logo

བྱ་གཞུང་དབྱངས་བྷའི་སྙན་ངག་གསར་པ། ཕ་གཞིས། ༢༠༢༢ལོ།

རྩོམ་པ་པོ།:བྱ་གཞུང་དབྱངས་བྷ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-03-27 ཀློག་གྲངས།:
ཕ་གཞིས། ༢༠༢༢ལོ།
བྱ་གཞུང་དབྱངས་བྷ།

༢༠༢༢ལོའི
ས་ག་ཟླ་བའི་ཚེས་པ་ཉེར་གསུམ་གྱི་མཚན་དཀྱིལ་དུ
མགོ་ཐོག་གི་ནམ་མཁའ་གློ་བུར་ཆག་སོང
སའི་གོ་ལའི་ཤར་ཕྱོགས་ཀྱི
གངས་རི་ར་བའི་ཡང་ཤར་ཕྱོགས་ཀྱི
སིལ་སྡོང་ཆེན་པོ་སྐྱེས་ཡོད་པའི་སྒོ་ར་རྙིང་པ་དེ་སྟོང་པར་གྱུར་སོང
ཨ་ཕ་ཞེས་པའི་མིང་བརྡ་དེའང
མིད་པའི་ནང་ལ་ཕྱིར་ལོག་སོང

རྐང་ལག་གི་སེན་མོ་དག་རྩད་ནས་ཆད་པས
ཤ་རྣམས་ཐད་ཀར་འཚོ་བ་ལ་ཐུག་ནས་བྱུང
འཚོ་བ་ནི་ཐད་ཀར་འཆི་བ་ལ་ཐུག་ནས་བྱུང
འཆི་བ་ཨང རྡོ་བ་ལ་ཚ་དྲོད་མེད་པ་ཇི་བཞིན
རླུང་བུ་ལ་རྩ་བ་མེད་པ་ཇི་བཞིན
ནམ་མཁའ་ལ་ཀ་བ་མེད་པ་ཇི་བཞིན
འཁྱག་ཅིང་རེངས ཡང་ཞིང་འཕྱོ སྟོང་ཞིང་སང

༢༠༢༢ལོར
མེ་ཏོག་གློ་དམར་དེ་ལྷ་སའི་ཉི་འོད་ཀྱིས་ཀྱང་སྐྱོབ་ཐུབ་མ་སོང
ཤུལ་དུ ཉོབ་མདངས་ཀྱིས་ཤར་བའི་ལྷ་སའི་ཉི་མ་ནི
གསེར་གྱི་བུམ་པ་སྟོང་པ་ཞིག་དང་འདྲ
སྟོང་པ སྟོང་པ
ནང་དུ་འཇོག་རྒྱུ་མི་རྙེད་པའི་བར་སྟོང་མུ་མཐའ་བྲལ་བ་དེ་ཨང

ཚ་གསུར་བཏང་སྟེ
འདི་ཕྱི་གཉིས་ལ་བར་ཐག་མེད་པར་བྱས
གནམ་གྲུས་ཀྱང་བསྐྱུང་མ་ཐུབ་པའི
འདི་ཕྱིའི་སྟོང་ཆའི་ནང་དུ
ཚ་གསུར་གྱི་དུ་བ་ཡང་ཡང་བསྐྱིལ

༢༠༢༢ལོར
ནང་མི་ཚོའི་དགེ་སྒྲུབ་མཆོད་འབུལ་གྱི་འདུ་འགོད་རྗེས་སུ
སྒོ་རའི་ནང་དུ འབུ་སྲིན་གྱི་བེམ་རོ་ནག་ཐ་རེར་འདུག
རྡོག་པས་མ་བརྫི་བའི་ཡར་སྔོན་དུ
བེམ་རོ་དེ་དག་ལ་བདག་པོ་རེ་རེ་ཡོད་ངེས
འཚོ་ཚིས་ལ་འདུར་གྱིན་ཡོད་ངེས
འཚོ་ཚིས་སྙེག་པའི་ལམ་བར་དུ
བེམ་རོར་གྱུར་པ་ཡིན་ངེས།

༢༠༢༢ལོར
དཔེ་ཀློག་མཚམས་བཞག་སྟེ
ཨ་མའི་སྐྲ་དཀར་གཉེར་རིས་ཞིབ་ཀློག་བྱས
ཨ་མའི་སྐྲ་དཀར་གཉེར་རིས་ནི་ཕ་གཞིས་ཀྱི་ལོ་རྒྱུས་དེབ་ཐེར་ཏེ
བལ་གདན་སྟེང་ཁ་སྦུབ་ཏུ་ཉལ་ཏེ་གླིང་སྒྲུང་ཀློག་པའི་ཉིན་མོ་དེ་དག
སྣུམ་སྒྲོན་འོག་ནས་གནའ་གཏམ་ལ་ཉན་པའི་མཚན་མོ་དེ་དག
དཀར་ཁུང་ལས་འཕྲོས་ཡོང་བའི་ཉི་ཟེར་ལྟར
ད་དུང་གམ་ན་ཡོད་ཡོད་འདྲ་བྱུང
ཡོད་ཡོད་འདྲ་བྱུང

ཨ་མའི་མ་ཎི་འདོན་དབྱངས་ལ་ཉན་སྡོད་དུས
ང་རང་གཞི་ནས
རང་ཉིད་ཀྱི་སྟེང་དུ་འབབ་ཀྱིན་ཡོད་པ་ཚོར
རྒྱང་རིང་རྒྱང་རིང་ཞིག་ལ་ཕྱིན་ཡོད་པར་རློམ་པ་དེ
ཨ་མའི་སྐྲ་དཀར་གཉེར་རིས་གསེབ་ལ་ལོག་སྟངས་ཤིག་ཡིན་འདུག
རིགས་པའི་གཞུང་ལུགས་སྣ་ཚོགས་ལ་གོ་བ་སྐྱེས་ཡོད་པར་རློམ་པ་དེ
ཨ་མའི་སྐྲ་དཀར་གཉེར་རིས་ལ་གོ་བ་སྐྱེ་སྟངས་ཤིག་ཡིན་འདུག

༢༠༢༢ལོར
ཁང་པ་ནི་བུ་ལོན་གྱིས་བརྩིགས་པའི་བཙོན་ར་སྟེ
ནང་ལོགས་སུ མི་རྣམས་ནི་སྒྲོག་ཅེའམ
སྒྱེ་མོའམ འབག་སྐུའམ གོས་སྒམ་བཞིན་བཞག་སྟེ
ཁང་པའི་ཕྱི་རོལ་དུ
ནད་ཡམས་ཀྱིས་གཡོ་སྒྱུ་ཁྲམ་གསུམ་གྱོན་ནས
ཉི་འོད་ལམ་ལམ་ཁྲོད་དུ་རྡོག་བྲོ་འཁྲབ་བཞིན་མཆིས

ཨ་མ་ངེད་གཉིས་ཀྱིས
འདི་ཕྱིའི་རས་ཡོལ་ངོས་སུ
ཞལ་རས་གཟི་མདངས་ཅན་དེ་འབྲི་བཞིན་བསྡད

རྩོམ་ཁུངས། ༢༠༢༥ལོའི«མི་རིགས་ཀྱི་རྩོམ་རིག»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།