logo

༄༅། །སྒོ་བསྟོད་མཆོག་ལྡན་མ།

རྩོམ་པ་པོ།:ལྟག་ཨོ་རྒྱན་ཆོས་འཕེལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-03-20 ཀློག་གྲངས།:
༄༅། །སྒོ་བསྟོད་མཆོག་ལྡན་མ།(ཚན་བཤུས།)
ལྟག་ཨོ་རྒྱན་ཆོས་འཕེལ།
 
       སྒོ་དེའི་སྒོ་ལྷ་རྫིག་རྫིག་པོ། །སྐུ་ལ་ཟངས་ཀྱི་གོ་ཁྲབ་བཞེས། །དབུ་ལ་ཉི་མ་ཟླ་བས་བརྒྱན། །བྲང་ངོས་ལྕགས་ཀྱི་མེ་ལོང་ལ། །ས་བོན་གཡུང་དྲུང་རི་མོ་ཅན། །ཕྱག་གཡས་སྡིག་པ་ར་ཙ་དང་། །གཡོན་དུ་འཆིང་བྱེད་ཞགས་པ་འཛིན། །ཆིབས་པ་གཡོན་རྒོད་གྭ་པ་ཅན། །ཞབས་འོག་དགྲ་བགེགས་གནོད་པ་དང་། །འབྱུང་བའི་གནོད་པ་ཅི་ཡོད་མནན། །ཕྱི་ཡི་དགྲ་བོ་ཕྱི་ལ་འགོག །ཕྱི་ཡི་གནོད་པ་ཕྱི་ལ་བཟློག །ཕྱི་ཡི་དགྲ་བགེགས་ཕྱི་ལ་རྡུང་། །ནང་གི་མི་ཚང་སྲུང་བ་དང་། །ནང་གི་བདག་པོ་སྐྱོང་བ་དང་། །ནང་གི་ཕྱྭ་གཡང་དམ་པོར་བྱེད། །དེ་འདྲ་སྒོ་ཡི་ལྷ་དེ་ལ། །བསྟོད་པའི་བསྟོད་གླུ་སྙན་མོ་ལེན། །སྒོ་དེའི་སྒོ་ཀ་བརྟན་པ་ལ། །གནམ་ས་བར་གྱི་ཀ་བ་ཡིན། །ཀ་བ་ནམ་ཡང་མ་འགྱེལ་བ། །བདག་པོའི་ཚེ་སྲོག་བརྟན་པར་ཤོག །ཀ་དེའི་ཀ་རྡོ་སྲ་བ་ལ། །སྲིད་པ་ཆགས་པའི་རྡོ་རྒན་ཡིན། །སྲིད་པ་ནམ་ཡང་མ་འཇིག་པར། །ཀ་རྡོ་ཀ་ལ་འཐོབ་པར་ཤོག །སྒོ་དེའི་སྒོ་ཁང་བརྗིད་པ་ལ། །གྲུ་བཞི་གཡུང་དྲུང་རང་འཁོར་ཅན། །མི་རབས་རྒྱུན་མི་ཆད་པ་ཡི། །རྟེན་འབྲེལ་དགའ་འཁྱིལ་རང་འཁོར་ཤོག །སྒོ་དེའི་སྒོ་ཁེབས་བརྟན་པ་ལ། །གདེངས་ཀ་གདུགས་ཀྱིས་སྤྲས་པ་ཅན། །ཉེར་སྤྱོད་འབྲས་བུ་རྫོགས་མེད་པར། །སྒོ་ཡི་ཐོད་ནས་འཛར་འཛར་བ། །སྒོ་དེའི་སྒོ་དར་དར་བ་ལ། །བསོད་ནམས་གཡང་གི་ལྷབ་ལྷུབ་ཅན། །སྒོ་དར་ཚོན་སྣ་ལྔ་ལྡན་ནས། །འབྱུང་བ་མི་འཁྲུགས་རྟག་ཏུ་བདེ། །སྒོ་དེའི་སྒོ་ཐེམ་མཐུག་པ་ལ། །མི་འགྱུར་རྡོ་རྗེའི་རྒྱ་གྲམ་ཅན། །ཁྱིམ་ཚང་བརྟན་ལ་བདག་པོ་བདེ། །ནམ་ཡང་ཡ་ཡོ་མ་ཡོད་དོ། །སྒོ་དེའི་སྒོ་རུ་མཛའ་བ་ལ། །ཕྱོགས་བཞི་རུ་བཞི་དམ་པོ་ཅན། །ཕྱོགས་ལས་མི་མཐུན་མེད་པ་ཡི། །ཐམས་ཅད་མཐུན་པར་བྱེད་གྱུར་རོ། །སྒོ་དེའི་སྒོ་གླེགས་ཆེ་བ་ལ། །རུས་སྦལ་རྗེ་བོའི་ཤུན་སྐོགས་ཅན། །ས་དགྲ་ཆུ་དགྲ་མེ་ཡི་དགྲ། །དགྲ་རྣམས་མ་ལུས་དེ་ཡིས་བཟློག །སྒོ་དེའི་སྒོ་ཤན་འཐས་པ་ལ། །ལྕགས་ཀྱི་གོ་ཁྲབ་གསོལ་བ་སྟེ། །ཡོད་པ་ཇེ་ཡག་བཟོ་བ་དང་། །དམ་པོ་ཇེ་དམ་བཟོ་བ་དང་། །བཙན་པོ་ཇེ་བཙན་བཟོ་བ་དང་། །བརྟན་པོ་ཇེ་བརྟན་བཟོ་བ་དང་། །མཐུན་པོ་ཇེ་མཐུན་བཟོ་བ་ཡིན། །སྒོ་དེའི་སྒོ་ལྕགས་བཙན་པ་ལ། །གླིང་ཆེན་ལྕགས་རི་ལས་ཀྱང་བཙན། །ནང་གཡང་ཕྱི་ལ་མི་ཤོར་བ། །ཕྱི་དགྲ་ནང་ལ་མི་གཏོང་བ། །སྒོ་དེའི་སྒོ་ཁྱི་ངར་བ་ལ། །སྤུ་ཁ་བཟང་ལ་རྫིག་སྐད་ཅན། །སྒོ་དང་སྒོ་ཕྱུགས་སྲུང་མཁས་པ། །ནོར་དང་མི་ཡང་ལྷན་དུ་སྲུང་། །སྒོ་དེའི་སྒོ་ར་ཡངས་པ་ལ། །དཔལ་གྱི་ཀུན་དགའ་ར་བ་ཅན། །སྐྱེད་ཚལ་ལྷ་ཡི་འདུ་ར་ན། །བཀྲ་ཤིས་རྟགས་བརྒྱད་རང་ཤར་བ། །སྒོ་དེའི་སྒོ་ལམ་བདེ་བ་ལ། །ཡུག་ཏུ་འཇམ་དར་ས་སྟན་ཅན། །སུ་འགྲོ་སུ་ནི་དགའ་བ་དང་། །སུ་འོང་སུ་ནི་སྤྲོ་བ་ཡིན། །དེ་བཞིན་རིན་ཆེན་སྒོ་ཆེན་ལ། །བསྟོད་པའི་མེ་ཏོག་རེ་རེ་གཏོར་དང་། །བསྟོད་པའི་ཚིག་བཟང་རེ་རེ་བསྐུར་དང་། །བསྟོད་པའི་མཆོད་པ་རེ་རེ་འབུལ་དང་། །དེ་བཞིན་གསེར་འདྲའི་དངོས་གྲུབ་རེ། །སྒོ་ཁར་ཡོད་པ་ཐེ་ཚོམ་མེད། །ཤར་སྒོ་ལྷོ་སྒོ་བྱང་གི་སྒོ། །ནུབ་སྒོ་ལས་སྒོ་དབུས་ཀྱི་སྒོ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །འཕྲིན་ལས་སོགས་ནི་རླུང་ལྟར་གཡོ། །ཞི་བའི་སྒོ་དང་རྒྱས་པའི་སྒོ། །དབང་གི་སྒོ་དང་དྲག་པོའི་སྒོ། །ལས་རྣམས་མ་ལུས་མངོན་འབྱིན་པའི། །སྒོ་ཡི་ཆེ་བ་བླ་ན་མེད། །རིན་ཆེན་སྒོ་ཡི་ནམ་མཁའ་ལ། །བྱ་རྒྱལ་ཁྱུང་གིས་གར་རྩེན་པ། །རིན་ཐང་ཆེ་བའི་ནོར་བུ་གང་། །སྦྲང་ཆར་བཞིན་དུ་འབེབས་ནས་བྱུང་། །དེ་འདྲའི་ཁྱུང་གི་སྒོ་རྒྱན་ལ། །བསྟོད་པའི་བསྟོད་ར་འདི་ནས་གཏོང་། །རིན་ཆེན་སྒོ་ཡི་སྒོ་ཐོད་ཀྱི། །གཡུ་ཡི་གཞོང་པའི་ནང་སྙིང་དུ། །རྡོ་དཀར་མང་པོ་སྤུངས་སེ་སྤུང་། །དེ་ནི་རིན་ཆེན་ནོར་བུ་དང་། །ཁྱད་དུ་འཕགས་པའི་གཡང་རྫས་ཡིན། །དེ་ལས་མི་རྣམས་འབྱོར་ཕྱུག་པ། །རྣམ་ཐོས་སྲས་ཀྱི་གོ་འཕང་རེག །དེ་འདྲའི་གཡུ་གཞོང་རྡོ་དཀར་ལ། །བསྟོད་པའི་བསྟོད་ར་འདི་ནས་གཏོང་། །རིན་ཆེན་སྒོ་ཡི་ཡ་ཐོད་ལ། །གཡུ་རལ་ལེགས་པོ་ངོམ་པ་ཡི། །གངས་ཀྱི་སེང་གེ་བདུན་གྱིས་བརྒྱན། །མི་འཇིགས་སེང་གེའི་ང་རོ་ནས། །ཕྱོགས་ལས་རྣམ་པར་རྒྱལ་བ་དང་། །ཁམས་གསུམ་དབང་དུ་འདུ་བ་ཡིན། །དེ་འདྲའི་གངས་སེང་དཀར་མོ་ལ། །བསྟོད་པའི་བསྟོད་ར་འདི་ནས་གཏོང་། །རིན་ཆེན་སྒོ་ཡི་སྒོ་སྒྲོམ་ལ། །རྒྱན་དྲུག་ཕར་ཕྱིན་དྲུག་གིས་བརྒྱན། །པད་མ་ཆོས་བརྩེགས་ནོར་བུ་དང་། །རྡོ་རྗེའི་གཡུང་དྲུང་ལྕགས་རི་བཅས། །དེ་ནི་སྦྱིན་པ་ཚུལ་ཁྲིམས་དང་། །བརྩོན་འགྲུས་ལ་སོགས་བསྟན་པས་ན། །རྒྱན་དྲུག་སྒོ་ནི་ཁྱད་དུ་འཕགས། །དེ་འདྲའི་ཕུལ་བྱུང་སྒོ་ཆེན་ལ། །བསྟོད་པའི་བསྟོད་ར་འདི་ནས་གཏོང་། །དེ་རིང་སྒོ་བསྟོད་མཆོག་ལྡན་མས། །དངོས་གྲུབ་ཀུན་ལ་ཉེ་བར་མཛོད། །དཔལ་འབྱོར་ཡོད་དགུ་གཉེར་བར་མཛོད། །འདོད་པའི་སྒོ་རྣམས་གང་བར་མཛོད། །
 
རྩོམ་ཁུངས། ལྟག་ཨོ་རྒྱན་ཆོས་འཕེལ་གྱི་གླིང་སྒྲུང་གསར་པ«འཁྱུག་གླིང་གཡུལ་འགྱེད»ལས་བཤུས།
འབྲེལ་ཡོད་འོས་སྦྱོར།