ཟིན་པ་མེད་པའི་དུས་ཚོད།(སྙན་ཚོམ) ཉྭ་སྲིན་པོ།
རྩོམ་པ་པོ།:ཉྭ་སྲིན་པོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-11-07
ཀློག་གྲངས།:
ཕྱེད་ཀ་ཤི་བའི་ལྗོན་པ།
ཉྭ་སྲིན་པོ།
ད་ལྟ་བའི་ང་ནི་ཕྱེད་ཀ་ཤི་བའི་ལྗོན་པ་ཞིག་ལས་ཆ་འཇོག་མེད་དེ
དེ་སྔའི་གསོན་ཤུགས་དེ་དག་སྟོན་ལོ་བཞིན་འཐོར་བཞིན་འདུག
དགུན་ཁ་གྲངས་མེད་བརྒལ་རྗེས་ཀྱི་མཚན་མོ་རེ་རེར
ང་རང་རང་སེམས་ཀྱི་གྲང་འཁྱག་ནང་དུ་སིལ་བར་གས
མི་ནི་རྦ་རླབས་བཞིན་སྐྱོམ་སྐྱོམ་རྗེས
རང་གི་ནང་སེམས་ཀྱི་ལྷིང་འཇགས་ནང་ལྟེམ་མེར་འཁྱིལ་འགྲོ་བ་ཞིག་རེད
རྣམ་ཤེས་ཀྱི་རྩ་ལག་མང་པོར་རང་ཉིད་ཁོ་ན་བཅུག་སྟེ
རང་གི་ཁེར་རྐྱང་གི་རི་ཐང་བརྒལ་ནས་ཉིན་མཚན་ཟད་འགྲོ་བ་ཞིག་རེད
དགུན་ཁ་ཨང་སུམ་བཅུ་སོ་གསུམ་པ་འདིར
ང་རང་དབུས་ལམ་རིང་མོར་ཁ་རོག་གེར་འོང
གདངས་ལ་འགུག་ཆས་སྟོང་བའི་གཞས་ཤིག་དང་འདྲ་བར
ཤིན་ཏུ་སེམས་ཆུང་གིས་འོང་ནས་སེམས་ཆུང་གིས་ཕྱིར་ལམ་དུ་བུད
མི་ནི་ལྗོན་པ་ཁེར་སྐྱེས་ཤིག་ཡིན་ན
ད་ལྟ་ང་རང་ཙག་རླུང་གི་སྲོག་ལ་སིམ་པའི་དགུན་ཟླ་རིང་མོ་དེ་རུ་ལུས་འདུག
དྲན་གདུང་དང་རེ་སྒུག རྨི་ལམ་ཡོད་ཚད་སིལ་བར་ཐོར་ནས
ད་ལྟ་ཕྱིར་བསྡུ་ཐུབ་མི་འདུག་པར་འདུག
ཀོང་པོའི་ནམ་ཟླ།
ཞོགས་པའི་ཁངས་སྨུག་མཐུག་པོ་དེ
སྐྱེ་བ་གཅིག་གི་གྲང་འཁྱག་དང་འདྲ་བར་སེམས་ཀྱིས་མྱང་རྒྱུ་ཞིག་འདུག
དགོང་ཁར་རི་གསུམ་གྱི་རྩེ་ལ་བལྟས་པས
ས་སྲོད་དང་ཁ་བ་གཅིག་ཏུ་འདྲེས་ནས་སྔོ་སིལ་སིལ་ཚུར་བཞུར་འོང་གི་འདུག
ཁེར་རྐྱང་གི་མྱང་ཆུ་མངོན་ཆུང་ངང་ཟང་ཟིང་གི་ཡར་ཀླུང་གཙང་བོའི་ཕྱོགས་སུ་འགྲོ
ང་རང་སྔངས་ཙམ་སྔངས་ཙམ་བྱས་རྗེས་འགོ་རྔ་མེད་པའི་གཞས་ཤིག་ཡིད་ལ་དྲན
ལྕུག་ལྕུག་འདར་བའི་ལྗོན་པ་དག་བོར་ཟིན་པའི་དུས་ཚོད་ཀྱི་ནང་དུ་ཡམ་ཡོམ་གཡོ
གློ་བུར་རང་གི་གྲིབ་མར་བལྟས་པས་ཟླ་བཅུ་གཉིས་པ་རྫོགས་ལ་ཉེ་བ་མཐོང
ལྷོར་བགྲོད་མེ་འཁོར་ལྗང་གུ
ནམ་ཟླ་ཡོངས་སུ་མི་གཅིག་པའི་གྲོང་ཚོ་གཉིས་གཅིག་ཏུ་སྦྲེལ
གཅིག་གི་ཁེར་རྐྱང་ཁྱེར་ནས་གཅིག་ལ་སྤྲད
གཅིག་ཤོས་ཀྱི་ནམ་མཁའ་བསྣམས་ནས་གཅིག་ཤོས་ལ་བསྟན
འགྲུལ་བཞུད་ནི་སྣེ་མེད་པའི་ཐ་གུ་ཞིག་སྟེ
ང་ཚོ་དེ་ཡི་ངོས་སུ་ཕྲ་རྒྱན་བཞིན་བཏབ་རྗེས
རང་དང་འབྲེལ་བ་སྤུ་ཙམ་མེད་པའི་མི་ཚོགས་ཀྱི་མདུན་དུ
ཞལ་འཛུམ་ཀྱུག་ཀྱུག་གིས་ཕར་ནས་ཕར་ལ་བརྒལ
སྙན་ངག་གི་སྐྲ་ལོ་ཤམ་ཤམ་གཡོ་བའི་མི་ཕོ་དེ་དག
དགོད་སྒྲ་དང་བཅས་རང་རང་གི་ཁེར་རྐྱང་ལ་འཐིམས
སོ་སོའི་ང་རྒྱལ་དང་གྲང་འཁྱག་གི་ནང་དུ
རང་ཉིད་ཁོ་ན་སྤོས་ཤིང་རང་ཉིད་ཁོ་ན་གཟུགས་སུ་འཚེར
ཀ་ལ་གྲོང་ཚོ།
གཏམ་རྒྱུད་བཤད་འཕྲོར་ལུས་རྗེས་ཀྱི་ཞོགས་པ་དེ
ག་ལེར་དུས་ཚོད་ཀྱི་གྲིབ་མར་ནུབས
མགྲིན་པ་ཡང་ཡང་བསལ་ཡང
གླུ་གཞས་སྙིང་དུ་སྡུག་པ་དེ་གཏོང་ཐབས་མ་བྱུང
ཞིང་ཐང་གི་ལོ་ཏོག་དེ་དག་ནམ་ཞིག་སྨིན་ཐུབ་བམ
ངས་ཁ་རོག་གེར་འབྲེལ་བ་མེད་པ་མང་པོ་ཞིག་དྲན
གོམ་པ་རེ་རེ་གཅིག་རྗེས་གཅིག་ལ་གཏད་རྗེས
སེམས་པ་འདི་ཡང་རྗེས་སུ་ལུས་ཐབས་མེད་པ
ལས་དབང་གིས་ཡིན་ནམ
འགྲོ་ཁར་ཕྱིར་མིག་ཅིག་འཕངས་དུས
ཀ་ལ་གྲོང་ཚོ་ཀ་ལ་གྲོང་ཚོ་རུ་གྲུབ་ཚར་བས
ཡོད་ཚད་སྣང་ལ་མ་ངེས་པ་ཞིག་ཏུ་གྲུབ་འདུག
གོང་དཀར་གནམ་ཐང་གི་ཕྱིར་མིག
སྐད་ཆ་ཡོད་ཚད་ཁོག་ཏུ་སྦས་ནས་ལམ་ལ་བུད
ཞེན་ཆགས་མཐའ་དག་ཁོག་ཏུ་སྦས་ནས་ལམ་ལ་བུད
ཁེར་རྐྱང་དང་སྨྲེང་བ་འདྲེས་མ་ཞིག་ཀྱང་ཁོག་ཏུ་སྦས་ནས་ལམ་ལ་བུད
ཁྲུང་ཁྲུང་ཁྱུ་ཞིག་འཕུར་ནས་བདག་གི་ཕྱིར་མིག་ལ་འདྲེས
སྤྲིན་པ་དཀར་པོ་དང་རླུང་བུ་བསིལ་མོ་དག་ལྡང་ནས་བདག་གི་ཕྱིར་མིག་ལ་འདྲེས
ཞོགས་པའི་རྩྭ་རྩེའི་ཁངས་ཟིལ་དག་ཀྱང་བདག་གི་ཕྱིར་མིག་ནང་ཟགས
འཛུམ་ལ་དཔྱིད་ཟླ་ཚེས་པའི་ཁྱོད་རང་ཤུལ་དུ་ལུས་སོང
དུད་ཚོད་ཀྱི་མུན་པས་ཟ་བཞིན་པའི་ཡུལ་གྲུ་དེ་ཤུལ་དུ་ལུས་སོང
དྲན་གདུང་དང་རེ་བཞག་ལ་བརྒྱུས་པའི་སེམས་འདུན་དེ་ཡང་ཤུལ་དུ་ལུས་སོང
ཕྱིར་མིག་གིས་ཀྱང་འཚོ་མི་ཐུབ་པ་དུས་ཚོད་རེད་ཨང
ཟིན་པ་མེད་པའི
རང་གི་ལག་ནང་ན་ཤག་ཤག་བཞུར་བཞིན་པའི་དུས་ཚོད་རེད་ཨང
མཚན་གཞས།
ཡུན་རིང་བོར་སོང་བའི་རྨི་ལམ་དེ་ཡང་གཏིང་ནས་དཀྲོགས
ཝུ་ཆང་ཏོག་ཙམ་མངོན་ཆུང་གིས་མཆོད་པའི་སྒྲ་ཡིས
ནང་མ་སྤྲོ་སྐྱིད་ཁང་གི་ནམ་མཁའ་སྟོང་བར་བཏང
གློ་བུར་གཞས་ཤིག་གཏོང་བསམ་དུས
“སེམས་ལ་སིམ་པའི་མི་དེ། །
དཀར་གསལ་ཟླ་བ་འདྲ་བྱུང་། །”ཟེར།
རྣམ་ཤེས་བོར་བའི་རོལ་དབྱངས་དེ་དག་གི་མདུན་དུ
ཁྱོད་རང་རྫ་ཆུ་བསིལ་མ་བཞིན་ཤག་ཤག་བཞུར
སྤྱན་ཆུང་གསང་གཏམ་སྨྲ་ཤེས་པ་དེ་ཡིས
ང་རང་ཡང་ཡང་བཅིངས་ཤིང་ཡང་ཡང་གློད
ཡུད་ཙམ་ཧད་དེ་སྡོད་དགོས་བྱུང་བ་ཡང
འཇིག་རྟེན་འདི་ཡི་ཆེས་རིང་བའི་མཛེས་སྡུག་རི་མོར་ཕབ་ཚུལ་ཞིག
ལྷ་སའི་ཞོགས་པ།
མཇལ་བ་དག་གི་དད་འདུན་ནས་ཡུལ་སྐོར་བའི་པར་མིག་ལ་དྲངས
མི་རྣམས་དུས་ཚོད་ཀྱིས་བཟོས་པའི་གཟེབ་དྲ་ནག་པོ་རུ
སྐྱེ་འཆིའི་བསྟན་བཅོས་ལ་མཆན་བུ་བཏབ་ནས་ཉིན་མཚན་རྒལ
ཁྲོམ་གཟིགས་སྒང་གི་གྲང་ངར་གྱིས་རླུང་གི་རལ་བ་ལྡག
ཇོ་ཁང་གི་འདུ་འཛིས་རང་གི་ཁེར་རྐྱང་མེ་ལ་སྒྲོན
དད་འདུན་ཁོ་ན་མཛེས་ཤིང་སྡུག་པའི་ཐང་ཀ་ཞིག་ཏུ་གྲུབ་རྗེས
ང་ཚོ་ད་དུང་ཉིན་མཚན་སྦྲེལ་ནས་ལྷ་སའི་ཉི་འོད་ནང་རྒྱུགས
ཅི་ཡང་བོར་མ་མྱོང་བ་ནི་ཁྱེད་ཡིན་ལ
ཡོད་ཚད་བོར་ཟིན་པ་ནི་ང་རང་ངོ
ཉི་འོད་ཆག་རོའི་ཀློང་གི ལྷ་སའི་ཞོགས་པ་ལགས
ཉང་ཆུའི་འགྲམ་གྱི་སེམས་འགྱུ།
བདག་གི་ལོ་ཟླའི་དཔྲལ་བ་རུ་ལྷོད་ཀྱིས་བཞུར
ཨ་སྐྱོ་བ་ང་རང རང་དབང་མེད་པར་གོམ་མཚམས་བཞག་སྟེ
ཁྱོད་ཀྱི་ཞི་འཇམ་ལ་སེམས་པ་ཤོར
གློ་བུར་བསིལ་རླུང་ཤུར་ཤུར་ལྡང་བས
རྒྱང་རིང་གི་མེ་ཏོག་རྫོང་དྲན་པར་བྱས
ཁལ་པ་དག་འཕྲུལ་འཁོར་གྱིས་བརླག་རྗེས་ཀྱི
གཡས་གཡོན་མདུན་རྒྱབ་ཀྱི་འཚོ་བའི་མེ་ལོང་ཆག་རོ་དག་དྲན་པར་བྱས
ང་ཚོ ནམ་ཞིག་སླར་ཡང་འདི་རུ་འཛོམས་ཏེ
སོ་སོའི་ཁོག་གི་ཡིད་བརྙན་དག་ལ་འགྲེལ་བ་སྐྱོན་སྲིད་དམ
རེ་སྒུག་ལ་ཡང་སྐྱུར་ངལ་ལྡང་བའི་ད་ཚོད་འདིར
ང་རང་འཁྱག་ཤུར་ཤུར་སང་ཉིན་གྱི་ཕྱོགས་སུ་བཙན་གྱིས་སྤོ་དགོས་སོང
བྱེའུ་ཁྱུ་གཅིག་གཤོག་གདང་སྤྲད་ནས་ལྷོ་རུ་འཕུར་བྱུང
ནམ་མཁའ་དང་སྤྲིན་དཀར་ལ་སེམས་པ་བཅོལ་ནས
རྩོམ་ཁུངས། སྙན་ཚོམ་འདི་ནི༢༠༡༤ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་བཞི་བར་བཀོད་ཡོད།
འབྲེལ་ཡོད་འོས་སྦྱོར།