logo

ཙོང་ལ་རིང་མོའི་དབུ་རྩེ།

རྩོམ་པ་པོ།:རྡོ་རིང་པདྨ་དབང་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-01-10 ཀློག་གྲངས།:
ཙོང་ལ་རིང་མོའི་དབུ་རྩེ།
རྡོ་རིང་པདྨ་དབང་ཆེན།

       ཙོང་ཁ་ཞེས་པ་ནི་གནའ་བོའི་ཐ་སྙད་རྙིང་པ་ཞིག་ཡིན་ལ། ལོ་རྒྱུས་ཡིག་ཚང་དུ་ཙོང་ཁ་ལ་ཙོང་ཁ་ཆེ་བ་དང་ཙོང་ཁ་ཆུང་བ། ཙོང་ཁ་བདེ་ཁམས་བཅོ་བརྒྱད་སོགས་སུ་དབྱེ། ཙོང་ཁའི་ཡུལ་འདི་ནི་ཙོང་ཆུའི་ལྷོ་རྒྱུད་དང་ཙོང་ཁའི་སྐྱེས་རིའི་སྲིབ་ཕྱོགས་ལ་ངོས་འཛིན་པ་དང་། ཙོང་ཆུ་སྔོན་མོའི་ཉིན་སྲིབ་ཡོངས་ལ་ངོས་འཛིན་པ། མདོ་སྨད་ཀྱི་ཡུལ་གྲུ་རྒྱ་ཆེན་པོ་ཞིག་ལ་ངོས་འཛིན་པ་སོགས་ངོས་འཛིན་ཚུལ་ཅུང་མི་འདྲ་བ་རེ་ཡོད་ནའང་། དེ་དག་ནི་ལོ་རྒྱུས་ཀྱི་འཕེལ་འགྱུར་མི་འདྲ་བའི་དབང་གིས་ངོས་འཛིན་ཚུལ་མ་འདྲ་བ་ཙམ་ལས་ཕན་ཚུན་འགལ་བ་མེད་པར་སེམས། ཡོངས་གྲགས་སུ་ཙོང་ཁ་ཞེ་ན་ཙོང་ཆུ་སྔོན་མོའི་འབབ་ཡུལ་ལ་གོ་སྟེ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས“དེ་ནས་གངྒཱའི་སྲིང་མོ་དལ་འགྲོ་མ། །ཙོང་ཆུ་ཞེས་བྱར་གྲགས་པའི་ཀླུང་ཆེན་གྱི། །གདགས་དང་སྲིབ་ཏུ་བགོས་པའི་ས་འཛིན་ཁྱོན། །ཙོང་ཁ་ཞེས་གྲགས་སྐྱིད་པའི་ལྗོངས་ཤིག་མཆིས། །”ཞེས་གསུངས་ཡོད།
       ཙོང་ཁ་ཞེས་པའི་མིང་གི་ཐོགས་ཚུལ་ཐད་ལ་བཤད་ཚུལ་མི་འདྲ་བ་འགའ་ཡོད་དེ། ཙོང་ཆུའི་མགོ་ཁུངས་སུ་རི་ཙོང་མང་བོ་སྐྱེས་ཡོད་པས། ཆུ་དེའི་མིང་ལ་ཙོང་ཆུ་ཞེས་ཐོགས་ཤིང་དེའི་འབབ་ཡུལ་ལ་ཙོང་ཁ་དང་། ཡུལ་དེའི་སྐྱེས་རིའི་མིང་ལ་ཙོང་ཁའི་སྐྱེས་རི་ཞེས་ཐོགས་པར་བཤད་ལ། ཡང་ཙོང་ཁ་ཞེས་པའི་མིང་ནི་ཙོང་ལ་རིང་མོ་དང་ཙོང་ཁའི་སྐྱེས་རི་ལ་བརྟེན་ནས་ཐོགས་ཏེ། ཙོང་ཆུ་ལ་མགོ་ཁུངས་གཉིས་ཡོད་པ་ལས་མགོ་ཁུངས་གཅིག་ཙོང་ལ་རིང་མོའི་རི་རྒྱུད་དུ་ཡོད་པས། ཙོང་ལ་རིང་མོ་ནས་འབབ་པའི་ཆུ་བོའི་མིང་ལ་ཙོང་ཆུ་དང་། ཡུལ་ཕྱོགས་འདིའི་མིང་ལ་ཙོང་ཁར་ཐོགས་ཞེས་ཀྱང་གྲགས། བོད་ཀྱི་ས་མིང་ཁྲོད་དུ་མིང་མཐའ་ཁ་ཡིག་ཅན་གྱི་ས་མིང་ཡང་ལྷོ་ཁ་དང་བྱང་ཁ། མཚོ་ཁ། རྫ་ཆུ་ཁ་སོགས་མང་པོ་ཞིག་ཡོད་པ་དང་། དེ་དག་གི་མིང་མཐའི་ཁ་ཡིག་ནི་ཡུལ་ཕྱོགས་དེར་གོ་བའི་རམ་འདེགས་ཀྱི་ནུས་པ་ཞིག་ཡོད་ཅིང་། དེ་ལྟར་ན་ཙོང་ཞེས་པའི་ཡུལ་ཁམས་ལ་ཙོང་ཁ་ཞེས་ཐོགས་པ་མིན་ནམ་སྙམ་པའི་རྨོངས་འཆར་ཞིག་ཀྱང་སྐྱེས་བྱུང་། སྤྱིར་ས་མིང་ལ་ལར་བརྡ་དོན་ཐད་འགྲེལ་བཤད་བྱ་རྒྱུ་ཡོད་ཀྱང་། ས་མིང་ཡོད་ཚད་ལ་བཙན་གྱིས་འགྲེལ་བཤད་བྱེད་པའི་དགོས་པ་ཆེར་མེད་པས། ཙོང་ཁ་ཞེས་པ་ནི་འདོད་རྒྱལ་གྱི་མིང་དང་། འདོད་རྒྱལ་གྱི་མིང་དེ་ལ་བརྟེན་ནས་ཙོང་ལ་རིང་མོ་དང་ཙོང་ཁའི་སྐྱེས་རི། ཙོང་ཆུའི་མིང་སོགས་ཐོགས་ཞེས་བཤད་ནའང་ལུགས་དང་མཐུན་པ་ཞིག་ཡིན།
       རྨ་རྒྱལ་སྦོམ་ར་ནས་རྨ་ཆུ་དང་ཙོང་ཆུའི་འདྲེས་མདོའི་བར་གཡུ་འབྲུག་ས་ལ་རྒྱུ་བ་ལྟ་བུའི་རི་རྒྱུད་ཅིག་བསྲིངས་ཡོད་པ་དང་། རི་རྒྱུད་དེའི་མིང་ལ་ཙོང་ལ་རིང་མོ་ཞེས་འབོད། ཙོང་ལ་རིང་མོའི་རི་རྒྱུད་ཀྱི་རི་རྩེ་གཙོ་བོ་ཙོང་ཁའི་སྐྱེས་རི་ནི་རྒྱལ་བ་གཉིས་པའི་འཁྲུངས་གཞིས་སྐུ་འབུམ་དགོན་པའི་མདུན་རི་དང་། དགེ་ལྡན་བསྟན་པའི་ཆུ་མགོ་བྱ་ཁྱུང་དགོན་པའི་རྒྱབ་རི་ཡིན་ལ་ཙོང་ཁམས་བདེ་ཁམས་ཀྱི་ཆེས་མཐོ་བའི་རི་བོ་ཞིག་ཀྱང་ཡིན་ཏེ། འཇིག་རྟེན་འཁོར་བའི་བཤད་པར་ཡང“ཙོང་ཁའི་སྐྱེས་རི་སྐྱེས་རྒྱ་མཐོ་གི །འཛམ་གླིང་ཉི་མའི་ཤར་ལམ་འགོག་གི །མགོན་པོ་བྲག་ནག་རྔམ་ཟིལ་ཆེ་གི །རྨ་ཆུ་སྔོན་མོའི་བཞུར་ལམ་འགོག་གི །”ཞེས་ཟེར། ཙོང་ཁའི་སྐྱེས་རི་ནི་ལྷ་གཉན་མཐུ་བོ་ཆེ་ཁོང་གི་མིང་ཡིན་ལ། ལྷ་གཉན་མཐུ་བོ་ཆེ་ཁོང་བཞུགས་སའི་ཕོ་བྲང་སྟེ་རི་བོ་དེའི་མིང་ཡང་ཡིན། ཙོང་ཁའི་སྐྱེས་རིའི་མཚན་ལ་བསང་ཡིག་སོགས་སུ་དགྲ་ལྷ་དབང་ཕྱུག་དང་རྨ་སྲས་དགྲ་འདུལ་དབང་ཕྱུག་ཟེར་ལ། སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་རྨ་རྒྱལ་སྦོམ་རའི་སྲས་ཡིན།
       ཙོང་ཁའི་སྐྱེས་རིའི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་དང་མཁྱེན་བརྩེ་ནུས་གསུམ་གྱི་མཐུ་རྩལ་བསམ་གྱིས་མི་ཁྱབ་པས། ཙོང་ཁའི་ཡུལ་མི་རྣམས་ཀྱིས་ཁོང་ཙོང་ཁའི་ཡུལ་གྱི་སྐྱེས་ལྷར་བཀུར་སྟེ། ལྷ་བསང་གཏོང་མཁན་དང་རླུང་རྟ་སྤུར་མཁན་ཕ་ཚ་བུ་རྒྱུད་དུ་ཡོད། དད་ལྡན་པ་དག་གིས་ལྷ་བསང་གཏོང་བ་ནི་བསམ་པའི་འདོད་དོན་འགྲུབ་པ་དང་། རླུང་རྟ་སྤུར་བ་ནི་ལས་ཀྱི་རླུང་རྟ་བསྐྱེད་པའི་ཆེད་ཡིན་ལ། ཡུལ་ལྷ་གཞི་བདག་ལ་མཆོད་ཅིང་བཀུར་བ་དང་སྐྱབས་སུ་བསྟེན་ན་འདོད་དོན་ཐམས་ཅད་ལྷུན་གྱིས་འགྲུབ་པར་ཡིད་ཆེས་པས། བོད་ཀྱི་དད་ལྡན་མང་ཚོགས་རྣམས་ལྷ་བསང་གཏོང་རྒྱུར་དགའ་ཞིང་རླུང་རྟ་སྤུར་རྒྱུར་སྤྲོ་བ་ཡིན། དེའི་རྐྱེན་གྱིས་བོད་ཡུལ་གྱི་གནས་འགངས་ཅན་དང་ཡུལ་གནད་ཅན་དག་ན་མཆོད་མཇལ་བྱེད་ས་ཡོད་ལ་ལྷ་བསང་གཏོང་ས་ཡང་ཡོད། ལྷག་པར་དུ་དེང་གི་དུས་འདིར་འཁོར་བའི་འགྲན་རྩོད་ཀྱི་ཚ་རླབས་དྲག་ཅིང་། འཚོ་བའི་འགྲོས་རིམ་གྱི་དབའ་ཀློང་རྒོད་པས། དད་ལྡན་པ་རྣམས་ཀྱིས་དགྲ་འདུལ་གཉེན་སྐྱོང་ལ་དཔུང་རོགས་དང་། འཁོར་བའི་འཚོ་ཚིས་ལ་སྡོང་གྲོགས་མཛད་པའི་འཇིག་རྟེན་པའི་ལྷ་ལ་མཆོད་བཀུར་བསྙེན་གསུམ་བྱེད་པའི་ཤུགས་ཆེ་རུ་འགྲོ་བཞིན་ཡོད།
       ཙོང་ཁའི་ཡུལ་གྱི་སའི་རྟེན་ཕུར་ལྟ་བུའི་ཙོང་ཁའི་སྐྱེས་རི་ཡི་རྔམ་བརྗིད་དེ་ཙོང་ཆུའི་སྔོན་མོའི་ཉིན་སྲིབ་དང་རྨ་ཀླུང་རིང་མོའི་ལྷོ་བྱང་གི་ཡུལ་ཁམས་ཀུན་ནས་མཐོང་ཐུབ། ང་ཚོའི་ཕ་ཡུལ་ནས་བལྟས་ན་ཙོང་ཁའི་སྐྱེས་རི་ནི་དམག་དཔོན་ཞིག་གིས་དབུ་ལ་དབུ་རྨོག་དང་སྐུ་ལ་གོ་ཁྲབ་གསོལ་བ་ལྟར་དབུ་རྩེ་འཛོམས་ཤིང་ཕྲག་རྡང་ཕྱོགས་གཉིས་སུ་བརྒྱངས་ཏེ་ཡོད། ཆུང་དུས་སུ་ཕ་ཡུལ་གྱི་ཡུལ་མི་རྒན་པ་རེ་འགས་རྔམ་ཞིང་བརྗིད་པའི་ཙོང་ཁའི་སྐྱེས་རི་སྟོན་ཞོར་དེའི་མགོ་ན་མཚོ་ཆུང་ལྷ་མོ་ཟེར་བའི་མཚོ་ཞིག་ཡོད་ཅེས་བཤད་དུས། རི་བོའི་མགོ་ན་མཚོ་ཞིག་ཇི་ལྟར་ཡོད་པ་ཡིན་ནམ་སྙམ་ནས་ང་རང་དེ་ལ་ངོ་མཚར་ཡང་སྐྱེས་མྱོང་། ཙོང་ཁའི་སྐྱེས་རིའི་དབུ་རྩེར་འགོས་ན་དེའི་ཕྲག་རྡང་གཡས་གཡོན་དེ་ང་ཚོའི་ཕ་ཡུལ་ནས་མཐོང་བ་ལྟར་ཕྲ་ལ་རིང་བ་ཞིག་མིན་པར་འཁོབས་རྒྱ་ཅུང་ཆེ་བ་དང་། ཙོང་ཁའི་སྐྱེས་རིའི་ཕྲག་རྡང་གཡོན་པར་དཀྱིལ་དམའ་ཞིང་མཐའ་སྐོར་མཐོ་བའི་ཀོང་གཤོང་ཆེན་པོ་ཞིག་ཡོད་ལ། དེ་ནི་ཙོང་ཁའི་སྐྱེས་རིའི་སྒང་གི་མཚོ་ཡོད་ས་རེད་ཟེར། ཙོང་ཁའི་སྐྱེས་རིའི་རྩེ་མོར་སྔོན་ཆད་ལོ་ཁོར་མོ་ཡུག་ཏུ་གངས་ཀྱིས་གཡོགས་ཡོད་པས། སྐབས་དེར་མཚོ་དེ་དུས་བཞིར་ཡོད་ཀྱང་སྲིད་མོད། དེང་སྐབས་ཙོང་ཁའི་སྐྱེས་རིའི་རྩེ་མོའི་གངས་ཞུ་ནས་གངས་རི་དེ་བྲག་རིར་གྱུར་ཡོད་པས། འབབ་ཞོད་ཆེ་བའི་སྐབས་སུ་མ་གཏོགས་མཚོ་དེ་མེད་པར་བཤད། ང་རང་ཙོང་ཁའི་སྐྱེས་རིའི་མགོར་འགོ་དུས་ནི་ཧོར་ཟླ་དང་པོ་ཡིན་པས། སྐབས་དེར་ཁུག་གཞོང་དེའི་སྲིབ་ཏུ་ཁ་བ་མཐུག་པོས་གཡོགས་འདུག
       བཤད་རྒྱུན་ལ་ང་ཚོའི་སྡེ་བའི་སྐྱེས་ལྷ་ཀྱེ་རི་ཙོང་ཁའི་སྐྱེས་རི་ཡི་སྲས་ཡིན་པར་བཤད་པས། ང་ཚོའི་སྡེ་བ་དང་ཙོང་ཁའི་སྐྱེས་རིའི་བར་དུ་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད། ང་ཚོའི་སྡེ་བའི་སྐྱེས་ལྷ་ཀྱེ་རི་ཡི་སྐུ་བརྙན་དེ་ཙོང་ཁའི་སྐྱེས་རི་དང་འདྲ་བར་བཅིབས་རྟ་དཀར་པོ་ཞིག་ལ་བཅིབས་ཤིང་། དབུ་ལ་ཕྱིང་ཞྭ་དང་ལུས་ལ་བེར་མནབས་ཤིང་། ཕྱག་གཡས་པར་མདུང་དང་ཕྱག་གཡོན་པར་ནོར་གཞོང་ཐོགས་ཡོད། ལྡེབས་རིས་ལས་ཙོང་ཁའི་སྐྱེས་རི་དང་ང་ཚོའི་སྐྱེས་ལྷ་ཀྱེ་རི་གཉིས་ཀྱི་ཆ་བྱད་ཧ་ཅང་འདྲ་བས། སྐབས་ལ་ལར་ངས་ཙོང་ཁའི་སྐྱེས་རི་དང་ཨ་མྱེས་ཀྱེ་རི་གཉིས་ནི་ཡབ་སྲས་ཀྱི་འབྲེལ་བ་མིན་པར། སྤྲུལ་གཞི་གཅིག་ལས་གྱེས་པའི་སྤྲུལ་བ་མིན་ནམ་སྙམ་པའི་དོགས་པ་ཡང་སྐྱེས་མྱོང་ཞིང་། དེ་ལྟར་བསམ་དུས་སྐྱེས་རི་དང་ཀྱེ་རི་གཉིས་ཡི་གེའི་ཐད་ནས་འབྲི་ཚུལ་ཅུང་མི་འདྲ་ནའང་། ཀྱེ་རི་ཞེས་པ་ནི་སྐྱེས་རི་ཞེས་པའི་ཡི་གེ་ཟུར་ཆག་པའམ་ཁ་སྐད་དུ་གྱུར་པ་ཞིག་ཀྱང་མིན་ནམ་སྙམ་བྱུང་། ངས་ལོ་རྒྱུས་དང་ངག་རྒྱུན་དེའི་ཕུགས་རྟོགས་ཆེད། ཙོང་ཁའི་སྐྱེས་རིའི་ལོ་རྒྱུས་ལ་དོ་སྣང་དང་མཉམ་འཇོག་བྱས་ཤིང་། ང་ཚོའི་སྐྱེས་ལྷ་ཀྱེ་རི་ཡི་ལོ་རྒྱུས་ལ་འཚོལ་ཞིབ་དང་འདྲི་བརྩད་བྱས་ཀྱང་། ད་བར་དུ་དེ་གཉིས་བར་གྱི་འབྲེལ་བའི་ཐད་ཚད་ལྡན་གྱི་རྒྱུ་ཆ་ཞིག་ལག་སོན་མ་བྱུང་མོད། ཀྱེ་རི་ཡི་བསང་ཡིག་རྙིང་བ་འགར་སྐྱེས་རི་ཞེས་བྲིས་ཡོད་པས། ཀྱེ་རི་ཞེས་པ་ནི་སྐྱེས་རི་ཟུར་ཆག་པ་ཡིན་པའི་ངེས་ཤེས་གསལ་བོར་སྐྱེས་བྱུང་།
       ད་ལོར་ང་རང་ཙོང་ཁའི་སྐྱེས་རིའི་སྒང་ལ་ལྷ་བསང་གཏོང་དུ་ཕྱིན། རྒྱ་ལོ་ཚེས་བརྒྱད་ཉིན་གྱི་ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྟེང་དུ་ང་ཚོ་ཙོང་ཁའི་སྐྱེས་རི་ཡི་རི་འདབས་སུ་འབྱོར་དུས། རི་བསང་གཏོང་དུ་འགྲོ་མཁན་གྱི་གློག་ཕྲེང་སྐར་ཚོགས་ལྟར་རི་འདབས་ནས་རི་རྩེ་བར་འཐེན་འདུག་ལ། མཚན་མོའི་སྨག་གི་ཁྲོད་དུ་འོད་ཆེམ་ཆེམ་ངང་འཚེར་བའི་གློག་འོད་དེ་དག་ལས་ངས་ཙོང་ཁའི་སྐྱེས་རིའི་བྱིན་རླབས་ཀྱི་འོད་སྣང་དེ་མཐོང་བྱུང་།
       ང་ཚོ་ཙོང་ཁའི་སྐྱེས་རིའི་སུམ་ཆའི་གཉིས་ཙམ་ལ་འགོས་པ་ན་ནམ་ལངས་ཏེ། ཉི་མ་ཕྱུག་པོ་རི་བདུན་གྱི་རི་རྩེ་ནས་སེར་ལམ་ལམ་ངང་ཤར་བྱུང་། སྐབས་དེར་རི་བསང་གཏོང་དུ་འགྲོ་མཁན་སྔོན་མ་དག་ཕྱིར་ལོག་བཞིན་འདུག ངས་དེའི་ཁྲོད་ཀྱི་མི་ཞིག་ལ་ཁྱོད་ཚོ་ཆུ་ཚོད་ག་པར་རི་བསང་གཏོང་དུ་སོང་བ་ཡིན་ཞེས་དྲིས་པ་ན། དེས་ནམ་གུང་གི་ཆུ་ཚོད་བཅུ་གཉིས་ཀྱི་སྟེང་སོང་བ་ཡིན་ཟེར། རི་བསང་གཏོང་མཁན་དག་དད་པས་བསླངས་ཏེ་རི་ལ་ཆས་ཤིང་། རེ་བ་འཁུར་ནས་ཡུལ་ལ་ལོག་བཞིན་འདུག ང་ལ་མཚོན་ནའང་དད་པས་བསླངས་ཏེ་རི་རྩེར་ཆས་པ་ཡིན་མོད། དེ་དང་ལྷན་དུ་ཙོང་ཁའི་སྐྱེས་རི་དང་ཙོང་ཁ་བདེ་ཁམས་ཀྱི་ས་བབ་དང་ཡུལ་བབ་ལ་ལྟ་འདོད་ཀྱི་དམིགས་ཡུལ་ཞིག་ཀྱང་ཡོད་པས། ང་རང་ཙོང་ཁའི་སྐྱེས་རིར་འགོས་པ་དེ་དད་པའི་དབང་གིས་ཡིན་ལ་ཐོས་པ་འཚོལ་བའི་ཆེད་དུ་ཡང་ཡིན།
       ཙོང་ཁའི་སྐྱེས་རིར་རི་བསང་གཏོང་དུ་འགྲོ་མཁན་གྱི་ཁྲོད་དུ་རྒྱ་ཡོད་ལ་བོད་ཀྱང་ཡོད་པ་དང་། རོང་བ་ཡོད་ལ་འབྲོག་པ་ཡང་ཡོད། ཙོང་ཁའི་སྐྱེས་རིའི་ཉེ་འཁོར་གྱི་མི་ཡོད་ལ་ཙོང་ཁའི་སྐྱེས་རི་དང་སྤྱི་ལེ་བརྒྱ་ཕྲག་དུ་མས་ཆོད་པའི་ཡུལ་གྱི་མི་ཡང་འདུག ཡང་ལོ་ཚད་ལྟར་ན་ང་ལྟ་བུའི་རྒན་པོ་ཡར་གསེག་ཡོད་ལ། ལོ་སུམ་ཅུ་བཞི་བཅུའི་ནང་གི་མི་དར་མ་དང་། ལོ་ཉི་ཤུའི་ནང་གི་གསར་བུ་གསར་མོ། ལོ་བཅའ་བཅུ་བཅོ་ལྔ་ཡི་ན་ཆུང་བྱིས་པ་དང་ན་གཞོན་ཡང་འདུག རི་བསང་གཏོང་དུ་འགྲོ་མཁན་རྣམས་ཀྱི་ཚུགས་ཀ་དང་རྣམ་པར་བརྟགས་ན། སློབ་མ་དང་འདྲ་བ་ཤིན་ཏུ་མང་ལ་དེ་དག་ནི་ཕལ་ཆེར་རྒྱུགས་སྤྲོད་མཁན་ཡིན་ངེས། མི་ཞིག་ལ་མཚོན་ན་སེམས་ཀྱི་རྟེན་སོ་ཞིག་དགོས་པས། རྒྱུགས་ཀྱི་ཆེད་དུ་ལྷ་བསང་གཏོང་དུ་འགྲོ་མཁན་དེ་དག་ངས་རྨོངས་དད་ཅིག་ཏུ་མཐོང་གིན་མེད་མོད། རིག་པ་ནན་གྱིས་མ་སྦྱངས་པར་རྟེན་སོ་ཁོ་ནར་དམིགས་ན་དེས་ཀྱང་ཕན་ཐོགས་འབྱུང་དཀའ་འོ་སྙམ་བྱུང་།
       ཙོང་ཁའི་སྐྱེས་རིའི་ཕྲག་གོང་གཡོན་པར་སླེབས་དུས་རླུང་ཤུགས་ཤིན་ཏུ་ཆེ་ལ། དེར་བསྐྱོན་པའི་དར་ལྕོག་དག་རླུང་གི་རྒྱུ་བ་དང་བསྟུན་ནས་ཤུགས་ཀྱིས་འཕྱོ་བ་དང་། རླུང་གི་སིར་སྒྲ་དང་དར་ལྕོག་གི་སྤད་སྒྲ་ཡིས་རྣ་བ་ཡང་འགངས་པར་བྱེད། ཙོང་ཁའི་སྐྱེས་རིའི་ཕྲག་གོང་གཡོན་པ་ནས་དབུ་རྩེ་བར་མིག་རྒྱང་ཙམ་གྱི་ལམ་ཐག་ཅིག་ཡིན་ལ།ལམ་ངོས་ཀྱང་དེ་འདྲ་གཟར་རྒྱུ་མེད་ནའང་། ང་ལ་མཚོན་ན་ལམ་ཐག་དེ་ནི་ཆེས་བགྲོད་དཀའ་བའི་ལམ་བུ་ཞིག་ཀྱང་རེད། རི་རྩེ་ས་བབ་མཐོ་ཞིང་ངའི་དབུགས་ཀྱི་རྒྱུ་བ་འཚུབ་པས་གོམ་པ་ཉི་ཤུ་རེའི་མཚམས་ནས་ངལ་རེ་གསོ་དགོས་བྱུང་ལ། ལམ་བུ་དེ་ཁོ་ནར་ང་རང་ཆུ་ཚོད་གཅིག་ལྷག་གིས་སྐྱོད་དགོས་བྱུང་། དབུ་རྩེར་ཐག་ཇེ་ཉེར་གྱུར་པ་དང་བསྟུན་ནས་རླུང་ཤུགས་ཇེ་ཆེ་ནས་ཇེ་ཆེ་ཡིན་ལ། ཙོང་ཁའི་སྐྱེས་རིའི་དབུ་རྩེ་ན་བསང་ཕུད་མཁན་དག་གིས་སྤུར་བཞིན་པའི་རླུང་རྟ་དག་ནི་རི་རྩེའི་བྲག་གི་རྔམ་ཁ་ན་བྱིའུ་ཡི་ཚོགས་ཇི་བཞིན་འཚུབ་ལོང་ལོང་གིས་མཁའ་དབྱིངས་སུ་ལྡིང་བཞིན་མཆིས།
       ཙོང་ཁའི་སྐྱེས་རིའི་དབུ་རྩེར་སྲིད་དུ་རིང་བའི་དར་རྡང་རིང་པོ་ཞིག་འཐེན་ཡོད་པ་དང་། དར་རྡང་གི་དབུས་སུ་གསེར་ཟངས་ཀྱི་རྒྱལ་མཚན་གྱིས་བརྒྱན་པའི་དར་ཤིང་ཞིག་ཀྱང་བསླངས་འདུག་ལ། དར་ཤིང་དེའི་ཉེ་འགྲམ་དུ་ད་དུང་ལ་བཙས་ཆུང་ཆུང་ཞིག་ཀྱང་བསྟད་ཡོད། ཙོང་ཁའི་སྐྱེས་རིའི་རྩེ་མོའི་ནུབ་བྱང་གི་མཚམས་ཀྱི་བསང་ཁྲིའི་སྟེང་དུ་ལྷ་བསང་རྒྱ་ཆེན་པོ་ཞིག་ཕུད་འདུག་ལ། དེའི་ཉེ་གམ་གྱི་ཐང་དུ་ཡང་ལྷ་བསང་རྒྱ་ཆེན་པོ་ཞིག་ཕུད་འདུག ལྷ་བསང་ལ་བལྟས་པ་ཙམ་གྱིས་བསང་ཕུད་དུ་ཡོང་མཁན་གྱི་མི་མང་པོ་ཞིག་ཡོད་པ་ཤེས་ཐུབ། ད་ལྟ་ཡང་ལྷ་བསང་གཏོང་མཁན་དང་རླུང་རྟ་སྤུར་མཁན་གྱི་ཕོ་མོ་རྒན་གཞོན་མང་པོ་རི་རྩེར་འཚུབ་ལོང་ལོང་དུ་འཁོར་ལ། བསང་དུད་སྔོ་ལིང་ལིང་གིས་མཆེད་ཅིང་། རླུང་རྟ་སྐྱ་ཤིང་ཤིང་གི་ལྡིང་།
       ང་ཚོའི་ཕ་ཡུལ་གྱི་གོམས་སྲོལ་རྙིང་པ་ལྟར་ན། སྐྱེས་མ་ཚོས་རི་བསང་མི་གཏོང་ཞིང་ལ་བཙས་ཀྱང་མི་བསྟོད་མོད། དེང་སྐབས་བུ་མོ་ཚོས་རི་བསང་གཏོང་བར་མ་ཟད། ལ་བཙས་ཀྱི་དཔལ་མཁར་ལ་འགོས་ཏེ་མདའ་མདུང་ཡང་བསྟོད་ཀྱིན་ཡོད། གོམས་སྲོལ་རྙིང་པ་ལྟར་ན་སྐྱེས་མ་ཚོས་རི་བསང་མི་གཏོང་ལ་ལ་བཙས་ཀྱང་མི་བསྟོད་པ་ནི་བུད་མེད་ཀྱི་ཐོབ་ཐང་དམན་པ་དང་། མོ་དབང་ཞན་པའི་དབང་གིས་མིན་ཏེ། དེ་ནི་ཕོ་ལས་མོ་ལས་ཀྱི་ལས་རིགས་ཀྱི་དབང་གིས་ཡིན་པར་སེམས། འཚོ་བའི་གོམས་སྲོལ་གྱི་དབང་གིས་སྔོན་ཆད་ཕོ་ལས་མོ་ལས་ཀྱི་དབྱེ་བ་གསལ་ཞིང་། ལས་གང་ཞིག་ཡིན་ཀྱང་ཕོ་ལས་ཕོ་ཡིས་སྒྲུབ་དགོས་ཤིང་། མོ་ལས་མོ་ཡིས་བྱེད་དགོས་པ་དང་། ཕོ་ལས་མོ་ཡིས་སྒྲུབ་ཅིང་མོ་ལས་ཕོ་ཡིས་བྱས་ན་འཇིག་རྟེན་ལ་མགོ་མཇུག་ལོག་འདུག་ཟེར་བ་ཡིན།
       ཙོང་ཁའི་སྐྱེས་རིའི་སྒང་ནས་བལྟས་ན། རྨ་ཆུ་སྔོན་མོའི་ནང་ལུང་དང་ཙོང་ཆུ་སྔོན་མོའི་ཉིན་སྲིབ་ཀྱི་ཡུལ་གྲུ་རྒྱ་ཆེན་པོ་ཞིག་མིག་ལམ་དུ་གསལ་བོར་མངོན་ཡོང་། ཙོང་ཁའི་སྐྱེས་རི་མཐའ་སྐོར་གྱི་རི་བོ་དང་ཆུ་བོ་དག་ནི་གནམ་གྲུ་ལས་གཤམ་གྱི་རི་ཆུ་ལ་ལྟ་བ་དང་མཚུངས་པར་འབའ་འབུར་ལང་ལོང་དང་ཀྱ་ཀྱུའི་སྒོ་ནས་མིག་ལམ་དུ་མངོན་བྱུང་། ཙོང་ཆུའི་ཕྲེང་ཐག་ལ་བརྒྱུས་པ་ལྟ་བུའི་ཕྲེང་རྡོག་སྟེ། ཟི་ལིང་དང་ཕེན་ཨན་སོགས་ཙོང་ལ་རིང་མོའི་རི་རྒྱུད་དང་ཁུ་ནུ་རི་རྒྱུད་ཀྱི་བར་དུ་བདེ་གཤོང་ཆེན་པོ་ཞིག་ལྟར་ཆགས་ཡོད་པ་དང་། གཤོང་ཆེན་དེའི་ནང་གི་སྒང་གཤོང་ཆུང་ཆུང་དེ་དག་ནི་བདེ་གཤོང་ཆེན་པོ་དེའི་སྒལ་ཚིགས་དང་རྩིབ་མ་དག་དང་འདྲ།
       ཙོང་ཁའི་སྐྱེས་རིའི་རི་རྐེད་དུ་ནམ་ལངས་རྗེས། ངས་རི་རྐེད་ནས་རི་རྩེའི་བར་དུ་སྐོམ་ཆུ་ཡི་སྣོད་འགྱིག་གི་དམ་བེ་དང་ཤེལ་གྱི་དམ་བེ། ལྕགས་ཀྱི་དམ་བེ་སོགས་གད་སྙིགས་སྣ་ཚོགས་ཤིག་མཐོང་བྱུང་།སློབ་ཆེན་ལ་རྒྱུགས་སྤྲོད་པའི་སློབ་མ་ཚོའི་ཁྲོད་དུ་དཔེ་ཁུག་ཙོང་ཁའི་སྐྱེས་རིའི་མགོ་ནས་བསྐྱུར་ན་རྒྱུགས་འཕྲོད་པར་འགྱུར་བའི་བཤད་ཡམ་ཞིག་ཁྱབ་པས། རྟེན་འབྲེལ་བསྒྲིགས་པར་དགའ་བའི་སློབ་མ་ཚོས་རང་གི་དཔེ་ཁུག་ཙོང་ཁའི་སྐྱེས་རིའི་མགོ་རུ་བསྐྱུར་འདུག ཙོང་ཁའི་སྐྱེས་རིའི་དབུ་རྩེ་རུ་དཔེ་ཁུག་གི་གད་སྙིགས་ལས་གཞན་ད་དུང་ལྷ་བསང་ཕུད་རྗེས་ཀྱི་གད་སྙིགས་སྣ་ཚོགས་ཏེ། འགྱུག་གི་ཁུག་མ་དང་འགྱིག་གི་དམ་བེ་སོགས་ཀྱང་ཐང་མར་བརྡལ་འདུག གད་སྙིགས་གང་འདོད་དུ་གཡུགས་ཡོད་པའི་རྣམ་པ་འདི་མཐོང་དུས། རི་བསང་གཏོང་དུ་འགྲོ་མཁན་དག་གིས་མཐོན་པོའི་སྒང་ནས་ལྷ་བསང་ཕུད་དེ་སྐྱབས་འཇུག་ཞུས་རྗེས། གནས་དེར་རེ་བ་དང་སྨོན་པ། དད་པ་དང་རྐང་རྗེས་ལས་གཞན་ཅི་ཡང་མི་བསྐྱུར་བའི་འབོད་སྐུལ་ཞིག་ཀྱང་བྱེད་འདོད་སྐྱེས་བྱུང་།
       ཙོང་ཁའི་སྐྱེས་རིའི་དབུ་རྩེར་ལྷ་བསང་ཕུད་དུ་ཡོང་མཁན་གྱི་ཁྲོད་དུའང་ལྷ་བསང་ཕུད་རྗེས་འགྱིག་གི་ཁུག་མ་སོགས་ཕྱིར་འཁུར་ཁུག་ཏུ་བཅུག་ནས་རི་གཤམ་དུ་ཁྱེར་མཁན་འདུག་ལ། ངས་ཀྱང་རི་རྩེ་ནས་ལྷ་བསང་ཕུད་རྗེས་འགྱིག་གི་ཁུག་མ་དང་ཆབ་བུམ་གྱི་དམ་བེ་སོགས་འཁུར་ཁུག་ཏུ་བཅུག་ནས་ཕྱིར་འཁུར་ཡོང་བར་མ་ཟད། ཐ་ན་ལམ་རྐེད་ནས་འཐུང་བའི་སྐོམ་ཆུའི་སྣོད་དང་། རི་རྩེ་ནས་གུང་ཟས་ལ་རོལ་དུས་ཀྱི་ཟས་ཀྱི་ཕྱི་ཐུམ་དང་སྐོམ་ཆུའི་འགྱིག་དམ་སོགས་ཀྱང་འཁུར་ཁུག་ཏུ་བསྡུས་ནས་ཕྱིར་འཁུར་ཡོང་བ་ཡིན།
       ང་རང་ཕྱིར་ཡོང་ནས་འུད་ཆེན་པོས་ཙོང་ཁའི་སྐྱེས་རིའི་སྟེང་གི་གད་སྙིགས་དང་འབག་བཙོག་གི་སྐོར་གླེང་དུས། ནུ་བོས་ང་ལ་ཁྱོད་ཀྱིས་བཤད་པ་དེ་དངོས་གནས་བདེན་པ་རེད། འོན་ཀྱང་གད་སྙིགས་དེ་དག་ནི་དེ་ལྟར་འཇིགས་དངངས་ཆེན་པོ་སྐྱེས་དགོས་པའི་གནད་དོན་ཞིག་ཀྱང་མིན་ཏེ། དེ་ནི་རི་བོ་ལ་མཚོན་ན་སྐྱི་པགས་ཀྱི་ནད་ལྟ་བུ་ཞིག་སྟེ། དེ་རི་བོའི་ཚེ་སྲོག་ལ་གནོད་པའི་ལས་ཚབས་ཆེན་མ་རེད། དེང་སྐབས་རི་བོའི་ཁོག་གི་དོན་ལྔ་སྣོད་དྲུག་ལྟ་བུའི་གཏེར་ཁ་དག་འབྲུ་བཞིན་ཡོད་ལ། རི་བོའི་དོན་ལྔ་སྣོད་དྲུག་དང་མཚུངས་པའི་གཏེར་ཁ་དག་བྲུས་ཚར་ན། ཕྱི་ནས་ཅི་འདྲའི་གཙང་ཞིང་གྲ་དག་ནའང་། རི་བོ་དེ་དག་གི་ཚེ་སྲོག་འགགས་པ་ཡིན། གསོན་ཤུགས་ཟད་པ་ཡིན། དེ་ནི་གནད་དོན་ཞིག་རེད། ད་ལྟའི་དུས་འདིརགནད་དོན་ལ་དཔྱོད་མཁན་དག་གིས་གནད་དོན་གྱི་རྩ་བ་མི་རྟོགས་ཀྱིན་མི་འདུག་ཟེར།
       ནུ་བོས་བཤད་པའི་སྐད་ཆ་དེ་ནི་ངེས་པར་དུ་བསམ་གཞིག་བྱེད་དགོས་པའི་གནད་དོན་ཞིག་གལ་ཆེན་ཞིག་རེད། ཚུལ་འཆོས་ཀྱི་དུས་རབས་འདིའི་ནང་དུ། གཡོ་ཟོལ་གྱི་སྤྱི་ཚོགས་འདིའི་ནང་དུ། འཇོལ་ཉོག་གི་འཁོར་བ་འདིའི་ནང་དུ། “ཤེས་རབ་ཅན”གྱིས་དབང་ཆས་རྒྱུ་ནོར་བསྐྱེད་ཅིང་། “ཐབས་ཤེས་ཅན”གྱིས་རྒྱུ་ནོར་གྱིས་དབང་ཆ་བསྲུངས་དུས། གནས་ལུགས་བརྗོད་མཁན་གྱི་ཡོན་ཏན་པ་དག་ལ་རྒྱུ་འབྲས་ཀྱི་བློ་མིག་ལྡོངས་ཤིང་། དཀའ་སྡུག་བརྗོད་མཁན་གྱི་རྩོམ་པ་པོ་དག་གིས་འགན་འཁྲི་ཡི་འདུ་ཤེས་བོར་འདུག འདི་ལྟ་བུའི་སྤྱི་ཚོགས་ཀྱི་ནང་དུ་མི་ཚོགས་ཀྱིས་རང་ཉིད་སྦས་ནས་འཚོ་དགོས་པ་ཤེས་འདུག་ལ། བཅོས་མའི་རྣམ་ཐར་བསྐྱངས་ན་རླུང་རྟ་ཡར་འགྲོ་ཡིན་པ་ཡང་རྟོགས་འདུག ད་ལྟའི་སྤྱི་ཚོགས་འདིའི་ནང་དུ་མི་རྣམས་ཕན་ཚུན་གདོང་ལ་གདོང་གཏད་ནས་གནས་ཡོད་ཀྱང་། ཕན་ཚུན་གྱི་བར་དུ་བསྐལ་པའི་ལུང་ཆེན་གྱི་བཅད་ཡོད་པས། མི་རྣམས་ལ་ལྷག་བསམ་མེད། བརྩེ་བ་མེད། མཐུན་སྒྲིལ་མེད། རོགས་རེས་མེད། ད་ལྟའི་སྤྱི་ཚོགས་འདིའི་ནང་དུ་མི་རྣམས་ཕྲག་པ་དང་ཕྲག་པ་གཤིབས་ནས་འགྲོ་བཞིན་ཡོད་ཀྱང་། རང་གཞན་གྱི་བར་དུ་སྲིད་པའི་རབ་ཆེན་གྱིས་ཕྱེ་ཡོད་པས། མི་རྣམས་ལ་སྒེར་སེམས་ཆེ། ཧམ་སེམས་ཆེ། གདུག་རྩུབ་ཆེ། འདི་ལྟ་བུའི་སྙིགས་མའི་དུས་ཤིག་སྔོན་ཆད་བྱུང་མྱོང་ཡོད་དམ། འདི་ལྟ་བུའི་སྙིགས་མའི་མི་ཞིག་སྔོན་ཆད་བྱུང་མྱོང་ཡོད་དམ།
       སྤྱི་ཚོགས་ཀྱི་སྟོབས་ཆེན་པོས། དཔལ་འབྱོར་གྱི་རླབས་དྲག་པོས་སྟོབས་ཆུང་དག་ལ་བསམ་དབང་དྲན་དབང་མེད་པར། ཉམ་ཆུང་དག་ལ་འདུག་དབང་སྒུར་དབང་མེད་པར་བསྣུབས་ནས་འགྲོ་བའི་དུས་འདིར། ང་ཚོའི་མི་རིགས་འདི་ལ། ད་དུང་ལས་རྒྱུ་འབྲས་དང་། ཆོས་གནས་ལུགས་ཀྱི་འདུ་ཤེས་ཅུང་ཙམ་ཡོད་པ་འདི་ཡང་། གལ་ཏེ་དུས་ནམ་ཞིག་ལ་རྨེག་མེད་དུ་བཟོས་ཚར་ན། ང་ཚོ་འཛམ་གླིང་ཅན་དུ་གྱུར་པ་ཡིན་ནམ། འཛམ་གླིང་ཅན་གྱིས་ང་ཚོ་དོར་བ་ཡིན།
       ཁམས་གསུམ་ཧྲིལ་གྱིས་མཐོང་བའི་ཡེ་ཤེས་ཀྱི་སྤྱན་མངའ་བའི་ཙོང་ཁའི་སྐྱེས་རི་ལགས། དུས་གསུམ་རྗེན་པར་གཟིགས་པའི་ཟང་ཐལ་གྱི་ཐུགས་བརྙེས་པའི་ཙོང་ཁའི་སྐྱེས་རི་ལགས། ཁྱེད་ཀྱིས་ང་ཚོར་བསྐལ་པའི་ལམ་ཆེན་ཞིག་སྟོན་པའི་དུས་ལ་སླེབས་འདུག ཁྱེད་ཀྱིས་ང་ཚོར་སྲིད་པའི་ཁ་ཆེམས་ཞིག་འཇོག་པའི་སྐབས་ལ་སླེབས་འདུག ཙོང་ཁའི་སྐྱེས་རི་ལགས།

༢༠༢༤ལོའི་སྤྱི་ཟླ༢པའི་ཚེས༡༧ཉིན།
༢༠༢༤.༡༡.༥ཉིན་ཞུས་དག་བྱས།
འབྲེལ་ཡོད་འོས་སྦྱོར།