ལོ་རྡོ་རྗེ་བྲག བཀྲ་ཤིས་རྒྱལ།
རྩོམ་པ་པོ།:བཀྲ་ཤིས་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-02-18
ཀློག་གྲངས།:
ལོ་རྡོ་རྗེ་བྲག
བཀྲ་ཤིས་རྒྱལ།
གཅན་ཚ་ནི་བོད་མི་བུ་རུས་དྲུག་ལས་སྨུག་པོ་ལྡོང་གི་རིགས་ལ་མདོ་སྨད་ཤུལ་ཆེན་བཅོ་བརྒྱད་དང་ཚ་ཆེན་བཅོ་བརྒྱད་སོགས་སུ་དབྱེ་བ་ལས་ཚ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་དུ་གཏོགས་ཤིང་། སའི་ཆགས་དབྱིབས་ཀྱི་དབང་དུ་བྱས་ན་སྲིན་པོ་རིའི་ཉིན་སྲིབ་དང་རྨ་ཆུའི་ཉིན་སྲིབ་ཀྱི་སྤྱི་མིང་ལ་བྱ། ལོ་རྒྱུས་ཐོག་ཏུ་གཅན་ཚ་ཉིན་སྲིབ་གཉིས་སུ་གྲགས་ཤིང་། ཤར་ན་རྡོ་སྦིས་གསེར་མོ་ལྗོངས་དང་། ལྷོ་ན་རེབ་གོང་གསེར་མོ་ལྗོངས། ནུབ་ན་ཁྲི་ཀ་གསེར་མོ་ལྗོངས། བྱང་ན་ཙོང་ཁའི་གསེར་མོ་ལྗོངས། དབུས་ན་གཅན་ཚ་གསེར་མོ་ལྗོངས་ཆགས་ཡོད་ཅིང་། དེང་གི་ཆར་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་ཕྱོགས་སུ་ཡོད་ལ། སྲིད་འཛིན་གྱི་ལྟེ་བ་ནི་མར་ཁུ་ཐང་གྲོང་རྡལ་དུ་ཆགས་ཡོད་པ་རེད། དེ་ལྟར་གཅན་ཚ་རྫོང་མཁར་ནས་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ་བཞི་ཙམ་ཡོད་པའི་སར་བསྐྱོད་ཚེ། ལོ་རྡོ་རྗེ་བྲག་ཅེས་པའི་གནས་འགངས་ཆེན་དེ་བརྗིད་ཆགས་ཤིང་ལྟ་ན་སྡུག་པར་གནས། དེ་ལ་བྲག་ཕུག་ཤིན་ཏུ་མང་པོ་ཡོད་པས་ཏུན་ཧོང་བྲག་ཕུག་ཆུང་བ་དང་གནས་བརྟན་ཆེན་པོ་བཅུ་དྲུག་གི་གྲངས་ཚང་བས་རྣམ་དག་ཚུལ་ཁྲིམས་གླིང་ཞེས་འབོད་ཚུལ་ཡང་ཡོད་པ་རེད། རྨ་ཀླུང་སྔོན་མོ་ནོར་བུ་དགའ་འཁྱིལ་གྱི་ཚུལ་དུ་འབབ་པའི་འགྲམ་རྒྱུད། མགུར་དགོན་པའམ་རྨ་མགུར་རྣམ་རྒྱལ་གླིང་གི་རྒྱབ་ངོས། སྲིན་པོ་རྫ་རྒྱུད་ཀྱི་འདབས་ཞོལ། འཁྱམ་ཚང་སྐྱེས་ལྷའི་མདུན་ལྗོངས་སུ་གཙུག་ལག་ཁང་ཆེན་པོ་ཞིག་གི་རྣམ་འཕྲུལ་གྱིས་བརྗིད་ཆགས་གེར་གནས།
བོད་ཡིག་གི་ལོ་རྒྱུས་དཔྱད་གཞི་ཡིག་རིགས་ཀྱི་ནང་དུ་འཁོད་པ་ལྟར་ན། བོད་དུ་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་པའི་དུས་སུ་དཔལ་ཆེན་ཆུ་བོ་རིའི་སྒོམ་གྲྭ་ནས། གཡོར་སྟོད་ཀྱི་དམར་པཎ་ཤཱཀྱ་མུ་ནི། དྲད་ཆུང་མདོའི་གཡོ་དགེ་འབྱུང་། རྒྱ་རབས་པའི་གཙང་རབ་གསལ་གསུམ་གྱིས་འདུལ་ད་དྲེའུ་ཁལ་ཞིག་བཀལ་ཏེ་མངའ་རིས་སྟོད་དུ་བྲོས། གར་ལོག་ནས་ལམ་ཐོན། ཧོར་ཡུལ་ལ་བྱས། མདོ་སྨད་ལྷོ་ངོས་ཀྱི་བེ་རིའི་ཚ་མཚོ་ནས་ཚུར་བྱོན་ཏེ་རྨ་ལུང་རྡོ་རྗེ་བྲག་ར། ཨན་ཆུང་གནམ་རྫོང་། དན་ཏིག་ཤེལ་གྱི་ཡང་དགོན་སོགས་ན་སྒོམ་ཞིང་ཡོད་པ་ཞེས་གྲགས་པ་ལྟར་བོད་ཡོངས་གཅིག་གྱུར་ལ་དབང་བསྒྱུར་བའི་བཙན་པོའི་བོད་རྒྱལ་མཐའ་མ་ལྷ་སྲས་འུ་དུམ་བཙན་གྱིས་ཆོས་བསྣུབས་པས། དབུས་གཙང་ཆུ་བོ་རི་ནས་མདོ་སྨད་མཚོ་སྔོན་ཡུལ་དུ་བྲོས་བྱོལ་ལ་ཡོང་པའི་བོད་ཀྱི་མཁས་པ་མི་གསུམ་དང་། རྒྱལ་པོ་གླང་དར་མ་འུ་དུམ་བཙན་བགྲོང་མཁན་ལྷ་ལུང་དཔལ་རྡོར་ཡང་བྲོས་བྱོལ་ལ་གནས་འདིར་ཡོང་ཞིང་རྒྱལ་པོ་བགྲོང་བྱེད་ཀྱི་ལྕགས་ཀྱི་མདའ་གཞུ་སྒྲུབ་ཁང་མདུན་གྱི་འབུམ་ཁང་གླས་ཞེས་པར་གཏེར་དུ་བཅུག་ནས་རྡོ་སྤུངས་མཛད། སྦས་པའི་སྒོ་ནས་བྲག་ཕུག་ནང་དུ་སྒྲུབ་པ་ཉམས་ལེན་མཛད་པའི་རྐྱེན་གྱིས། གནས་འདི་ནི་སངས་རྒྱས་བསྟན་པའི་རྗེས་འཇུག་གི་རྗེས་རབས་པ་རྣམས་ཀྱིས་གནས་འགངས་ཆེན་ཞིག་ཏུ་བརྩི་བར་མ་ཟད། “ཕྱི་དར་བསྟན་པའི་མེ་རོ་གསོ་སའི་གནས་མཆོག”གམ“བསྟན་པའི་མེ་རོ་སྨད་ནས་གསོས་ཏེ་སྟོད་ནས་འབར”ཅེས་པའི་སྨད་ནི་འདི་ལ་གོ་བས། བོད་ཀྱི་ལོ་རྒྱུས་ཐོག་ཏུ་སྐད་གྲགས་ཧ་ཅང་ཆེན་པོ་ཡོད།
ཆེན་པོ་ཡོན་རྒྱལ་རབས་ཀྱི་སྐབས་སུ། བྱང་ཕྱོགས་སོག་རྒྱལ་གོ་དན་གྱིས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་ལེང་ཀྲའུ་ཡུལ་དུ་གདན་དྲངས་པའི་ལམ་བར་དུ་གནས་འདིར་ཞབས་ཀྱིས་བཅགས་ནས་འབུམ་ཁང་ཞིག་བཞེངས་མྱོང་ལ། དེའི་ནང་རྟེན་དུ་སངས་རྒྱལ་གླང་པོའི་སྐུ་གདུང་རིང་བསྲེལ་ཕོར་བ་གང་བཞུགས་ཀྱི་འབུམ་ཁང་འཇའ་འོད་མའི་རྟེན་གཙོར་བྱས་ཡོད། གཞན་ཡང་གནས་འདིར་སྤྲེལ་ནག་པ་སྒོམ་ཆེན་འཕྲིན་ལས་ཕུན་ཚོགས། རྒྱལ་བ་བསོད་ནམས་རྒྱ་མཚོའི་ཡོངས་འཛིན་པཎ་ཆེན་བསོད་གྲགས་ཀྱི་སྐུ་སྐྱེ་ཕྱི་མ་སྤྲུལ་སྐུ་བསོད་ནམས་ཡེ་ཤེས། སྐྱིད་ཤོད་སྡེ་བ་བློ་བཟང་རྒྱ་མཚོ། ལ་མོ་ཞབས་དྲུང་དཀར་པོའམ་ཚ་ཀན་ནོ་མོ་ཧན་སྐུ་ཕྲེང་རིམ་བྱོན། གསེར་ཁྲི་སྐུ་ཕྲེང་རིམ་བྱོན། གྲུབ་ཆེན་ལོ་ཁོག་ཐོག་འཛིན་དང་གྲུབ་པའི་དབང་ཕྱུག་ཆོས་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ། ཡབ་རྗེ་སྐལ་ལྡན་པའི་དངོས་སློབ་རོང་བོ་ནི་གུ་གྲུབ་ཆེན་བློ་བཟང་དོན་གྲུབ་དང་རྔ་བ་ཆོས་རྗེ་བཀྲ་ཤིས། ཐར་ཤུལ་ཚང་། རྗེ་ཞྭ་དམར་པ། ཨ་ལགས་བླ་ཁོ་རིན་པོ་ཆེ་ཚང་། ཡང་ཆུང་ཚང་། ཀོའུ་བ་ཚང་སོགས་དང་། སངས་རྒྱས་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་པོ། རེབ་གོང་སྐུ་ཕྱོགས་ཆེན་མོ། རྗེ་བཙུན་ཤེས་རབ་རྒྱ་མཚོ་སོགས་བླ་སྤྲུལ་དགེ་བཤེས་ཆེ་ཁག་གང་མང་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་རྣམ་ཐར་ཡང་ཡོད།
དེ་ལྟར། ས་འཛིན་དཀྱིལ་འཁོར་གྱི་པང་ན། ལུང་བ་ཆེ་ཆུང་གི་སྐེད་ན། རྔམ་བརྗིད་དང་བཅས་མིག་གི་མཐོང་ལམ་དུ་བགྱི་བའི་བྲག་རི་བང་རིམ་ཅན་ཞིག་མཐོང་བ་ནི། མདོ་སྨད་གཅན་ཚའི་ཡུལ་ན་སྙན་པའི་གྲགས་པ་ས་སྟེང་གི་སྐྱེ་བོ་གྲངས་མེད་ཀྱི་ཐོས་འཛིན་གྱི་བུ་གར་བརྒྱུས་པའི་ལོ་རྡོ་རྗེ་བྲག་ཡིན་པ་སུས་ཀྱང་ཤེས་ངེས། ཏུན་ཧོང་བྲག་ཕུག་ཆུང་བ་རུ་འབོད་པའི་ལོ་རྡོ་རྗེ་བྲག་འདིར་སྐུ་གསུང་ཐུགས་རྟེན་བཞེངས་པའི་བྲག་ཕུག་བཅུ་གཉིས་ཡོད་པ་ནི། རྒྱལ་བ་རྡོ་རྗེ་འཆང་གི་ལྷ་ཁང་། སྒོམ་ཆེན་ལྷ་ཁང་། བྱམས་པ་ལྷ་ཁང་། འབུམ་ཁང་འཇའ་འོད་མ། རིགས་གསུམ་མགོན་པོའི་ལྷ་ཁང་། སྒྲོལ་མའི་ལྷ་ཁང་། ཨོ་རྒྱན་ལྷ་ཁང་། མི་ལའི་ལྷ་ཁང་། སྨན་བླའི་ལྷ་ཁང་། མི་འཁྲུགས་པའི་ལྷ་ཁང་། ཚེ་དཔག་མེད་ཀྱི་ལྷ་ཁང་། འདུ་ཁང་ཆེན་མོ། སྐུ་གདུང་རིང་བསྲེལ་ཕོར་བ་གང་བཞུགས་ཀྱི་འབུམ་ཁང་མཆོད་རྟེན་སོགས་ཡིན་ལ། སྣང་རའི་གྲོང་བརྒྱད་ཡུལ་དུ་བྱོན་པའི་ཁྲོ་བོ་བཅུའི་ནང་གསེས་གྲུབ་ཆེན་ལོ་ཁོག་ཐོག་འཛིན་གྱིས་རྡོ་རྗེ་བྲག་སྐེད་དུ་སྐས་བཙུགས་ཏེ་སྒོམ་སྒྲུབ་མཛད་པའི་རྗེས་ཤུལ་གྱི་རི་མོ་མངོན་པར་བཀྲ་བའི་སྒྲུབ་ཁང་ལ་ད་ལྟ་ལོ་ཁོག་སྒྲུབ་ཁང་ཞེས་སྐད་གྲགས་ཡོད་པ་དང་། ལྕང་སྐྱ་སྐུ་ཕྲེང་དང་པོར་གྲགས་པའི་སློབ་མ་སྤྲེལ་ནག་པ་སྒོམ་ཆེན་འཕྲིན་ལས་ཕུན་ཚོགས་ཀྱིས་བྲག་ཕུག་ཅིག་བརྐོས་ཏེ་ནང་རྟེན་དུ་སྟོན་པའི་སྐུ་ཞིག་བཞེངས་ནས་རང་ཉིད་གནས་དེར་མི་ལོ་ཉི་ཤུའི་བར་དུ་སྒྲུབ་པ་རྩེ་གཅིག་ཏུ་གཞོལ་བ། རྔ་བ་ཆོས་སྐྱོང་སྨན་བླ་བཀྲ་ཤིས་ཀྱིས་ཀྱང་གཙུག་ལག་ཁང་དུ་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ། ཕྱིས་སུ་ཆིང་གོང་མའི་དམག་གིས་གཏོར་བ་རྗེ་གསེར་ཁང་བས་ཞིག་གསོ་བརྒྱབ་པ་འདི་དག་ནི་སྤྱི་ལོ༡༩༥༨ལོར་གཏོར་བཤིག་ཚབས་ཆེན་ཐེབས་ཀྱང་། དམ་པ་འདི་དག་གིས་གསར་དུ་བཏོད་པའི་བཞེངས་ཤུལ་ལ་བརྟེན་ནས་སྤྱི་ལོ༡༩༨༡ལོ་ནས་བཟུང་སྟེ། ཞྭ་ཁྲའི་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་དང་། ལོ་ཁོག་ཨ་ལགས་བསྟན་འཛིན། ཡོ་ཆེ་ཨ་ལགས་མཁྱེན་རྒྱ། གླེ་ཆེན་ཨ་ཁུ་དགེ་ལེགས་སོགས་ཀྱི་གཙོ་བཀོད་ལྟར་སྣང་རའི་གྲོང་བརྒྱད་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཞིག་གསོ་དང་ལྷ་ཁང་གསར་དུ་བཞེངས།
ལོ་རྡོ་རྗེ་བྲག་ཞུ་བའི་སྙན་པའི་གྲགས་པ་དེ་ད་ནས་ཡར་དེད་ན་ཧ་ལམ་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྷག་གི་ཡར་སྔོན་ནས་བཟུང་བོད་མདོ་དབུས་ཁམས་གསུམ་དུ་མཆེད་པར་མངོན། དེ་ལྷ་ལུང་དཔལ་རྡོར་གྱི་མདའ་གཞུ་བསྐུངས་ས་དང་། ཁོང་བྲོས་བྱོལ་གྱི་གནས་ཡིན་པའི་ལྷ་སྒྲུང་རང་བཞིན་གྱི་བཤད་ཚུལ་མང་དུ་ཡོད་ཀྱང་། ཁོ་བོས་རྣམ་ཀུན་བྲག་རི་དེ་ནི་ལྷ་ལུང་དཔལ་རྡོར་གྱིཡར་སྔོན་ནས་ཡོད་པ་ཞིག་ལས་ཁོང་འདིར་བྲོས་བྱོལ་དུ་ཕེབས་པ་ནས་ཡོད་པ་ཞིག་ལར་ནས་མིན་པར་འདོད་ལ། དེར་གནས་པའི་སྒོམ་སྒྲུབ་པ་དག་ཀྱང་སྔ་ས་ནས་ཡོད་པ་ཞིག་ལས་དཔལ་རྡོར་སླེབས་པ་ནས་རིམ་བཞིན་བྱུང་བ་ཞིག་ཏུ་ལར་ནས་མི་འདོད། དེ་ན་ལོ་རྡོ་རྗེ་བྲག་ཅེས་པ་དེ་དགོན་སྡེ་ཞིག་གི་ཟུར་ཚད་ནས་བལྟས་ན་བཙན་པོ་རྒྱལ་རབས་སྐབས་མདོ་སྨད་དུ་ཆོས་སྤེལ་གྱི་གཞི་གདིང་སའི་གདན་ས་གལ་ཆེན་ཞིག་དང་སྒོམ་སྒྲུབ་བསྟི་གནས་ཤིག་ཏུ་ངོས་བཟུང་ཆོག
ལྷ་ལུང་དཔལ་རྡོར་མཆོག་ཀྱང་དབུས་གཙང་དུ་ཁྱིམ་རྒྱུད་རང་ག་བ་ཞིག་མིན་པས། མདོ་སྨད་ཡུལ་གྱི་བཙན་པོའི་ཁྱིམ་རྒྱུད་ཀྱི་ཁོངས་གཏོགས་མངའ་གཞིས་ངོས་ཟིན་ཡོད་ལ། ཁོང་རྟེན་རབ་བྱུང་ཡིན་པས་གནས་འདི་ནི་འཁྲུལ་མེད་ཀྱི་གདམ་ག་ཞིག་ཡིན་པ་སྔར་ནས་ཤེས་ཡོད། འོ་ན་ཁ་ཅིག་གིས། དཔལ་རྡོར་གྱིས་བཙན་པོ་བགྲོངས་པས་བཙན་པོའི་མདོ་སྨད་ཀྱི་མངའ་གཞིས་སུ་ཁས་འཆེས་པའི་བྲག་དགོན་འདིར་ཇི་ལྟར་བཞུགས་ཕོད་དམ་ཞེ་ན།
ལན་ནི་མདོ་སྨད་ཀྱི་སྐབས་དེའི་འདུས་སྡེ་མི་སེར་བྱིངས་ནས་དབུས་གཙང་གི་སྡེ་གཟར་དང་ལོ་རྒྱུས་ཁུངས་དག་ཅིག་ངེས་མི་སྲིད་ཅིང་། བཙན་པོའི་ཡུལ་ནས་ཕེབས་པའི་གྲྭ་བཙུན་ཞིག་བྲག་དགོན་འདིར་ཕེབས་ནས་དེ་ལ་བསྙེན་བཀུར་མི་བྱེད་པའི་དཔེ་མེད། ཡང་ན་དཔལ་རྡོར་ཁོང་ནས་ཀྱང་མི་སེམས་འབབ་པའི་གཏམ་སྣ་ཚོགས་ལབ་ཡོད་ཀྱང་སྲིད། ལན་དེ་ཙམ་གྱིས་མི་འོང་ཟེར་ན། སྐབས་དེའི་བོད་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་འཕངས་ཚེ། ནང་པའི་བསྟན་པ་ཉིད་ཕོ་བྲང་ནང་གི་སྲིད་སྐྱོང་གི་ར་བ་དེ་ལས་བརྒལ་ནས་དམངས་ཁྲོད་དུ་དབུ་ཚུགས་ཀྱིན་པ་ན། བོད་དམངས་བྱིངས་ཀྱིས“སྡིག་ཅན”རྒྱལ་པོ་ཞིག་བགྲོངས་པར་འཁང་ར་བྱ་མི་དཔེ་ཁར། མཛུབ་མོས་བསྟོད་པ་དང་དད་པའི་སྤུ་ལོང་གཡོ་བའི་ཚུལ་ཡང་འབྱུང་ངེས།
དབུས་གཙང་དུ་རྒྱལ་པོ་བགྲོངས་མཐར། སྲིད་ཀྱི་ཡོ་ལང་འཁྲིགས། ཆོས་ཀྱི་ཕོན་ཐག་ཆད། དམངས་ལ་བརྡབ་གསིག་འཕེལ། འཁྲུགས་པའི་དུད་ནག་འཕྱུར། ག་ནས་བསམ་ཡང་དཔལ་རྡོར་གྱི་ར་མདར་མངགས་ཏེ་ཁྲིམས་ཆད་ཀྱི་ལས་བགྱི་བའི་དབུགས་ཐག་གིས་ལོངས་མི་འདུག་ཨང་།
ལྷ་ལུང་དཔལ་རྡོར་མདོ་སྨད་ཀྱི་བྲག་དགོན་འདིར་བརྟན་འཇགས་སུ་གནས་གཏན་འཁེལ་བགྱིས། སྒོམ་སྒྲུབ་མཛད། རྒྱལ་པོ་བགྲོངས་པར་སེམས་ཀྱིས་ཉེས་བཤགས་མཛད། ལུང་པའི་ལྷ་སྡེར་ཆོས་ཀྱི་འཁོར་ལོ་བསྐོར། ལྷ་སྡེ་མི་སྡེ་མང་དུ་འཕེལ། བསྟན་བཅོས་མཐོང་དུ་མེད་ཀྱང་ཤུགས་རྐྱེན་ཆེ། རབ་བྱུང་བའི་སྡེ་ལ་མདོ་སྨད་དུ་གསོན་ཤུགས་རྒྱས་པར་འབད། ཕྱིས་ནས་ལྷ་ལུང་དཔལ་རྡོར་ཞེས་པའི་མཚན་དེ་བྲག་རི་བང་རིམ་ཅན་འདིའི་བར་གསེང་གང་རུང་ལ་འཐིམས། འཐིམས་ནས་བྲག་ཅེས་པའི་ཐ་སྙད་དེའང་ད་དྲག་གི་དྲག་ལ་བཅོས། ད་དྲག་པ་ཞེས་པའི་ཨ་མདོའི་ཁ་སྐད་ཅིག་ད་ལྟ་རྒྱུན་འབྱམས་སུ་སྨྲ། དཔལ་རྡོར་ཉིད་བྲག་དགོན་འདིར་བྲོས་བྱོལ་ལ་འོངས་རྗེས“ད་ར་མདའ་མི་འོངས་པ། ད་དྲག་པ”སྟེ་ཉེན་ཁ་མེད་ཅེས་པར་བཟོ་བཅོས་བརྒྱབ། བྱིས་པའི་རྣར་འགྲོ་བའི་བཤད་རྒྱུན་འདིའི་ཤུགས་ན་ལོ་རྒྱུས་ཀྱི་གནས་ཚུལ་དངོས་མ་མང་པོ་ཞིག་གབ་སྦས་བྱས་ཡོད་ཨང་།
གཞུང་ལུགས་དངོས་ལ་འབྲེལ་ན་མང་དོགས་པས་དེ་འབྲེལ་དེ་ག་ཙམ་གྱིས་འཐུས་པར་བྱ། ལྷ་ལུང་དཔལ་རྡོར་གྱི་ཐད་ནས། ང་ལ་རྨོངས་ཚོད་ཀྱི་ངོས་ཟིན་ཅིག་ཡོད། ཁོང་ནི་གྲྭ་བཙུན་གྱི་སྡེའི་དཔའ་བོ་ཞིག་རེད། ཆོས་སྲིད་ཟུང་འབྲེལ་གྱི་རྨང་འདིངས་མཁན་གྲས་རེད། སྲིད་ལ་ཆོས་ཀྱིས་ཁ་ལོ་བསྒྱུར་བའི་སྔོན་བྱོན་སྐུལ་འདེད་པ་ཞིག་རེད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གློ་བུར་འཕོག་ཏུ་འཇུག་མཁན་རེད། ཆོས་ཀྱི་དར་གྱི་མདུད་པའང་རིང་མོར་གྲོལ་དུ་འཇུག་མཁན་རེད། ཁོང་གི་བྱས་ཉེས་ཁོ་རང་གིས་ཀྱང་བློས་དཔོག་ཚོད་མི་འདུག
མི་གཅིག་ལ་དེ་འདྲའི་ནུས་པ་ཡོད་སྲིད་དམ། མི་གཅིག་གིས་དེ་འདྲའི་ལས་སྦྱོར་ནུས་སམ། སྐབས་འདིར་ང་ཚོས་ཕྱོགས་ཁག་དང་སྟོབས་ཤུགས་ཀྱི་ཚོགས་ཞེས་པའི་མིང་བརྡ་ཞིག་བཀོལ་བར་བྱ། ཆོས་བྱེད་མི་སྣའི་སྟོབས་ཤུགས་རེད། ཕོ་བྲང་ནང་གི་ཆོས་པའི་ཕྱོགས་ཁག་རེད། དེ་ནི་ལྷ་ལུང་དཔལ་རྡོར་གྱི་རྒྱབ་རྟེན་དང་རྒྱལ་པོ་བགྲོངས་པའི་སྙིང་སྟོབས་དང་སྤོབས་པ་རེད།
འཇིག་རྟེན་ན་རང་གི་འདོད་བློ་མི་སྐོང་བའི་མི་ཞིག་མེད། རང་གི་སྙན་གྲགས་མི་བསམ་པའི་མི་ཞིག་མེད། རང་གི་ཁེ་ཕན་ལ་དམ་དུ་འབྲེལ་བའི་ཕྱོགས་ཁག་གི་ཁེ་ཕན་མི་གཉེར་བའི་གང་ཟག་སྒེར་བ་ཞིག་མེད། དེ་བས། ལྷ་ལུང་དཔལ་རྡོར་དང་དེའི་ཁ་ཕྱོགས་ཁག་ཀྱང་དེ་བཞིན་ནོ། །
ལོ་རྒྱུས་ནི་མ་གཞི་ནས་རྙོག་འཛིང་ཞིག་མིན། སྐབས་མང་ཤོས་ལ་དེ་རྙོག་འཛིང་དུ་གཏོང་མཁན་ནི་ལོ་རྒྱུས་ཞིབ་འཇུག་པ་དང་དཔྱད་བརྗོད་པ་རེད། ལོ་རྒྱུས་ནི་མཐར་དེད་ན་ལོ་རྒྱུས་མི་སྣ་དང་ལོ་རྒྱུས་དོན་རྐྱེན་གྱིས་གྲུབ། དེའང་མཐར་གཏུག་ན་མི་སེམས་ཀྱི་ཧམ་པ་དང་ཁེ་ཕན་དང་དམ་དུ་འབྲེལ། འདི་གཉིས་མ་ཐེ་བའི་གཏམ་རྒྱུད་ཅིག་ཉན་དུ་མཆིས་སམ།
ལོ་དང་རྡོ་རྗེ་ཞེས་པ་བྲག་རི་འདིར་སྦྱར་དོན་ཅི་ཡིན་ནམ། ཐེ་ཚོམ་གྱི་སྒོ་མོ་ངང་གིས་རྡུང་བའི་ལན་སྟབས་བདེ་ལ། བོད་ཀྱི་ས་མིང་མི་མིང་ཕལ་ཆེ་བ་ཇི་བཞིན། ལོ་ཞེས་པ་ནི་ལོ་རྒྱུས་སུ་སྟོད་ན་རྒྱ་བཟའ་ལོ་བ། བར་ན་ལོ་ཁོག་ལོ་བ། སྨད་ན་ཀ་རིང་ལོ་བ་ཞེས་པ་ལྟར་དབུས་གཙང་ལོ་བའི་མི་རྒྱུད་སྨད་ནས་ཡ་རྫིའི་ཀ་རིང་ལོ་བར་མཆེད་པ་དང་། དེ་ནས་གཅན་ཚའི་ལོ་བར་མཆེད་པ་སྟེ། ལོ་ཁོག་ཐོག་འཛིན་སོགས་ཀྱང་གནས་འདིར་བྱོན་མྱོང་བས་ལོ་ཞེས་ཐོགས་པར་འདོད་ལ། རྡོ་རྗེ་ནི་འགྱུར་མེད་དང་བརྟན་བརླིང་གི་མཚོན་བྱེད་དེ་བྲག་རིའི་ཆེ་བརྗོད་དང་ཆེ་བསྟོད་རེད།
ལོ་རྡོ་རྗེ་བྲག་ཅེས་པའི་བྲག་རི་ཡ་མཚན་ཅན་དེ་མཐོང་ཐེངས་རེར། ངས་དེ་ནས་ལོ་དབར་སྟོང་ཕྲག་གིས་ཆོད་པའི་མདོ་སྨད་ཀན་སུའུ་ཡུལ་གྱི་ཏུན་ཧོང་བྲག་ཕུག་ཅེས་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་པའི་གནའ་དཔེ་ཡིག་རིགས་ཀྱི་གཏེར་མཛོད་ཆེན་མོ་དེ་དྲན་འོང་། དེའང་རང་བྱུང་བྲག་རིའི་བྱིན་རླབས་ལ་བརྟེན་ཤུལ་བཞག་རྒྱུ་ནོར་རྩ་ཆེན་སྤུངས་ས་དང་ཆོས་བྱེད་ཡུལ་གྱར་བ་དག་གི་སྒོམ་སྒྲུབ་བསྟི་གནས་མ་ཡིན། དང་ཐོག་དེའང་ལྷ་ཁང་ངམ་བྲག་དགོན་ཆུང་ངུ་ཞིག་རེད། དེ་ལ་གཞི་བྱས་ནས་རིག་གནས་ཀྱི་གཏེར་མཛོད་ཅིག་ཏུ་གྱུར་བ་རེད།
འོ་ན། ལོ་རྡོ་རྗེ་བྲག་ལ་དེ་འདྲའི་རིག་དངོས་རྩ་ཆེན་མེད་དོན་ཅི། འདི་ལ་ཕྱི་ནང་གི་ཆ་རྐྱེན་མང་པོ་བགྲང་བུ་ཡོད་ཀྱང་། ལོ་རྒྱུས་ས་ཁམས་ཞེས་པའི་ཐ་སྙད་འདིའི་ངོས་ནས་བཤད་ན། ཏུན་ཧོང་ནི་སྐབས་དེའི་རྒྱ་བོད་སོགས་གསུམ་གྱི་བརྒྱུད་འབྲེལ་ས་གནས་གལ་ཆེན་ཞིག་རེད།གཡུལ་བཤམས་པ་དང་སྲིད་ཀྱི་ཆོ་ལོ་རྩོད་པར་གཡོལ་བ་དག་གི་སྦས་སྐུང་བྱ་ས་དང་སེམས་ཀྱི་མཐར་ཐུག་གི་བདེ་བར་སྙེག་པ་དག་གི་འགྲུལ་བཞུད་ཀྱི་ལམ་སྣེར་གྱུར། དེ་ལ་དཔག་ན། ལོ་རྡོ་རྗེ་བྲག་ལ་བཟང་ངན་གང་རུང་གི་ཆ་རྐྱེན་གྱིས་མི་འདང་།
མདོར་ན། རྨ་ཀླུང་རྡོ་རྗེ་བྲག་ར་འདི་ནི་བོད་ཀྱི་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་གྱི་རྡོ་རྗེ། བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྲས་ཀྱི་ས་པཎ་ཀུན་དགའ་རྒྱལ་མཚན་སོགས་རིམ་པར་བྱོན་མྱོང་བའི་གནས་བྱིན་རླབས་ཅན་ཡིན་པས། དམ་ཆོས་བདུད་རྩིའི་ཆབ་རྒྱུན་སླར་ཡང་སོས་པ་ནས་ཤིན་ཏུ་རྒྱས་པའི་མདོ་སྨད་ཤེས་རིག་གི་བཙན་རྫོང་ཉག་གཅིག་ཡིན་ལ། བསྟན་འཛིན་གྱི་སྐྱེས་དུ་གང་མང་འདི་ནས་ཕྱོགས་སུ་ཐོར། རིས་མེད་ཀྱི་གྲུབ་མཐའ་ཀུན་ལ་མཆེད། རྨ་ཀླུང་རིང་མོའི་དོལ་ཁུག་གི་མུ་ཏིག་རྡོག་གཅིག སྡིག་སྤངས་དགེ་སྒྲུབ་ཀྱི་མཚན་དཔེ་འབར་བ་ཞིག ཆོས་ཀྱི་བྱིན་རླབས་ཀྱིས་ནང་སེམས་ཀྱི་མི་གཙང་བར་བྱབས་ཁྲུས་བྱེད་གནས། སེར་མོའི་རྣམ་དག་གི་ཆོས་རྒྱུན་མཐུད་ས། སྐྱ་བོའི་མི་ཆོས་ཀྱི་འགོལ་ལམ་སེལ་ས། དད་ལྡན་སྒང་བོད་སེར་སྐྱ་བྱིངས་ནས་རེ་བའི་ས་བོན་བསྐྱར་དུ་བཙལ་ཏེ། དུས་ཀྱི་བཤུལ་ལམ་རིང་མོའི་འགག་འཕྲང་ལ་འཕྲད་ཀྱང་། དཔའ་མི་ཞུམ་པར་མདུན་ནས་མདུན་དུ་བསྐྱོད་ངེས་པའི་ཡིད་ཆེས་ཀྱི་རྡོ་རྗེ་བྲག་རི་ཞིག
དེ་ན། ལོ་རྡོ་རྗེ་བྲག་ནི་ལྷ་ལུང་དཔལ་རྡོར་ཞེས་པའི་ལོ་རྒྱུས་མི་སྣ་དེ་གཅིག་པུས་མཚོན་ཆོག་པ་ཞིག་མ་རེད། ལོ་རྡོ་རྗེ་བྲག་གི་འདས་དང་མ་འོངས་ད་ལྟ་གསུམ། ལས་དབང་དང་སྐྱིད་སྡུག་གི་འཕོ་འགྱུར་ཅིག་ལ་དམ་དུ་འབྲེལ་འདུག སྐྱིད་སྡུག་འདི་ང་ཚོས་ལོ་རྡོ་རྗེ་བྲག་བརྒྱུད་ནས་གླེང་དགོས། ལས་དབང་འདི་ང་ཚོས་ལོ་རྡོ་རྗེ་བྲག་བརྒྱུད་ནས་འཛིན་དགོས།
ལྷ་ལུང་དཔལ་རྡོར་གྱི་ལོ་རྒྱུས་ནི་གདམ་ག་ཞིག་རེད། གདམ་ག་དེ་ནི་བསླབ་བྱ་ཞིག་རེད། དེ་ནི་ཁོས་དང་ཐོག་མ་ངེས་པ་ཇི་ལྟར་ང་ཚོས་ད་ལྟའང་ཤེས་ཀྱིན་མེད། བྱ་བའི་འཇུག་ལྡོག་གང་ལའང་སྔ་འདང་ཞིག་དང་ཕྱི་འདང་ཞིག་རྒྱག་དགོས་ཨང་།
ཞོགས་པའི་ཉི་རྩེས་བྲག་རིའི་བང་རིམ་རེ་རེ་གཙང་ཕྱགས་བྱས་ནས་འོང་དུས། ལོ་རྒྱུས་ཀྱི་གླེགས་བམ་མཐུག་པོ་ཞིག་ང་ཚོའི་སྤྱན་སྔར་འགྲེམ་ཀྱིན་པའི་སྣང་བ་སྟེར། སྲོད་ཀྱི་མཚམས་སྤྲིན་ཀློང་ནས་ཉི་ནུབ་ཀྱི་ཟེགས་འོད་བྲག་རིའི་བང་རིམ་གྱི་བར་གསེང་རེ་རེར་འཛུལ་དུས། ངས་ལོ་རྒྱུས་ཤིག་གི་ལ་རྫོགས་ཤིག་བཀོད་ཟིན་པ་ཚོར་འོང་ཞིང་། སང་ཉིན་གྱི་ལོ་རྒྱུས་ནི་རང་གི་ལག་ཟུང་གཉིས་ལ་བརྟེན་ནས་འབྲི་བཞེངས་དགོས་པའི་བྲེལ་འཚུབ་ཅིག་ཀྱང་ལངས་ཀིན་འདུག
རྩོམ་ཁུངས། ༢༠༢༤ལོའི«གསེར་མོ་ལྗོངས»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།