མཐོ་སྒང་དུ་ལུས་པའི་རྐང་རྗེས། ཀུན་བཟང་རྣམ་རྒྱལ།
རྩོམ་པ་པོ།:ཀུན་བཟང་རྣམ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-12-17
ཀློག་གྲངས།:
མཐོ་སྒང་དུ་ལུས་པའི་རྐང་རྗེས།
ཀུན་བཟང་རྣམ་རྒྱལ།
ང་རང་ནི་མཐོ་སྒང་ན་དམིགས་བསལ་དུ་ཡོད་པའི་རླུང་བུ་དང་དྲོད་ཁོལ་ཉིས་འཛོམས་ཀྱི་ཁོར་ཡུག་འདི་ནས་འཚར་ལོངས་བྱུང་བ་ཡིན་ལ། ང་རང་ནི་ཉི་མ་དང་ཟླ་བའི་འཕེལ་འགྲིབ་ཀྱི་འཇིག་རྟེན་གསང་བ་ལ་ཡ་མཚར་བཞིན་ནར་སོན་པ་ཞིག་སྟེ། ངའི་ནར་སོན་གྱི་གོ་རིམ་མམ་རྐང་རྗེས་ནི་མཐོ་སྒང་འདིའི་རི་ལུང་ཐང་གསུམ་དང་རི་ལུང་ཐང་གསུམ་གྱི་ཉི་ཟླའི་འཆར་ནུབ་འོག་ཏུ་གསལ་ལ་མི་གསལ་བར་གནས་ཡོད།
ངས་ཕྱིར་དྲན་གྱི་མདའ་མོ་བྱིས་དུས་ཀྱི་ལོ་ཟླ་འཕངས་ན། ངས་ནམ་ཡང་འདི་ལྟ་བུའི་སྙིང་རྗེ་ལ་ཡིད་དུ་འོང་བའི་སྣང་བརྙན་ཞིག་དྲན་ཡོང་སྟེ། མཐོ་སྒང་གི་འབྲོག་ཁུལ་འདིའི་ཞོགས་པ་རེ་རེར། ཤར་རིའི་རྩེ་ནས་འཕྲོ་ཡོང་བའི་ཉི་ཟེར་ཐོག་མ་དེ་མཐིང་སྨུག་སྦྲ་ཆུང་གི་དར་ལྕོག་ལ་མ་ཕོག་གོང་དུ། ཕྱི་རོལ་ན་སྙན་པར་གྲག་པའི་དཔྱིད་ཀྱི་ཕོ་ཉའི་གསུང་སྐད་དེས་ང་རང་གཉིད་ལས་སློང་ཡོང་ཞིང་། དེ་དང་མཉམ་དུ་ངས་ངེད་ཚང་གི་ཁྱི་རྒན་ཁྲ་དགེའི་ཟུག་སྐད་ཅིག་ཀྱང་གསལ་པོར་ཐོས་ཡོང་། མཐོ་སྒང་གི་འབྲོག་ས་དེ་ནས། རྔམ་བརྗིད་ལྡན་པའི་གངས་རི་དང་། བདེ་འཇམ་ཡངས་པའི་སྤང་ཐང་གིས་ང་ལ་མ་འོངས་པའི་བགྲོད་ལམ་ཐོག་ཏུ་བྱ་བ་ཀུན་ལ་ཅི་མི་སྙམ་པར་གདོང་གཏད་དགོས་པའི་དཔའ་སྤོབས་སྩོལ་ཡོང་ལ། ང་ལ་དོན་མེད་དུ་ང་རྒྱལ་དང་ཁེངས་དྲེགས་ཀྱི་མགོ་འཕང་མཐོ་མི་རུང་བའི་སློབ་གསོ་གནང་བར་མ་ཟད། དྭངས་གཙང་གི་མཁའ་དབུགས་ནི་སྣོམ་བྱེད་དབང་པོ་བརྒྱུད་ནས་དོན་ལྔ་སྣོད་དྲུག་ཏུ་ཁྱབ་ཡོང་སྟེ། རང་བྱུང་གི་སྣོད་བཅུད་ཀྱི་མཛེས་པ་ཉམས་སུ་མྱོང་བར་སྐུལ་མ་ཡང་ཡང་གནང་ཡོང་།
སྐབས་དེའི་ང་རང་ནི། ས་ཆེན་འདིའི་སྟེང་གི་བྱིས་པ་སྣབས་ལུག་ཅིག་དང་། སྐབས་དེའི་མཐོ་སྒང་གི་བྱིས་པ་སྤྱི་དང་འདྲ་བར་རྐང་མགོ་ན་ལྷམ་མེད་པའི་བྱིས་པ་སྣབས་ལུག་ཅིག་སྟེ། ནམ་རྒྱུན་ཁྱིམ་མཚེས་གྲོང་རོགས་ཀྱི་རྫི་རོགས་ཚོ་དང་མཉམ་དུ་ནོར་ལུག་འཚོ་བར་འགྲོ་བཞིན་ཡོད། ནོར་ལུག་རྣམས་ཡངས་པའི་རྩྭ་ཐང་དུ་དལ་བྲེལ་མེད་པར་བག་ལྷོད་ཀྱིས་རྒྱུ་ཞིང་རམ་དཀར་རྩྭ་མཆོག་གི་བྲོ་བ་མྱོང་དུས། ང་རང་ཡང་གོམ་ཁ་ལྷོད་པོའི་ངང་བདེ་འཇམ་ཡངས་པའི་སྤང་ཐང་དུ་རང་བྱུང་གི་མཛེས་སྡུག་ཇི་སྙེད་ལ་མྱོང་རོལ་བྱེད་པར་དགའ། སྐབས་ལ་ལར་ནོར་ནག་གི་ལུས་ནས་ཐོན་པའི་རིན་པོ་ཆེ་ལྕི་བ་འཐུ་ཞིང་། ཡང་སྐབས་ལ་ལར་དབྱིག་འཛིན་སྒེག་མོའི་ལུས་སྟེང་གི་ངོ་མཚར་དག་ལ་སེམས་ཀྱིས་མྱོང་དུས། ངའི་སེམས་པ་ནི་ནམ་མཁའི་སྤྲིན་དཀར་གྱི་བང་རིམ་བརྟོལ་ནས་ཕྱི་རོལ་འཇིག་རྟེན་ལ་སྟོང་བསམ་བྱེད་པར་ཤོར་འགྲོ།
ངས་གསལ་པོར་དྲན་གྱིན་འདུག སྐབས་དེར་ང་ལ་ལུས་དང་གྲིབ་མ་བཞིན་ནམ་ཡང་ཁ་མི་བྲལ་བའི་གྲོགས་པོ་ཞིག་ཡོད། ཁོ་ནི་བདག་པོ་ལ་སེམས་དཀར་ཞིང་བློ་བརྟན་འགྱུར་མེད་ཀྱི་ཁྱི་རྒན་རྒྱ་བོ་ཞིག་ཡིན། ངས་ད་ལྟ་ད་དུང་ཡང་གསལ་པོར་དྲན་ཏེ། མིང་ལ་ཁྲ་དགེ་བཏགས་པའི་ཁྱི་རྒན་དེ་ནི་གཟུགས་སྟོབས་ཆེ་ཞིང་ཟིལ་རྔམ་ཅན་ཞིག་ཡིན་ལ། ལུས་ཀྱི་སྤུ་མདོག་ནི་སྐྱ་ལ་སེར་ཞེད་ཆེ་བ་དང་། མིག་ཟུང་ནི་འོད་ཆེམ་ཆེམ་དུ་འཕྲོ་བའི་མུ་ཏིག་ཆ་གཅིག་དང་ཨ་ན་མ་ན་ཡིན། ཁོ་ནི་དུས་རྒྱུན་ཞི་དལ་བག་ལྷོད་དུ་གནས་མོད། གནད་འགག་གི་སྐབས་སུ་སྙིང་སྟོབས་ཆེ་བའི་ཁྱི་རྒན་ཤིག་ཡིན། དེ་བས། ངའི་ནར་སོན་གྱི་གོ་རིམ་ཁྲོད་དུ་ཁོ་ནི་ངའི་བདེ་འཇགས་སྲུང་བའི་དཔའ་བོ་ལྟ་བུ་ཞིག་ཡིན་ལ། ངའི་ཆེས་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཀྱང་ཡིན་ཞེས་བརྗོད་ཆོག་པས། ད་ལྟ་ད་དུང་ཡང་། ངའི་ཉིན་གྱི་དྲན་པ་དང་མཚན་གྱི་རྨི་ལམ་ནང་ལ་ཁྱི་རྒན་ཁྲ་དགེ་ནི་དུས་ངེས་མེད་འཁོར་ཡོང་བའི་གཟུགས་རིས་ཤིག་ཡིན།
དེ་ལྟར། མཐོ་སྒང་གི་ཡུལ་ལུང་དེ་ན་ངའི་ནར་སོན་གྱི་རྐང་རྗེས་ཡོད་ལ། ཡང་ན་ཁྱི་རྒན་ཁྲ་དགེ་ངེད་གཉིས་ཀྱི་འགྲོག་འདྲིས་ཀྱི་ལོ་ཟླ་ནི་སྤང་ལ་མེ་ཏོག་བཞད་པ་བཞིན་ཁྲ་ལམ་མེར་བཀྲ་ཡོད། མཐོ་སྒང་གི་ཡུལ་ལུང་དེར་ལུས་པའི་རྐང་རྗེས་རེ་རེ་ནི་ངའི་མི་ཚེ་རིང་མོའི་ཕྱིར་དྲན་གྱི་བརྗེད་ཐོ་རེ་རེ་ཡིན་ལ། ཡང་ན་ཁྱི་རྒན་ཁྲ་དགེ་ངེད་གཉིས་ཀྱི་མཛའ་བརྩེའི་དཔང་པོ་ཞིག་ཀྱང་ཅི་ལ་མིན།
དུས་དེ་རིང་། ང་རང་ས་མཐོའི་འབྲོག་ཁུལ་དེ་ནས་རྒྱང་དུ་གྱེས་ཏེ་ཡུལ་ལུང་གཞན་དུ་གནས་འཆའ་དུས། ངས་དུས་ངེས་མེད་དུ་རང་ཉིད་ནར་སོན་པའི་གོ་རིམ་མམ་ཡང་ན་མཐོ་སྒང་གི་ཡུལ་ལུང་གང་དེར་བོར་བའི་རྐང་རྗེས་རེ་རེ་གསལ་པོར་དྲན་ཡོང་ལ། ཁྱི་རྒན་ཁྲ་དགེའི་སྣང་བརྙན་ནི་དེ་ལས་ཀྱང་ལག་མཐིལ་གྱི་རི་མོ་བཞིན་གསལ་པོར་དྲན་ཡོང་བ་ཞིག་རེད། ད་ལྟ་ངས་གསལ་པོར་ཤེས་ཡོད་དེ། འདས་ཟིན་པ་དེ་དག་ནི་ངའི་མི་ཚེའི་ཁྲོད་ཀྱི་ཆེས་རྩ་ཆེ་བའི་རྒྱུ་ནོར་ཞིག་ཏུ་གྱུར་འདུག་སྟེ། སྐབས་དེའི་ལོ་ཟླ་དྲན་ཐེངས་རེ་རེར། ངས་གཟུགས་སྟོབས་ཆེ་ཞིང་ཟིལ་ཤུགས་ཆེ་བའི་ཁྱི་རྒན་ཁྲ་དགེ་དང་། ཁྱི་རྒན་ཁྲ་དགེ་ངེད་གཉིས་རྐང་འགྲོས་ལག་གཤིབ་ཀྱིས་འགྲོ་མྱོང་སའི་ཡངས་ཤིང་རྒྱ་ཆེ་བའི་རྩ་ཐང་དང་སྔོ་ཞིང་བསངས་བའི་ནམ་མཁའ་དེ་དག་ཝ་ལེར་དྲན་ཡོང་ངོ་། །
འབྲེལ་ཡོད་འོས་སྦྱོར།