སྦྲ་འཚོའི་སྙན་ངག་རིང་མོ། འཆི་བར་སྒུག་མཁན།
འཆི་བར་སྒུག་མཁན།
སྦྲ་འཚོ།
༡
ཟླ་བདུན་པའི་ཤུགས་རིང་དང་མྱ་ངན་དག
ཤིན་ཏུ་ཐེག་པར་དཀའ
གཉོམ་ཆུང་བའི་ཚེ་སྲོག་གི་སྐད་ཅིག་མ་རེ་རེས
སྐམ་མི་ཐུབ་པའི་སེམས་པ་འདི་ལྗིད་དྲགས་པས
ཆུ་ཐིགས་མེད་པའི་མིག་ཀོང་འདི་སྐྱ་དྲགས་པས
ཁེར་རྐྱང་གི་རྡོ་བ་ཁེར་རྐྱང་དུ་བསྡད་ནས་ལོ་ངོ་ག་ཚོད་ཕྱིན
སྐྱབས་དང་སྐྱབས་གནས་མེད་པར
མགོན་དང་དཔུང་གཉེན་མེད་པར
༢
རྡོ་བ་གཉིས་གྱེས་བྲལ་གྱི་གཡས་གཡོན་དུ་འགྲེངས་ཏེ
རང་རང་གི་ཁ་བྱང་བསྲུངས
ཟམ་པ་ཆད་པའི་ཤུལ་དུ
གྲེ་བ་འགགས་ཏེ་སྨྲ་བ་མེད་པར་གྱུར
མིད་པར་ལུས་པའི་སྨྲ་དཀའ་བ་དེ་དག་གིས
སྟོང་པ་ཉིད་དང་ཤེས་རབ་ཀྱི་ཚབ་བྱེད་ཐུབ་བམ
༣
བས་མཐའ་ནས་བཏང་བའི་གླུ་བཞས་འདི
ཆར་བས་བརླན་མ་མྱོང་བའི་མྱ་ངམ་ཐང་དང་འདྲ
རྡོ་བར་གས་སྲུབས་ཤོར་རྗེས
རྒྱང་རིང་གི་ཐ་སྙད་ལ་སྐྱབས་འཇུག་ཞུ་དགོས་བྱུང
ཉིན་གཅིག་གི་དུས་ཚོད་ནི་བསྐལ་པ་གཅིག་ལས་རིང་སྣང་འཆར
སྐྱོ་ཏིང་ངེར་མི་ཚེ་ཞིག་བསྐྱལ་བ་ལས
འཆི་བའི་ཁ་གཏད་དུ་སྡོད་ན་སྐྱིད་སྣང་འཆར
འཆི་བ་དང་བར་ཐག་ཇེ་ཐུང་དུ་གཏང་ན་སྐྱིད་སྣང་འཆར
༤
ད་ལྟ་ང་འདར་སིག་སིག
ངའི་སེམས་པ་དང་མིག་ཟུང་འདར་སིག་སིག
ཐ་སྙད་ཀྱི་ཟམ་པ་འཇིག་སར
ཉི་མས་སེམས་པ་མི་དྲོ་སར
ཨེ་ལིའོ་ཐིའི«མྱ་ངམ་ཐང»ཀློག་གིན
སང་ཉིན་གྱི་འཆི་བར་སྒུག་གིན་ཡོད
༥
མིག་བཙུམ་ན་རྒྱང་རིང་དུ་སླེབས་འགྲོ
མིག་ཕྱེ་སྟེ་བལྟས་ན
ཉམ་ཐག་པའི་ངོ་གདོང་སྐྱ་བོ་མཐོང་ཡོང
ཀྱི་ཧུད
ད་ནི་ཅི་བྱ་ཨང
ངས་གདོང་ལ་རས་ཀྱིས་གཡོགས་ཏེ་སྲང་ལམ་ཉུལ
མི་ཚོགས་ཀྱིས་ཕན་ཚུན་གདོང་བ་མཐོང་བར་དོགས་ཏེ
སྲང་ལམ་དུ་ང་དང་འདྲ་བར་མགོ་བོ་གུག་སྟེ་འགྲོ་བཞིན་འདུག
མིའི་རིགས་ཀྱི་ཆེས་མི་སྡུག་པའི་གཟུགས་དེ
མིའི་རིགས་ཀྱི་ཆེས་ལྗིད་པའི་ཆག་སྒོ་དེ
༦
ནམ་རྒྱུན་མཚན་མོའི་དུས་སུ
ང་ལ་གཉིད་མི་ཡོང
སེམས་པ་སྙི་མོ་ལག་པས་བཟུང་ནས
འཆི་བའི་ཁ་གཏད་དུ་བསྡད་ཡོད
འཆི་བ་ལ་མ་ཐུག་གི་བར་དུ
ང་འདི་ལྟར་སྡོད་དགོས
འགྲམ་པ་ལག་པས་བསྐྱོར་ནས
མགོ་བོ་ཐུར་དུ་དཔྱངས་ནས
༧
རྐང་རྗེས་ལུས་སོང
དྲི་མ་ལུས་སོང
ངའི་རྐང་རྗེས་ཁྱོད་ཀྱིས་མཐོང་ཡོད་ཤག
ངའི་དྲི་མ་ཁྱོད་ཀྱིས་ཚོར་ཡོད་ཤག
གྲིབ་གཟུགས་སྐྱ་བོ་འདི
དྲུད་དྲུད་ནས
ནང་སེམས་སྙི་མོ་འདི
དེད་དེད་ནས
ང་གས་སྲུབས་མང་བའི་རྒྱ་མཚོའི་ཁར་སླེབས་བྱུང
༨
མི་གསོད་ཀྱི་ལག་དམར་ཞིག་གིས
ང་མྱ་ངམ་ཐང་དུ་དེད་རྗེས
ང་ལ་དཔྱིད་ཀ་དང་དབྱར་ཁ་མེད་པར་གྱུར
ང་ལ་ནམ་མཁའ་དང་གཤོག་པ་མེད་པར་གྱུར
མྱ་ངམ་ཐང་འདི་ཅི་ཙམ་རྒྱ་ཆེ་ན
སྒྲ་གཟུགས་ལས་འདས་པ་དག་དེ་ལྟར་རྒྱ་ཆེ་ཨང
༩
འདི་ལ་གཟུགས་མེད་ཀྱང
འདི་ལ་སྒྲ་མེད་ཀྱང
འདི་ལ་དྲི་མེད་ཀྱང
འདི་ལ་རོ་མེད་ཀྱང
འདི་ཉིད་ཤིན་ཏུ་ཐེག་པར་དཀའ
འདི་ཉིད་མྱ་ངམ་ཐང་ཧྲིལ་པོ་ལས་ཀྱང་ལྗིད
འདི་ཉིད་རྒྱ་མཚོ་ཧྲིལ་པོ་ལས་ཀྱང་ཟབ
༡༠
ངའི་སྐྲ་ལོ་ད་དུང་ཇེ་ཉུང་དུ་འགྱུར་མི་རན
མིག་ཟུང་ད་དུང་རབ་རིབ་ཏུ་འགྱུར་མི་རན
ཡིན་ནའང
ད་ལྟ་ངའི་སྐྲ་ལོ་ཇེ་ཉུང་དུ་འགྱུར་གྱིན་འདུག
མིག་ཟུང་རབ་རིབ་ཏུ་འགྱུར་གྱིན་འདུག
ད་དུང་འཆི་བའི་དུས་མིན་ཡང
ང་སྐད་ཅིག་སྐད་ཅིག་གིས་འཆི་བཞིན་འདུག
སྐད་ཅིག་སྐད་ཅིག་གིས་རྒ་བཞིན་འདུག
སྐད་ཅིག་སྐད་ཅིག་གིས་མི་གཞན་ཞིག་ལ་འགྱུར་གྱིན་འདུག
ཀྱི་ཧུད
ཅི་འདྲའི་བཟོད་པར་དཀའ་བ་ཞིག
ཅི་འདྲའི་མྱ་ངན་ལྗིད་པོ་ཞིག
ཀྱེ་མ
མགོ་ཐོག་གི་ལྷ་དང་ལྷ་མོ
རྐང་འོག་གི་ཀླུ་དང་ཀླུ་མོ
ཁྱེད་རང་ཚོས་མཁྱེན་ཨེ་བྱུང
མྱ་ངན་འདི་ག་རེ་ཡིན་པ
ཡང་སྙིང་ཅི་ཞིག་ཡིན་པ
༡༡
འདི་ན་ལྕགས་བཞུ་ས་ཞིག་འདུག
འདི་ན་ཐ་སྙད་རྣམས་མེ་སྲེག་གཏོང་ས་ཞིག་འདུག
འདི་ན་ལྗོན་པ་དག་སྐམ་དྲགས་ཏེ་སྐྱ་ཐེར་ཐེར་གདའ
འདི་ན་རྡོ་བ་དག་ཐང་ཆད་དེ་ལྗིད་ཏིག་ཏིག་གདའ
འདི་ན་ད་དུང་ཁྲག་གི་རྗེས་ཤུལ
མིག་ཆུའི་རྗེས་ཤུལ
ཁེར་རྐྱང་གི་རྗེས་ཤུལ
སེམས་ཀྱིས་མི་བཟོད་པའི་རྗེས་ཤུལ་མང་པོ་གདའ
༡༢
(གྱེས་གདུང་གིས་གཟིར་བའི་མིག་ལྕིབས་སུ
གྲུ་ཟུར་ཤིན་ཏུ་རྣོ་བའི
མྱ་ངན་གྱི་ཆག་གྲུམ་ཞིག
འགོག་མེད་རྒྱུ)①
ཤིང་སྐམ་མི་རོ་ལྟར་རེངས་ཤིང་།།
ཁ་བ་བུ་ཡུག་སོག་ལེ་བཞིན།།
འཐོར་རླུང་དྲག་པོའི་མུན་གཏིབས་པ།།
ལུས་དང་སྲོག་གི་ཆོམ་པོར་རྒྱུ།།②
གནས་འདིར་ད་དུང་ཅི་ཞིག་རྒྱུ་ཨང
༡༣
བདུད་རྩི་དེ་ཡང་ཡང་དྲན་ཡོང
མྱངས་པས་ངོམས་པ་མེད་པའི་བདུད་རྩི
ལྕེ་ཐོག་གི་བདུད་རྩི
སེམས་ནང་གི་བདུད་རྩི
བྲལ་ནས་བཟོས་པའི་རྨ་ཁ
ཐོབ་ནས་ཤོར་བའི་ཡིད་གདུང
རླན་དང་རླན་འཕྲད་པ་ལས
སེམས་སུ་མྱ་ངན་སྐྱེས
༡༤
སྐད་ཆ་གཅིག་གི་རྒྱབ་ཏུ་སྐད་ཆ་གཞན་ཞིག་བསྐུངས་འདུག
མིག་ཟུང་གི་ཉམས་འགྱུར་ནི་གསང་བ་ཤིན་ཏུ་ཟབ་པའི་ལྐོག་གྱུར་ཞིག
མཆུ་སྒྲོས་འགུལ་ཙམ་འགུལ་ཙམ
ཁྱོད་ཀྱིས་ད་དུང་ཤོད་མ་ཐུབ་པ་ཅི་ཞིག་ལུས་ཡོད
ཁྱོད་ལ་ད་དུང་བློས་གཏོང་མི་ཐུབ་པ་ཅི་ཞིག་ཡོད
བློ་གཅིག་སེམས་གཅིག་གིས་འཆི་བར་སྒུག་མཁན
རྨ་ཁའི་གཏིང་ལ་བདུད་རྩི་ཨེ་འདུག
རྨ་ཁའི་གསེབ་ན་རོལ་དབྱངས་ཨེ་འདུག
རྨ་ཁའི་ཁྲོད་ན་ཐ་སྙད་ཀྱི་ཟུངས་ཁྲག་ཨེ་འདུག
༡༥
མྱ་ངམ་ཐང་འདིར
མི་རྣམས་ཀྱིས་བྱེ་མ་བཙིར་ནས
སྐོམ་གདུང་སེལ་བར་འབད
ཀྱི་ཧུད
མི་ཚེ་འདི་རིང་དྲགས་པས
ཐ་སྙད་ཀྱི་རྡོ་བ་ལྗིད་དྲགས་པས
༡༦
གངས་རིར་འཁྱུག་ཙམ་བལྟས
རྩྭ་ཐང་དུ་འཁྱུག་ཙམ་བསྡད
རྒྱ་མཚོའི་ཁར་ཐེངས་གཅིག་སོང
གཙང་པོའི་འཁྲིས་སུ་ལན་གཅིག་འགྲེངས
ལྟོགས་སྐོམ་གྱིས་བཟོས་པའི་མྱ་ངན་གྱི་ནམ་མཁར
ཁྲག་གི་རི་མོ་བཞེངས
རི་མོའི་ནང་ནས
ཁྲག་གི་ཐིགས་པ་ཟགས
གནས་འདི་ནས་བརྩེ་བས་འཕྲད་མཁན་སུ་ཞིག་བདོག
གནས་འདི་ནས་སེམས་ཀྱིས་མདུད་མཁན་སུ་ཞིག་བདོག
༡༧
རི་མོ་འདི་སྣུམ་ཚོན་རི་མོ་དང་འདྲ་བོ་འདུག
རི་མོའི་གསེང་གི་མི་ཚོགས
དངོས་ཡོད་ཀྱི་མི་ཚོགས་དང་འདྲ་བོ་འདུག
མི་ཚོགས་ཀྱི་གསེང་དུ
མི་ཞིག་གིས་ད་དུང་སྣུམ་ཚོན་རི་མོ་འབྲི་བཞིན་འདུག
དངོས་ཡོད་ཀྱི་སྡུག་བསྔལ་དག་བརྗེད་པར་གྱིས
དངོས་ཡོད་ཀྱི་རྡོག་ཁྲེས་དག་བརྗེད་པར་གྱིས
ཀྭ་ཡེ བས་མཐའི་རི་མོ་པ
སྒྱུ་འཕྲུལ་གྱི་བློས་བསླངས་བཞེངས་མཁན
ཁ་དོག་ནག་ཀྱང་སྙིང་གི་ཐིག་ལེ་བཞེངས་མཁན
པིར་རྩེ་ཕྲ་ཡང་ནང་སེམས་ཀྱི་མྱ་ངན་བཞེངས་མཁན
༡༨
བྱང་ཁོག་ཏུ་སྤུར་བའི་བྱེ་མ
རྡུལ་འཚུབ་ལོང་ལོང
བྲལ་ནས་མེད་པར་བཟོས་པའི
ཐ་སྙད་ཀྱི་འབྲེལ་སྒྲ
“བྱང་ཁོག་ཆར་བས་བརླན་ཏེ་ཁེར་ཧྲེང་ངེར་ལོག་འགྲོ་དུས་ཀྱང”③
ཁྱོད་ནི་ཁྲག་རྩའི་སྦུབས་སུ་རྒྱུ་བཞིན་འདུག
ཟམ་པ་མེས་ཚིག་སྟེ་སྨྲེང་ཤ་ལེར་གྱེས་འགྲོ་དུས་ཀྱང
ཁྱོད་ནི་སེམས་ཀྱི་གཙང་པོར་སྐྱོམ་གྱིན་འདུག
༡༩
གནས་འདིའི་ལྗོན་པ་དག་ལ་ཡལ་ག་མི་འདུག
ལོ་མ་ནི་དེ་བས་ཀྱང་མི་འདུག
ཡིན་ནའང
མི་རྣམས་ཀྱིས་ལྗོན་པར་འཐམ་ནས
སྐྱབས་འཇུག་སྣ་ཚོགས་བྱེད་ཀྱིན་འདུག
༢༠
སྟོང་པ་ཉིད་དང་ཤེས་རབ་ཀྱི་ཚོགས་ལ་བྲལ་བའི
སྙིང་རྗེ་དང་བྱམས་པའི་ཚོགས་ལ་བྲལ་བའི
གནས་འདིར་མིའི་རིགས་ཀྱིས་འདོར་མི་ཐུབ་པའི་དངོས་པོ་ཞིག་ཨེ་ཡོད
གནས་འདིར
མུན་པའི་གནས་མལ་ཙམ་ད་དུང་བདོག་གམ
འཆི་བའི་རྒྱལ་ཁམས་ཙམ་ད་དུང་བདོག་གམ
༢༡
ནམ་མཁར་རི་མོ་ཞིག་བྲིས་འདུག
སྒོ་དང་སྒེའུ་ཁུང་མེད་པའི་ཁང་པ་ཞིག་བྲིས་འདུག
གླུ་སྐད་མི་ཐོས་པའི་འོན་པ་ཞིག་བྲིས་འདུག
དེ་ཉིད་ལོང་བ་ཡིན་པ་ཞིག་ཀྱང་བྲིས་འདུག
ད་དུང་དེའི་ལག་ཏུ་རྒྱ་སེ་མེ་ཏོག་རྐང་གཅིག་བྲིས་འདུག
དེ་ཉིད་སྡོང་འོག་ནས་མགོ་བོ་དགྱེ་སྟེ
དམིགས་ཡུལ་ལྗིད་པོ་ཞིག་བྱང་ཁོག་ཏུ་བཅུག་ཡོད་པ་ཞིག་བྲིས་འདུག
རི་མོ་དེའི་མིང་ལ«འཆི་བར་སྒུག་མཁན»ཞེས་བཏགས་འདུག
༢༢
བྱང་ཁོག་གི་ཟམ་པ་འདི་ཐ་སྙད་རློན་པ་ལས་སྐྱེས
ཟམ་ཁར་འགྲེང་བའི་མི་དེ་ཡང
ང་དང་འདྲ་བར་ཐ་སྙད་རློན་པ་ལས་སྐྱེས
ཐེག་པར་དཀའ་བའི་ཐ་སྙད་ཀྱི་བཀའ་ཁྲིམས་དེས
བཙོན་པ་ཁ་ཤས་ཉམས་དམས་སུ་བཏང
ཁོང་ཚོས་ཐབས་བརྒྱ་ཇུས་སྟོང་གིས
ཚེ་སྲོག་གི་ལྷག་མ་འཆི་བའི་རྒྱལ་ཁམས་སུ་འདེད་ཀྱིན་འདུག
ཁོང་ཚོས་འཆི་བ་ནི་བླ་མེད་ཀྱི་བདེ་སྐྱིད་ཡིན་པར་འདོད
༢༣
གནས་འདིར་རོལ་དབྱངས་དང་ལྷ་ཚོགས་མི་འདུག
རྡོ་བའི་སྙིང་ཁ་དང་གཙང་པོའི་རླབས་སྒྲ་མི་འདུག
གནས་འདིའི་ས་གཞི་སྨུག་ལོང་ལོང
ནམ་མཁའ་འཁྱགས་སིབ་སིབ
མི་རྣམས་འདར་སིག་སིག
ད་དུང་གྱང་ཤུལ་དུ་ཆག་རོ་མང་པོ་སྤུངས
ཤི་རོ་མང་པོ་སྤུངས
གནའ་འདིར་མི་རྣམས་གསོན་རེ་བྲལ
གསོན་ནའང
ཡང་སྙིང་ཅི་ཞིག་བདོག
༢༤
འཆི་བར་ཕྱོགས་རིས་མེད་པས
འཆི་བར་བཀའ་ཁྲིམས་མེད་པས
འཆི་བར་ཐོབ་ཤོར་མེད་པས
འཆི་བར་འདུ་འབྲལ་མེད་པས
འཆི་བར་ལྟོགས་སྐོམ་མེད་པས
འཆི་བར་རེ་དོགས་མེད་པས
འཆི་བར་སེར་ཀ་མེད་པས
འཆི་བ་ཁོ་ན་ཞི་བ་དང་བདེ་བའོ
འཆི་བ་ཁོ་ན་རེ་བ་དང་གསོན་པའོ
སང་ཉིན་འཆི་ན་དགའ
རུས་པ་ཆག་པའི་མི
སང་ཉིན་འཆི་ན་དགའ
ཁེར་རྐྱང་ལ་སྐྲག་པའི་མི
སང་ཉིན་འཆི་ན་དགའ
མིག་ཀོང་གི་ཆུ་ཐིགས་འཛད་ལ་ཉེ་བའི་མི
༢༥
བདེ་བར་གཉིད་ཅིང་བདེ་བར་སད་པར་གྱུར་ཅིག
ང་དང་ངའི་འཁོར་བ
ཡང་ན
ང་དང་ངའི་མྱ་ངན་ལྗིད་པོ
མཆན།
① འཇུ་སྐལ་བཟང་གི་ཚིག་གཡར་བ།
② སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱི་ཚིག་གཡར་བ།
③ བྱ་གཞུང་དབྱངས་བྷའི་ཚིག་གཡར་བ།
༢༠༢༤ལོའི་ཟླ༨ཚེས༢༠ཉིན་མགོ་བརྩམས། ཟླ༩ཚེས༢༠ཉིན་གྲུབ།