣང་། སྤྱིར་བོད་པའི་རྟ་རྒྱུག་རྒྱན་འཇོག་གི་རིག་གནས་འདི་ནི་གནའ་ནས་ད་ལྟ་བར་དུ་དར་ཡོང་བའི་ཡུལ་སྲོལ་གོམས་གཤིས་ཅུང་ཐུན་མོང་མ་ཡིན་པ་ཞིག་ཡིན་མོད། ད་ལྟའི་སྤྱི་ཚོགས་འཚོ་བའི་ཆ་རྐྱེན་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་བསྟུན། སྲོལ་རྒྱུན་རིག་གནས་འདིའི་རིགས་ཀྱི་ངོ་བོ་དང་རྣམ་པར་འགྱུར་ལྡོག་འབྱུང་བཞིན་པའི་དོགས་སྣང་སྟེར་བ་སྟེ། ཆ་རྐྱེན་ཡོད་མེད་གཉིས་ཀྱིས་རྟ་ཉོས་ཏེ་འགྲན་སྡུར་སྣ་ཚོགས་སུ་ཞུགས་ཤིང་། ལ་ལས་ཐ་ན་རིན་གོང་མཐོན་པོས་རྟ་ཞིག་ཉོས་ཏེ་དེའི་འགྲན་དངུལ་གྱིས་ཁ་རྒྱབ་གསོ་བའི་སྟོང་བསམ་རིང་ལུགས་ཀྱི་བྱ་སྤྱོད་ཀྱང་སྤེལ་བཞིན་ཡོད་ཚོད་རེད་ལ། སྣང་ཚུལ་འདིའི་རིགས་ནི་བོད་མིའི་སྲོལ་རྒྱུན་གྱི་རྟ་རྒྱུག་རྒྱན་འཇོག་གམ་ཡུལ་སྲོལ་རིག་གནས་ཀྱི་ཐོག་མའི་ཀུན་སློང་དང་། དམིགས་ཡུལ། ངོ་བོ། རྣམ་པ། མཇུག་འབྲས་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་ཁྱད་པར་བྱུང་འདུག་པས། སྣང་ཚུལ་འདིའི་རིགས་ལ་ང་ཚོས་ཅིས་ཀྱང་དོ་སྣང་བྱ་དགོས་པར་སྙམ་སྟེ། རང་རེའི་ཡུལ་ཁམས་འདིར་ས་སྐྱེས་རྡོ་སྐྱེས་ཀྱིས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འདབ་ལག་རྒྱས་འོང་བའི་ཡུལ་སྲོལ་རིག་གནས་གང་ཞིག་ཡིན་ནའང་དེ་ཉིད་བདེ་ཐང་ངང་སྲུང་སྐྱོབ་དང་དར་རྒྱས་སུ་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་ལ། ཡུལ་ཚོའི་ཧྲུའུ་ཅི་ལིས་ལགས་ཀྱིས་ང་ཚོར་རྟ་རྒྱུག་རྒྱན་འཇོག་གི་འཛད་སྤྱོད་སྐོར་ནས་ཚད་བཀག་དང་སློབ་གསོ་མང་ཙམ་གཏང་དགོས་ཚུལ་ལབ་པ་དེའང་འདིའི་སྐོར་ཡིན་པ་གཞི་ནས་རྟོགས་པས་གནས་ལུགས་ངེས་ཅན་ཡོད་པར་འདོད་དོ། །
༧
སྤྱིར་བཏང་དུ་བྱང་ཐང་སྦྲ་ཆེན་ཡུལ་གྱི་སྒང་རི་ཡུལ་ཚོའི་ས་བབ་མཐོ་ཞིང་གྲང་ངར་ཆེ་ནའང་། རང་བྱུང་རྩྭ་ཆུའི་མཐུན་རྐྱེན་ཅུང་འཛོམས་ཤིང་སྒོ་ཕྱུགས་ནོར་ནག་གི་འཕེལ་ཁ་ལེགས་པས་ས་གནས་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཅུང་བཟང་ལ། ལྷག་པར་དུ་དབྱར་རྩྭ་དགུན་འབུ་སོགས་རང་བྱུང་དཔལ་འབྱོར་གྱི་ཐོན་ཁུངས་བཟང་བས། བོད་ཁུལ་གྱི་ས་གནས་གཞན་དང་བསྡུར་ན་དམིགས་བསལ་གྱི་ཁྱད་ཆོས་འགའ་ལྡན་པའི་སྐོར་གོང་དུ་གླེང་ཟིན་མོད། ཡིན་ནའང་ཆ་རྐྱེན་བཟང་པོ་དེའི་མཐུན་རྐྱེན་འོག་ཏུ་གྲོང་མི་ལ་ལས་ལས་ལ་མི་བརྩོན་ཞིང་སྒྱིད་ལུག་བག་གཡེང་གིས་མི་ཚེ་སྐྱེལ་ཐབས་བྱེད་པའི་དངོས་ཡོད་གནས་ཚུལ་ཡང་བྱུང་དང་འབྱུང་བཞིན་ཡོད་པ་སྟེ། སྒང་རི་ཡུལ་ཚོའི་སྲིད་གཞུང་གི་མཐའ་འཁོར་དུ་ཐད་གཏོགས་གྲོང་ཚོ་ཁག་ནས་ཡོང་བའི་ཅུང་དམིགས་བསལ་གྱི་དུད་ཚང་ཡང་མང་ཙམ་ཡོད་ལ། དེ་དག་ནི་གཙོ་བོ་རང་ཁྱིམ་གྱི་སྒོ་ཕྱུགས་ཡོངས་རྫོགས་ཕྱིར་ཚོང་བྱས་རྗེས་སྔར་གྱི་འབྲོག་སའི་གཞིས་རྙིང་རང་སར་བསྐྱུར་ནས་ཡུལ་ཚོའི་སྲིད་གཞུང་གི་ཉེ་འགྲམ་དུ་གནས་སྤོར་གཏན་སྡོད་བྱས་པའི་སྐོར་ཡིན་ལ། དབྱར་རྩྭ་དགུན་དབུ་དང་དབུལ་སྐྱོབ་ཀྱི་ཡོང་འབབ་ཁོ་ནར་རེ་བཅོལ་བྱས་ཏེ་འཚོ་བ་སྐྱེལ་གྱིན་པ་འབའ་ཞིག་གོ །དུད་ཚང་འདིའི་རིགས་ལ་དམིགས་བསལ་གྱིས་རྒྱུས་ལོན་བྱས་པ་ན། ཁོ་ཚོར་ཅུང་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་གཅིག་ནས་ཁྱིམ་ཚང་གི་ཐོན་སྐྱེད་འཚོ་བར་འཆར་གཞི་དང་དམིགས་འབེན་མེད་ལ། གཉིས་ནས་ཁྱིམ་མི་དག་ལ་བརྩོན་སེམས་དང་ཡར་རྒྱས་ཀྱི་སེམས་ཤུགས་དབེན་པ། གསུམ་ནས་ཁྱིམ་གཞིས་ཡོངས་སུ་སྒྱིད་ལུག་དང་བག་གཡེང་གི་མཁའ་དབུགས་ཀྱིས་བྲན་པས། ཁོ་ཚོའི་འཚོ་ཐབས་དེ་ཧ་ཅང་སྟབས་བདེ་དང་རྒྱུན་ཆགས་ཀྱི་རྣམ་པར་གྲུབ་འདུག་པ་སྟེ། ལོ་རེ་རེའི་ཟླ་ངོ་གཅིག་ལྷག་གི་རིང་ལ་དབྱར་རྩྭ་དགུན་འབུ་བཏུས་ཏེ་ཡོང་འབབ་ཅུང་ཙམ་བསགས་རྗེས། སང་ལོའི་དབྱར་རྩྭ་དགུན་འབུ་མ་བཏུས་བར་དུ་ཁྱིམ་མི་གང་བོས་རྣམ་གཡེང་དང་ལེ་ལོའི་ངང་དུས་འདའ་བར་བྱེད་ཅིང་། དུད་ཁྱིམ་ལ་ལས་ལོ་རྗེས་མའི་ཡོང་འབབ་མ་བྱུང་བར་དུ་བུ་ལོན་ཡང་མང་པོ་བསགས་ཡོད་སྐད། གང་ལྟར་སྣང་ཚུལ་འདིའི་རིགས་ནི་བོད་ཁུལ་གྱི་ཡུལ་ལུང་སོ་སོར་ཡོད་སྲིད། ཐ་ན་དབྱར་རྩྭ་དགུན་འབུ་སོགས་ཀྱི་ཐོན་ཁུངས་ཅི་ཡང་མེད་པའི་སྟོད་མངའ་རིས་ཡུལ་གྱི་ཡུལ་ཚོ་ཁག་ནའང་འདི་ལྟའི་དུད་ཁྱིམ་མང་ལ། ཁོ་ཚོའི་ཡོང་འབབ་གཙོ་བོ་ནི་སྲིད་གཞུང་གི་དབུལ་སྐྱོབ་མ་དངུལ་དང་འབྲེལ་ཡོད་སྲིད་ཇུས་ཀྱི་ཁ་གསབ་མ་དངུལ་ཙམ་ཡིན་པས་འཚོ་བའི་ཆ་རྐྱེན་ཤིན་ཏུ་ཞན་པར་སྣང་། དེར་བརྟེན་རང་ཅག་འབྲེལ་ཡོད་ལས་ཁུངས་དང་མི་སྣས་དངོས་ཡོད་གནས་ཚུལ་འདིའི་རིགས་ལ་དོ་སྣང་བྱ་དགོས་པར་འདོད་དེ། གཅིག་ནས་ས་གནས་འབྲོག་པ་མང་ཚོགས་ལ་གནའ་ནས་ད་ལྟའི་བར་དུ་རྒྱུན་འཛིན་བྱས་འོང་བའི་འབྲོག་ལས་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་དང་། དེ་ཉིད་རྒྱུན་འཛིན་དར་སྤེལ་གྱི་དགོས་གལ་རང་བཞིན་སྐོར་གྱི་རྒྱུ་མཚན་མང་དུ་བཤད་དགོས། གཉིས་ནས་དབྱར་རྩྭ་དགུན་འབུ་སོགས་རང་བྱུང་ཐོན་དངོས་ཀྱི་ཚད་བཀག་རང་བཞིན་དང་། དེ་ཉིད་འཚོ་བའི་ཡོང་འབབ་ཉག་གཅིག་ཏུ་འཛིན་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་ཚུལ་གྱི་གནས་ལུགས་གསལ་སྟོན་བྱ་དགོས། གསུམ་ནས་ས་གནས་མང་ཚོགས་དང་ལྷག་པར་དུ་ན་གཞོན་རྣམས་ལ་ཐོན་སྐྱེད་འཚོ་བར་ཧུར་བརྩོན་དང་། རང་ཁྱིམ་ཀྱི་བདེ་སྐྱིད་འཛུགས་བསྐྲུན་ལ་འཆར་འགོད་དགོས་ཚུལ་སོགས་ཀྱི་སློབ་གསོ་དང་སྣེ་ཁྲིད་རང་བཞིན་གྱི་མཛུབ་སྟོན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བར་འདོད་དོ། །
༨
སྒང་རི་ཡུལ་ཚོའི་དུང་གཞོང་ལྐོག་གྲོང་ཚོ་ནི་བྱང་ཐང་སྦྲ་ཆེན་ནས་མཚོ་སྔོན་རྫ་སྟོད་དུ་འགྲོ་བའི་གཞུང་ལམ་གྱི་འགྲམ་དུ་ཆགས་ཡོད་ལ། གྲོང་ཚོ་ཨུ་ཡོན་ལྷན་ཁང་དེ་ཏག་ཏག་སྒང་རི་ཡུལ་ཚོ་ནས་རྫ་སྟོད་ཕྱོགས་ཀྱི་སྤྱི་ལེ་བཅོ་ལྔ་ཙམ་གྱི་ལམ་འགྲམ་དུ་བསྐྲུན་ཡོད་པས། ཕྱོགས་ཡར་མར་གང་དུ་སོང་ཡང་འགྲིམ་འགྲུལ་གྱི་སྟབས་ཧ་ཅང་བདེ་བ་མ་ཟད། ཡར་འགྲོ་མར་འོང་གི་རླངས་འཁོར་ཆེ་ཆུང་དང་། ནང་ལོགས་ཡུལ་ལུང་སོ་སོ་ནས་ལྷ་ས་དང་མངའ་རིས་ཕྱོགས་སུ་འགྲོ་བའི་ཡུལ་སྐོར་བ། མདོ་སྨད་ཨ་མདོ་དང་ཁམས་ཕྱོགས་ནས་ལྷ་སར་རྐང་ཐང་དུ་འགྲོ་བའི་གནས་མཇལ་བ་སོགས་ཀྱི་བརྒྱུད་ལམ་ཅུང་གལ་ཆེན་ཞིག་ཡིན་པས། མ་འོང་པར་གྲོང་ཚོའི་ཨུ་ཡོན་ལྷན་ཁང་དཀྱིལ་སྙིང་བྱས་ཏེ། གྲོང་མི་འཇོན་ཐང་ཅན་དག་གིས་གཞུང་ལམ་གཡས་གཡོན་དུ་ཟ་ཁང་དང་མགྲོན་ཁང་། ཚོང་ཁང་སོགས་འཛུགས་བསྐྲུན་བྱས་ན་ཡོང་འབབ་འོས་འཚམ་རེ་བསག་ཐུབ་པ་ནི་གདོན་མི་ཟ་སྟེ། ང་རང་ཟླ་ངོ་དྲུག་ལྷག་ལ་གྲོང་ཚོ་འདིར་བསྡད་པའི་བརྒྱུད་རིམ་ཁྲོད་མྱོང་ཚོར་གལ་ཆེན་ཞིག་བྱུང་བ་ནི་གཞུང་ལམ་འདིར་རྐང་ཐང་དུ་འགྲོ་བའི་གནས་མཇལ་བ་དང་ཡུལ་སྐོར་བ་མང་པོ་འདུག་ལ། ཕལ་ཆེར་ཉིན་རེར་ཆ་སྙོམས་མི་གྲངས་བཅུ་ཡས་མས་ཡོད་ཚོད་རེད། ལྷག་པར་དུ་གནས་མཇལ་པ་དེ་དག་གི་གྲས་སུ་ང་ཚོར་འདི་རུ་མགྲོན་ཁང་དང་ཟ་ཁང་ཡོད་མེད་ཀྱི་སྐད་ཆ་འདྲི་མཁན་ཡང་མང་པོ་ཡོད་ལ། ཁ་ཤས་ཉིན་གཅིག་གི་གོམ་ཚད་གནས་འདི་གར་ལོངས་པ་ཡིན་ན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཉེ་འགྲམ་དུ་སྦྲ་གུར་སྟབས་བདེ་རེ་ཕུབ་སྟེ་ཞག་སྡོད་བྱེད་མཁན་ཡང་མཆིས། གང་ལྟར་བོད་མདོ་དབུས་ཁམས་གསུམ་གྱི་དཔལ་འབྱོར་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བའི་གནས་བབ་དང་བསྟུན་ཏེ། འདི་ལྟར་རྐང་ཐང་ལ་གནས་མཇལ་དུ་འགྲོ་བའི་དད་ལྡན་མང་ཚོགས་ནི་མང་ནས་མང་དུ་འགྲོ་སྲིད་ལ། སྣང་ཚུལ་འདི་ནི་གཞུང་ལམ་གཡས་གཡོན་དུ་ཆགས་པའི་གྲོང་ཚོ་དག་ལ་མཚོན་ན་ས་གནས་རང་བཞིན་གྱི་ཚོང་ལས་ཙག་ཙིག་གཉེར་བའི་མཐུན་རྐྱེན་ལེགས་པོ་ཞིག་ཡིན་པར་འདོད།དེར་བརྟེན་ངས་དུས་རྒྱུན་དུ་གྲོང་ཚོའི་འབྲོག་པ་མང་ཚོགས་ལ་ཚོགས་འདུ་འཚོགས་པའམ། ཆེད་དམིགས་སྒོ་མྱུལ་གྱིས་ཡུལ་དངོས་རྟོག་དཔྱོད་བྱེད་པ། ཡང་ན་ཇ་ཁ་ཆང་ཁ་ནས་ཁ་བརྡ་གླེང་མོལ་བྱེད་སྐབས་ཁོ་ཚོར་རང་གི་དྲན་ཚུལ་འདིའི་རིགས་ཇི་བཞིན་ལབ་གླེང་བྱས་ཏེ། གྲོང་མི་སྔོན་ཐོན་ཅན་དང་ན་གཞོན་གསར་སྐྱེས་དག་ལ་གྲོང་ཚོ་རིམ་པའི་ཚོང་ལས་ཙག་ཙིག་གཉེར་པར་སྐུལ་སློང་བྱས་པ་ཡིན་ལ། གལ་ཏེ་གནས་སྐབས་སུ་ཚོང་ཁང་ཆེན་པོ་ཕྱེས་མི་ཐུབ་ནའང་གཞུང་ལམ་འགྲམ་དུ་སྒང་རི་ཡུལ་གྱི་འབྲུ་ཞོ་དང་མར་ཕྱུར། ཚགས་ཤ གྲོ་མ་སོགས་ས་གནས་རང་བཞིན་གྱི་ཐོན་རྫས་བཙོང་སའི་ཚོང་ཁང་ཆུང་ཆུང་ཞིག་འཛུགས་ཐུབ་པ་བྱུང་ནའང་དེ་ཚོད་ཀྱི་ཡོང་འབབ་ངེས་ཅན་ཞིག་བསག་ཐུབ་པ་ནི་གོར་མ་ཆག་ཅེས་ལབ་པ་ཡིན་ལ། དོན་དངོས་ཀྱང་དེ་འདྲ་ཡིན་པའི་གདེང་ཚོད་འདུག་གོ །
༩
ང་རང་བཅའ་སྡོད་ལས་དོན་ཐེངས་དང་པོར་འགྲོ་དུས་ནི་སྤྱི་ལོ2012ལོ་ཡིན་ལ། སྟོད་མངའ་རིས་དགེ་རྒྱས་ཡུལ་གྱི་གྲོང་ཚོ་ཞིག་ཏུ་སོང་ཞིང་། ཕལ་ཆེར་ལོ་ངོ་བཅུ་ལྷག་གི་གོང་དུ་རེད། ནམ་ཡང་བརྗེད་དཀའ་པ་ཞིག་ལ། ལོ་དེའི་ཟླ་བ11པའི་ཚེས8ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་པེ་ཅིང་དུ་འཚོགས་ཤིང་། སྐབས་དེར་གྲོང་ཚོའི་འཛུགས་བསྐྲུན་དང་དངོས་ཡོད་ཆ་རྐྱེན་ཅུང་ཞན་པས། ང་ཚོས་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཡུལ་དངོས་ཐད་གཏོང་དེ་མི་སྒེར་གྱི་ཇ་ཁང་ཆུང་ཆུང་ཞིག་ཏུ་བལྟས་པ་ཡིན། དུས་དེ་ནས་ད་ལྟའི་བར་དུ་ལོ་འཁོར་བཅུ་ལྷག་འགྱངས་ལ། ལོ་ངོ་འདི་དག་གི་རིང་ལ་རང་རེའི་རྒྱལ་ཁབ་སྤྱི་དང་ལྷག་པར་དུ་བོད་རང་སྐྱོང་ལྗོངས་ལ་མཚོན་ན་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་འགྱུར་བྱུང་ཞིང་། འཕེལ་རྒྱས་དེ་ནི་ཆེ་ས་ནས་ད་ལྟའི་བོད་ས་གནས་ཀྱི་སྲིད་འབྱོར་རིག་གསུམ་དང་སྟོབས་འབྱོར་མངའ་ཐང་གིས་མངོན་སུམ་དུ་མཐོང་ཐུབ་པ་ང་ཚོས་མིག་མཐོང་ལག་ཟིན་ཡིན་ལ། ཆུང་ས་ནས་གྲོང་ཚོ་རེ་རེའི་སྤུས་ཚད་ལེགས་ཤིང་སྒྲིག་ཆས་འཛོམས་པའི་གྲོང་ཚོ་ཨུ་ཡོན་ལྷན་གི་ཞབས་ཞུའི་ལྟེ་གནས་དག་ལས་ཀྱང་གཅིག་སྡུད་ཀྱིས་ར་སྤྲོད་བྱེད་ཐུབ་པ་སྟེ། ད་ལྟ་ང་རང་བཅའ་སྡོད་བྱེད་སའི་སྒང་རི་ཡུལ་ཚོའི་དུང་གཞོང་ལྐོག་གྲོང་ཚོའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ལྟ་བུར་མཚོན་ན། སྒོ་ར་གྲུ་བཞི་རབ་གསལ་ཤེལ་གྱིས་གཡོགས་ཤིང་། ཤེལ་ཁང་ནང་རོལ་གྱི་གཡས་གཡོན་ཕྱོགས་གཉིས་སུ་གྲལ་བསྟར་བསྒྲིགས་པའི་གཞུང་ལས་ཁང་དང་། ཞབས་ཞུའི་ལྟེ་གནས། དཔེ་གཟིགས་ཁང་། འཕྲོད་སྟེན་ཁང་། ཕྱུགས་སྨན་ཁང་། རྒྱང་བསྒྲགས་ས་ཚུགས། གློག་ཀླད་ཁང་། ཚོགས་ཁང་། ལས་བྱེད་མི་སྣའི་མལ་ཁང་། ཟ་ཁང་སོགས་སྒྲིག་བཀོད་ཕུན་སུམ་ཚོགས་ཤིང་། ལོ་འཁོར་བཅུའི་སྔ་རོལ་གྱི་སྟོད་མངའ་རིས་ཡུལ་གྱི་གྲོང་ཚོའི་ཆ་རྐྱེན་དང་བསྡུར་ན་ཁྱད་པར་མངོན་གསལ་དོད་པོ་འདུག་ལ། ཏང་གི་མི་རིགས་སྲིད་ཇུས་བཟང་པའི་གཟི་འོད་འོག་ད་ལྟ་མངའ་རིས་ཡུལ་གྱི་གྲོང་ཚོ་དག་གི་གྲོང་ཚོ་ཨུ་ཡོན་ལྷན་ཁང་ཡང་འདི་ལྟར་མཛེས་ཤིང་ལྟ་ན་སྡུག་པ་ནི་གདོན་མི་ཟའོ། །དེས་ན་རང་ཅག་བོད་རིགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ལ་མཚོན་ན། གཅིག་ནས་ད་ལྟའི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་བཟང་པོའི་མཐུན་རྐྱེན་འོག ས་གནས་སོ་སོའི་སྲིད་འབྱོར་རིག་གསུམ་དབྱར་ཁའི་མཚོ་མོ་ལྟར་རྒྱས་པའི་དུས་བབ་ལེགས་པོ་འདི་དམ་འཛིན་བྱས་ཏེ། ཆེ་ས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་ལ་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་འདོན་དགོས་ལ། ཆུང་ས་ནས་རང་ཁྱིམ་གྱི་མ་འོང་འཛུགས་བསྐྲུན་དང་། འཆམ་མཐུན་བདེ་སྐྱིད་ཀྱི་ཁྱིམ་གཞིས་གསོ་སྐྱོང་ལ་འབད་བརྩོན་ལྷོད་མེད་བྱས་ཏེ་སྤྱི་ཚོགས་བདེ་འཇགས་དང་མི་རིགས་འཆམ་མཐུན་ཐད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དགོས། གཉིས་ནས་མི་རང་ཉིད་དང་མི་རིགས་རང་གི་ཞན་ཆའམ་ད་ལྟའི་དུས་རབས་ཀྱི་འགྲོས་དང་མི་འཚམ་པའི་བསམ་བློ་དང་ལྟ་བར་བཅོས་བསྒྱུར་བྱས་ནས་ཞིང་འབྲོག་སྔོན་ཐོན་ཅན་དང་། བསམ་བློ་དེང་རབས་ཅན། ལག་ཤེས་གསར་གཏོད་ཅན། མིག་རྒྱང་རིང་པོ་ཅན་གྱི་བོད་ཀྱི་ཞིང་འབྲོག་མང་ཚོགས་ཚད་ལྡན་ཅན་ཏེ། དུས་རབས་གསར་བའི་གོམ་འགྲོས་དང་བསྟུན་ཐུབ་པའི་བོད་ཡུལ་གསར་པ་འཛུགས་བསྐྲུན་བྱེད་པའི་ངེས་པ་དོན་གྱི་མི་རབས་སྔོན་ཐོན་ཅན་ཞིག་མངོན་འགྱུར་ཡོང་བར་རང་ཅག་ཐུན་མོང་ནས་འབད་འབུངས་ལྷོད་མེད་བྱ་དགོས་པར་འདོད་དོ། །
༡༠
མདོར་ན། ང་རང་སྔ་རྗེས་སུ་སྟོད་མངའ་རིས་དང་བར་བྱང་ཐང་ཡུལ་གྱི་འབྲོག་སྡེ་ཁག་ལ་བཅའ་སྡོད་ལས་དོན་སྒྲུབ་ཏུ་ཐེངས་གསུམ་ལ་སོང་ཞིང་། ལས་དོན་དེར་ཟབ་ཞུགས་བྱས་པའི་བརྒྱུད་རིམ་ཁྲོད་དུ་རང་ཉིད་ཀྱིས་ས་གནས་སོ་སོའི་གཞི་རིམ་འབྲོག་པ་མང་ཚོགས་ཀྱི་བབ་ཆགས་པའི་འཚོ་བ་དང་། ལྷད་མ་འདྲེས་པའི་མི་གཤིས། གུ་ཡངས་པའི་སེམས་རྒྱ། ཟུར་མ་ཉམས་པའི་ཡུལ་སྲོལ་སོགས་ལ་རྒྱུས་ལོན་ལེགས་པོ་བྱེད་པའི་གོ་སྐབས་བཟང་པོ་ཞིག་བྱུང་བར་མ་ཟད། སྟོད་མངའ་རིས་དང་བར་བྱང་ཐང་། སྨད་ཨ་མདོ་བཅས་ཀྱི་འབྲོག་ལས་རིག་གནས་དང་། ཐོན་སྐྱེད་འཚོ་བ། དཔལ་འབྱོར་ཐོན་ཁུངས། ས་ཁམས་ཆགས་ཚུལ། ཆོས་ལུགས་དད་མོས་སོགས་ལ་གཤིབ་བསྡུར་རང་བཞིན་གྱིས་ཡུལ་དངོས་རྟོག་དཔྱོད་དང་སློབ་སྦྱོང་བྱེད་པའི་གོ་སྐབས་ཧ་ཅང་ལེགས་པོ་བྱུང་ལ། བརྒྱུད་རིམ་དེའི་ཁྲོད་དུ་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་དང་འབྲེལ་བའི་བསམ་གཞིག་དང་དོགས་སློང་གི་དྲན་ཚོར་ཀྱང་མང་པོ་ཞིག་བྱུང་མྱོང་ཞིང་། ད་རེས་དེ་དག་ལས་དཔེ་མཚོན་རང་བཞིན་གྱི་མཐོང་སྣང་དང་བསམ་གཞིག་འགའ་ཀློག་པ་པོ་ལྷན་རྒྱས་ལ་བགྲོ་གླེང་གི་ཚུལ་དུ་ཞུས་པར་དགོངས་འགལ་མེད་པར་ཤོག་ཅིག །རྩོམ་ཁུངས། ༢༠༢༤ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།