logo

དཔལ་མོ་རྒྱལ་གྱི་ལྷུག་རྩོམ་གསར་པ། བག་རྟ་ངང་དཀར།

རྩོམ་པ་པོ།:དཔལ་མོ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-04-17 ཀློག་གྲངས།:
བག་རྟ་ངང་དཀར།
དཔལ་མོ་རྒྱལ།

       ལྷ་དེ་ཨ་སྔོན་དགུང་དུ་འཁྲུངས། མི་དེ་དོག་མོ་ས་རུ་སྐྱེས། རིགས་དང་མཐོ་དམན་ཆེ་ན་ཡང་། ཉི་ཟླ་གནམ་ལ་ཤར་བ་དེ། འོད་ཟེར་ས་ལ་འཕྲོ་བ་བཞིན། ལྷ་དང་མི་གཉིས་གཉེན་དུ་བསྡེབས། བསྡེབས་པའི་སྲོལ་དེ་གནའ་ནས་བྱུང་།
       ལྷ་ཡི་བུ་མོ་མི་ཡི་བག་མར་གྱུར་བའི་དུས་ན་ལྷ་རྟ་ངང་དཀར་ལྷ་ཡི་བུ་མོའི་གྲོགས་སུ་ཡོད། མི་ཡི་བུ་མོ་གཞན་ཡུལ་འགྲིམ་པའི་དུས་ནའང་བག་རྟ་ངང་དཀར་མི་ཡི་བུ་མོའི་གྲོགས་ན་ཡོད།
       འོ། དཀར་བོ་དུང་གི་སྒོ་ང་འདྲ་བ་འདི། མ་བུ་མོ་གནས་ལ་འགྲོ་བའི་བག་རྟ་རེད། ཞོན་ན་གཡང་གི་སྒོ་མོ་འབྱེད་པར་གྲགས། གཞིས་ཀྱི་གཡང་དེ་མི་ཉམས་འཕེལ་བའི་རྟེན་འབྲེལ་དང་བྱེས་ཀྱི་སྐྱིད་དེ་མི་རྒུད་རྟག་པའི་རྟེན་འབྲེལ་ཡོད། རྟ་འདོ་བ་ངང་དཀར་ཅན། ལྷ་དཀར་པོ་ལྟ་བུའི་བསམ་དོན་འགྲུབ་པའི་རྟགས། བདུད་ནག་པོ་ལྟ་བུའི་བར་ཆད་སེལ་བའི་རྟགས། གཞི་གར་བསྡད་ས་ལ་བཀྲ་ཤིས་ཤིང་བྱེས་གར་བསྐྱོད་ཡུལ་ལ་ཁ་ལས་དགེ། བག་རྟ་ངང་དཀར་གྱིས་སྲིད་པའི་མཐུན་འཇུག་གི་བཀྲ་ཤིས་ཁ་གཡང་དེ་འཁུར་ཡོད། དཀར་བོ་དགེ་ལས་ཀྱི་རྟགས་དང་རྟེན་འབྲེལ་དེ་ཚང་ཡོད། སྒ་ཁྲ་ཁྲ་ཅན་གྱི་ངང་བ་དཀར་བོའི་མདངས་ཅན། རྔོག་མ་དར་གྱི་སྐུད་པ་དང་མཇུག་མ་བྲག་གི་རྦབ་ཆུའི་བཟོ་ལྟ་ཅན། རྟ་བརྒྱའི་ཁྲོད་ཀྱི་མཛེས་པའི་ཕུད་དེ་ཡིན། འདིར་དཀར་པོ་གངས་ཀྱི་བརྗིད་ཅིག་ཡོད། དཀར་པོ་འོ་མའི་མདངས་ཤིག་ཡོད། འདི་ལ་ད་དུང་། གཡང་མོ་ལུག་གི་ཞི་དུལ་ཡོད། རྨ་བྱའི་མདོངས་ཀྱི་སྤུ་མདངས་ཡོད། གསེར་མིག་ཉ་མོའི་འཁྱུག་རྩལ་ཡོད། བྱ་རྒྱལ་ཁྱུང་གི་འཕུར་རྩལ་ཡོད། འཁོར་ལོས་བསྒྱུར་བའི་རྒྱལ་བོ་ཡི་རྟ་མཆོག་ནོར་བུའི་ཁུར་ཅན་གྱི་བཀྲ་ཤིས་རྟེན་འབྲེལ་དེ་ཡང་ཡོད། འདིར་ཞོན་པའི་བཅོ་ལྔའི་ལང་ཚོ་ཅན། གདོང་སྐྱེ་ཡག་པད་མའི་ཁ་དོག་ཅན། གོས་སྣ་ལྔའི་ཁ་དོག་ལུས་ལ་མནབས། གཡུ་བྱུ་རུའི་རྒྱན་ཆ་སྐེ་ལ་བཏགས། དབུ་སྐྲ་ལོ་ལན་བུ་སིལ་མར་བསླས། དུང་རལ་བ་ཅན་གྱི་རྟེན་འབྲེལ་སྒྲིག གཞིས་གཡང་གི་ཁྱིམ་ལ་བྲལ་བའི་ཉིན། རྩྭ་མཉེན་མོ་མགོ་ཡི་ཆུ་ཐིགས་བཞིན། མིག་མཆི་མའི་ཕྲེང་གི་མུ་ཏིག་དེ། རྟ་འདོ་བའི་རྔོག་མར་འཐིམ་ནས་ཡོད། འོ། མ་བུ་མོ་གནས་ལ་འགྲོ་བའི་ལས་དབང་ཅན། རྟ་འདོ་བའི་གོང་ན་སྙིང་རེ་རྗེ། དུས་དེ་རིང་གཞན་ཡུལ་འགྲིམ་ཉིན་ལ། ལམ་སྐྱ་མོ་གཅོད་པའི་འགྲོ་རོགས་ལ། རྟ་ངང་དཀར་ཁྱེད་ཀྱི་སྨྲེང་རོགས་ཡིན། ཕ་བློ་ཁོག་ཅན་གྱི་ཤེས་རྒྱ་དང་། མ་བྱམས་བརྩེ་ཅན་གྱི་དྲོད་ཁོལ་གཉིས། ནང་ཕུ་ནུའི་བརྩེ་འདང་ཟབ་མོ་གསུམ། རྟ་འདོ་བ་ངང་དཀར་ཅན་ལ་ཡོད།
       འདི་ལམ་ལ་ཆས་དུས། སྐྱེ་བོ་གཡུལ་ལ་ཆས་པ་བཞིན། འཁོར་གསུམ་ཆས་ཀྱི་མཚོན་ཆ་མེད། སྡང་དགྲ་གནོན་པའི་ཞེ་སྡང་མེད། སྤྱན་རྩ་བྱུ་རུའི་དམར་མདངས་མེད། ཁམས་གསུམ་ཟིལ་གནོན་དབང་སྡུད་དང་ལས་ཀྱི་དྲག་ཤུགས་དེ་ཡང་མེད།
       འདི་གཞི་ལ་སླེབས་དུས། བླ་མ་སེར་ཞྭ་སླེབས་པ་བཞིན། དཀར་མོ་རྒྱང་གྲགས་ཅན་གྱི་སྒྲ་སྙན་དང་། ལྷ་ཤིང་བསང་དུད་ཅན་གྱི་བསུ་མ་མེད། སྟག་སེང་ཁྱུང་འབྲུག་རིས་ཅན་གྱི་སྤུར་བའི་རླུང་རྟ་དེ་ཡང་མེད།
       ཕྱི་བལྟས་མིག་གི་ལྟད་མོ་ལ། ས་བཅུད་འཛོམས་གཡང་གི་ར་བ་ལ། ནག་པོ་ཀ་བརྒྱའི་སྦྲ་ཆེན་ལ་དཀར་བོ་གུར་ཆུང་གྲལ་དུ་བསྒྲིགས། ནང་བལྟས་ཉམས་ཀྱི་བཀོད་པ་ལ། ཕ་ཨ་ཁུའི་བཏུང་བ་སྐྱེམས་ཆང་ཡོད། མ་རྒད་མོའི་བཏུང་བ་འོ་ཇ་ཡོད། སྟག་ཤར་བ་རྣམས་ཀྱི་ནི་རྡོ་རྗེ་ཚིག་གི་བཤད་པ་ཡོད། མ་སྲུ་མོ་རྣམས་ཀྱི་ནི་སང་སིང་ངག་གི་གླུ་སྐད་ཡོད། རི་རབ་ཀྱི་ཟས་ཀྱི་སྡེར་ཁ་བཤམས། ཇ་ཆང་མཚོ་མོའི་བཏུང་བ་བསྐྱིལ། བག་དྲོ་བས་ཐུགས་སེམས་སྤྲོ་བ། གླུ་སྙན་པས་ཡིད་དབང་འགུག་པ། ཞང་ཨ་ཡང་ཞེས་ཏེ་གླུ་ཞིག་ལེན་དུས་གཉེན་ཨ་ཞང་བར་གྱི་རྒྱན་ཞིག་ཡིན། བདག་གཞི་མགྲོན་སྐྱིད་པའི་གཡང་ཞིག་ཡིན། འོ། བག་རྟ་ངང་དཀར། ངང་དཀར་འདོ་བ། ཁྱོད་ནི་རྟགས་དང་རྟེན་འབྲེལ་གྱི་སྙིང་བོ་ཞིག་ཡིན། བཀྲ་ཤིས་ཁ་གཡང་གི་བསམ་དོན་ཞིག་ཡིན།
       ད་ནི་བག་རྟ་ངང་དཀར་དང་བག་གསར་སྨན་ཆུང་གཉིས་ཀྱི་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་འཕངས་ན། ཁྱིམ་བཟའ་ཚང་མིག་གིས་མ་མཐོང་ལ། གནས་གཞན་ཡུལ་ཞབས་ཀྱིས་མ་བཅག་པའི་ལས་ཀྱི་མི་དང་ལས་ཀྱི་གནས་ཚང་སྙེག་དུས། ལས་ཀྱི་མི་དེས་ཚེ་གཅིག་སྐྱ་ཡ་ལ་སེམས་རྩ་དྲོད་ཀྱིས་འཛིན་པའི་མིག་མདངས་འཇམ་པོ་ཞིག་གནང་ཡོད་ཨང་། ལས་ཀྱི་གནས་ཚང་དེས་སྐྱིད་ཉི་མ་འདྲ་ཞིག་རེ་བས་བཟུང་བའི་གནས་ཡོང་བུ་མོ་ལ་སྐྱིད་ཀྱི་རེ་སྨོན་སྨིན་དུ་བཅུག་ཡོད་དམ། ངས་འདི་ལྟར་བག་རྟ་ངང་དཀར་ལ་བཅིབས་པའི་གནས་འགྲོ་མ་དག་གི་སྐྱིད་སྡུག་དྲན་བྱུང་།
       སད་མ་ཀར་དེ་ལྟར་བག་རྟ་ངང་དཀར་ལ་བཅིབས་ནས་ཞང་ཞུང་གི་ཡུལ་དུ་སོང་ནའང་། སྙིང་གི་བརྩེ་བ་ལྷོད་པའི་མི་དེས་སེམས་རྩ་རྨང་ནས་འཁྱག་ཏུ་བཅུག་པ་ལ། ཚེ་གཅིག་སྐྱ་ཡ་དང་ཚེ་གཅིག་མིང་པོའི་བར་གྱི་གདམ་ག་ལ་བསམ་བློ་ཡང་ཡང་བཏང་ཡོད་སྲིད་པའི་སད་མ་ཀར། མཐའ་མར་དེ་ལྟར་མིང་པོའི་ཕྱོགས་སུ་འཁྱོག་དོན་མ་གཅིག་གི་བྱང་ཁོག་བརྒྱུད་པའི་བརྩེ་བ་གཅིག་པུས་མིན་པར། སྙིང་གི་རུས་པ་གས་ཆག་ཏུ་ཤོར་བའི་མ་བུ་མོའི་སྡུག་གི་མཆི་མ་མནོན་མ་ཐུབ་པས་ཡིན་སྲིད། ཕོ་ཁྱོ་གའི་བྲང་ཁོག་སེམས་ཀྱི་འཁེན་སར་མ་གྱུར་བའི་དུས་ལ། གནས་འགྲོ་མའི་སེམས་ཀྱི་རི་རབ་ལ་སྐྱོ་གདུང་གི་ན་བུན་འཁྱིལ་བ་སུ་ཡིས་ཚོར་ཨང་། བག་རྟ་ངང་དཀར། བྱང་མ་ཕམ་གཡུ་མཚོའི་འགྲམ་ན་སེམས་པ་སྨུག་གིས་བཟུང་ཞིང་། ཡིད་གཉིས་ཐེ་ཚོམ་གྱིས་གདུང་བའི་སད་མ་ཀར་གྱི་སྐྱོ་རོགས་ལ་ཁྱོད་རང་ཅིས་ཀྱང་ཡོད་འོས། ཁྱོད་ཁོ་ན་ད་གཟོད་མོའི་སེམས་ཀྱི་འཁེན་ས་དེ་ཡིན། མིག་མཆི་མ་ཤ་ལེར་མགོ་བོ་སྔས་ལ་འཁེན་ས་དེ་ཡིན་ངེས།
       དེ་དང་ཐག་མི་རིང་བའི་བྱི་བའི་ལོ་ཞིག་ལ། དགུན་ཚང་བང་སྣ་རུ། སད་མ་ཀར་གྱི་གདུང་རྒྱུད་མང་སྲོང་མང་བཙན་དགུང་དུ་གཤེགས་དུས། སྒྲེགས་ཀྱི་ལྷ་ལུང་དུ་སྐུ་བལྟམས་པའི་ཁོང་གི་རིགས་ཀྱི་མྱུ་གུ་ཏག་ཏག་མངལ་ལས་བལྟམས་མ་ཐག་གི་ཁྱེའུ་ཞིག་རེད། ཡང་དེ་ནས་འདས་པའི་ལོ་སྐོར་གཅིག་གི་བྱི་བའི་ལོ་ལ། རྟ་འདོ་བ་ངང་དཀར་ལ་བཅིབས་པའི་བཙན་མོ་ཁྲི་མོ་སྟེངས་དྭགས་ཡུལ་དུ་ཆབ་སྲིད་ལ་བག་མར་གཤེགས། ལོ་དེའི་ཕྱི་མ་གླང་གི་ལོ་ལ། བཙན་མོ་ཁྲི་བངས་ཀྱང་འ་ཞ་ལ་བག་མར་གཤེགས་དོན། གཉོམ་ལག་མ་རྒྱས་པའི་ལོ་བཅུ་གཉིས་ཅན་གྱི་རྒྱལ་སྲས་དང་། ཨ་ཕྱི་ཁྲི་མ་ལོད་ཀྱི་འུ་ཐུག་གི་ཤེས་རབ་ཅིག་ཡིན་ནམ། དུས་བདེ་ཞོད་འཇགས་ཀྱི་ལས་ལ། ཡང་ན། མངའ་ཐང་དར་རྒྱས་ཀྱི་སྐྱོར་མ་ལ། ཆབ་སྲིད་ལ་བག་མར་གཤེགས་པའི་བཙན་པོའི་ལྕམ་སྲིང་དག འདི་ལྟར་བྱམས་པའི་མི་དང་རིང་དུ་གྱེས་དགོས། ཉེ་བའི་གཉེན་དང་གཏན་དུ་བྲལ་དགོས། མཛའ་འབྲེལ་ཡིན་ལ་མཛའ་འབྲེལ་མིན་པར་སྣང་བའི་སོ་སོའི་དམིགས་ཡུལ་ཁྲོད། གནས་གཞན་ཡུལ་འགྲིམ་པའི་གནས་འགྲོ་མ་ཁོ་ན་ད་གཟོད་ལོ་རྒྱུས་ཀྱི་ཀ་བ་ལྟ་བུའི་མི་སྣ་ཞིག་ཡིན་པ་ལ་དོ་སྣང་བྱས་མྱོང་ངམ། ཁོ་མོ་ཚོར་ཆུང་ཆུང་མེ་ཏོག་འཐུ་རོགས་ཤིག་ཡོད་སྲིད། ཁོ་མོ་ཚོར་རྩེད་རོགས་མིག་འབྲས་དྭངས་མ་ཅན་ཞིག་ཡོད་སྲིད། ཡིན་ནའང་། ཆབ་སྲིད་ཀྱི་མིག་རྒྱང་ལ་འཐེན་པའི་ལམ་དུ་ཞུགས་དུས། ཡོད་ཚད་བློས་གཏོང་དགོས་པའི་བཙན་པོའི་ལྕམ་སྲིང་། ང་ཁྱེད་ཅག་གི་བློ་རྒྱ་ལ་སེམས་འགུལ་ཐེབས་སོང་། ཁྱེད་ཅག་གི་འགྲུལ་བཞུད་ལ་སྐྱོ་གདུང་གི་མིག་ཆུ་འཐོར་སོང་།
       ཡང་བསྐྱར་བྱི་བའི་ལོ་ཞིག་སྟེ། སྤྱི་ལོ༧༡༢ལོར་ཡུམ་ཁྲི་མ་ལོད་མྱ་ངན་ལས་འདས་ཤིང་། ལོ་དེའི་ཕྱི་མ་གླང་གི་ལོ་ལ། འཕྱིང་བ་སྟག་རྩེ་རུ་རླབས་ཆེ་བའི་བུད་མེད་འདིའི་འདས་མཆོད་བསྒྲུབ་དུས། སུ་ཞིག་གིས་ཐོག་མར་མོ་ཡང་བག་རྟ་ངང་དཀར་ལ་བཅིབས་མྱོང་བའི་བཅུ་དྲུག་མའི་ལང་ཚོ་ཅན་ཞིག་ཡིན་པ་བསམ་མྱོང་། དང་ཐོག་ཕ་དང་མིང་པོས་མཐའ་ནས་བསྐོར་ཞིང་ངོ་ཚ་དང་འཛེམ་བག་ཅན་གྱི་གཞོན་ནུ་མ་འདི། བག་རྟ་ངང་དཀར་ཁྲ་ཡི་བྲང་དང་། ཁྱུང་གི་སྐེ ཡུ་མོའི་མགོ་བོ་ཅན་གྱི་སྟོད་ཀྱི་མཛེས་པ་རྣམ་གསུམ་ཅན་གྱི་ངང་དཀར་འཕུར་ཤེས་ལ། གསེར་སྲབ་ཅན་གྱི་ཁྲིད་ཐག་ལ། བལ་སྟན་ཕྲུག་གི་ཁ་རྒྱན་དང་གསེར་སྒ་གཡུ་ཡི་ཕྲ་རྒྱན་གྱིས་ཆས་ཡོང་དུས། མོས་ཀྱང་ཚེ་གཅིག་གི་བཟའ་འདང་བསམ་ནས་ཡོང་མེད་པ་ག་ལ་ཡིན། ཡིན་ཡང་། བག་རྟ་ངང་དཀར་ལ་བཅིབས་པའི་མོ་རང་དེ་ལྟར་གློ་བུར་དུ་ཚེ་གཅིག་སྐྱ་ཡས་དོར་ཤུལ་གྱི་ཁེར་རྐྱང་ལ་སུ་ཞིག་གིས་གདུང་སེམས་སྐྱེས་མྱོང་ཡོད་ཨང་། གཟུགས་ཡག་པ་ཚངས་པའི་ཐིག་ཤིང་དང་མདངས་ཡག་པ་པད་མའི་ཁ་དོག་གི་ལང་ཚོ་ནས་དགུང་ལོ་དགུ་བཅུ་ལྷག་གི་ཚེ་ཡི་མཐའ་མའི་བར། མ་ཁྱོད་ཀྱིས་ཕོ་འཛངས་པ་ཞིག་གི་ཐབས་དང་སྒམ་བརླིང་སྒོམ་ཡོད། མོ་མཛངས་མ་ཞིག་གི་ཤེས་རབ་དང་ཞི་དུལ་བཟུང་ཡོད། རྟ་འདོ་བ་ལ་བཅིབས་ནས་གྲོས་དང་འདུན་མ་ལ་འཚོགས་དུས། འདོ་རིག་རྟ་ཕོས་ཆུ་འཐུང་ན་སྔ་ལྟ་ཞིག་དང་ཕྱི་ལྟ་བཞིན། ཁྱོད་ཀྱིས་དྲན་པའི་ལས་ལ་སྔ་འདང་ཕྱི་འདང་རྒྱག་དགོས། བཤད་པའི་ཚིག་ལ་སྔ་བསམ་ཕྱི་བསམ་གཏོང་དགོས། གྲོས་ཀྱི་རྟིང་ཐག་ལ་རྡོ་རྗེ་བཀའ་ཡིས་མནོན་དགོས། དེ་དུས། རྟ་འདོ་བར་བཅིབས་པའི་ཁྱོད་ལ། བློ་ལ་གདེང་མེད་ཀྱང་ཟིལ་གྱི་སྟོབས་དེ་ཡོད་དགོས། སྙིང་ལ་དཔའ་མེད་ཀྱང་སྤམ་གྱི་ཉམས་དེ་ཡོད་དགོས། ཡིན་ནའང་། སྲོད་ཁའི་མག་མོག་གི་ཉི་འོག་དང་རི་སྨུག་པ་ལྟ་བུའི་སེམས་ཁམས་ནས་ཆར་ཟམ་ཟིམ་ལྟ་བུའི་སྐྱོ་སྣང་གི་དུས་ལ། ཁྱོད་ཀྱིས་གང་ཞིག་དྲན་པའི་གདུང་བ་ཁུར་ཡོད་སྲིད། ཁྱོད་ཀྱིས་གང་ཞིག་མ་ཐེག་པའི་དངན་པ་འཆོར་ཡོད་ངེས། ཁྱོད་ཀྱིས་ད་དུང་ངུ་ཤུམ་བྱས་ཡོད་ངེས་་་་་་་་་ རི་རབས་ཀྱི་ཕ་རོལ་དང་གཙང་བོའི་རྒྱུན་ལ་ཡང་ཡང་གཟིགས་དགོས་པའི་ཁྱོད། རྒྱུད་ཞི་དུལ་ཅན་གྱི་ཆུང་མ་ཞིག ཐུགས་བརྩེ་བ་ཅན་གྱི་ཨ་མ་ཞིག ཐོབ་ཁྲི་ས་ཅན་གྱི་རྒྱལ་མོ་ཞིག གནམ་སའི་འདྲེས་མཚམས་ལ་རྒྱང་བལྟ་ཡང་ཡང་བྱས་མྱོང་བའི་བུད་མེད་ལན་བུ་སིལ་མ་ཅན་ལགས། ང་རང་ཁྱོད་ཀྱི་བློ་ཡི་མངའ་ཐང་གིས་དྲངས་པ་ཐེངས་གཅིག་མིན།
       མེས་ཨག་ཚོམ་ནི་ཨ་ཕྱི་ཁྲི་མ་ལོད་ཀྱི་ཚ་བོ་རེད། འདིའི་རིང་ལ། འབངས་མགོ་ནག་པོ་ལ། རྒྱ་དར་བཟང་བོ་ཐོབ་པའི་སྐབས་ཡིན་ལ། མྱྭ་ཡི་རྒྱལ་པོ་ཀག་ལ་བོང་ལ་ཐབས་གཅུང་སྩལ་བའི་དུས་ཀྱང་ཡིན། མདོར་ན། སྲིད་མི་བདེ་ཞིང་དུས་ཀྱི་ཟིང་འཁྲུག་མང་པའི་ལོ་ཟླ་ལ། ལོ་རྒྱུས་ཀྱི་ཐོ་ལ་བཀོད་པའི་ཇེ་བ་འདྲོན་མ་ལོད་དང་ཇེ་བ་ཁྲི་མ་ལོད་གཉིས་ཀྱང་བག་རྟ་ངང་དཀར་ལ་བཅིབས་ནས་ཆབ་སྲིད་ལ་བག་མར་གཤེགས་དོན། དུས་བདེ་ཞོད་འཇགས་ཀྱི་ཐབས་ཤིག་མིན་ཞེས་སུ་ཡིས་བརྗོད་ཕོད་ཨང་།
       ཁྲི་སྲོང་ལྡེ་བཙན་ནི་ཨ་ཕྱི་ཁྲི་མ་ལོད་ཀྱི་ཡང་ཚ་རེད། འདིའི་རིང་ལ། ཆོས་བཟང་ཞིང་སྲིད་ཆེ་ལ། ནང་གི་བློན་པོའི་ཚོགས་ཀྱང་བློ་མཐུན་ཞིང་གཞུང་དྲང་། སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་དུ་བསྒྱུར་ཞེས་སྙན་པའི་གྲགས་པ་དགུང་དུ་འཕྱུར། འདིའི་རིང་ལ་སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་དར་ཏེ། བག་རྟ་ངང་དཀར་ལ་བཅིབས་མྱོང་བའི་བཙུན་མོ་འབྲོ་བཟའ་ཁྲི་རྒྱལ་མོ་བཙན་ཡང་རབ་ཏུ་བྱུང་ངོ་། །
       དེ་བཞིན་སྲས་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ། ཆོས་མི་འཇིག་པའི་ཕྱིར་མནའ་བསྒག་ལ་ཞུགས་པའི་ཇོ་མོ་འབྲོ་བཟའ་ཁྲི་མོ་ལེགས། ཇོ་མོ་ཅོག་རོ་བཟའ་བཙན་རྒྱལ། ཇོ་མོ་མཆིམས་རྒྱལ་བཟའ་ལེགས་མོ་བཙན་སོགས་ཀྱང་ཉི་ཤར་གྱི་མགོ་མ་དང་། རྟེན་འབྲེལ་གྱི་ཁ་གཡང་ཁྲོད་ནས་བག་རྟ་ངང་དཀར་ལ་བཅིབས་མེད་ཅེས་སུ་ཞིག་གིས་ཁ་ཚོན་གཅོད་ཐུབ།
       སྐྱ་ཟད་སྔོ་རྡུག་གི་དུས་ལའང་། སྐྱེས་པའི་བུ་མོ་གྲགས་ཆེ་བ། མ་མྱང་ཚ་དཀར་རྒྱན། མ་ཅིག་ལབ་ཀྱི་སྒྲོན་མེ། འཛམ་གླིང་སེང་ལྕམ་འབྲུག་མོ། ཡང་ན། མཐོན་པོ་རྗེ་ཡི་བཙུན་མོ། དམའ་མོ་དམངས་ཀྱི་ཆུང་མ། སྙན་མོ་ངག་གི་དབྱངས་རྟ་ཅན། ཟབ་མོ་ཆོས་ཀྱི་དད་པ་ཅན། འཆལ་མོ་ལྕགས་ཀྱུའི་ཟུར་མིག་ཅན། རུས་རྒྱུད་མི་གཙང་དྲི་མ་ཅན། མདོར་ན། དེ་དུས། གཟུགས་སྐྱེ་ལུས། ཡག་མོ་སྒོ། རིགས་རུས་པ། རྒྱུ་འབྱོར་བ། གཡུག་ལས་ཀ ལུས་སྤྱོད་པ། ངག་སྒོ་མོ། ཡིད་དྲན་པ་གང་ལའང་མཆོག་དམན་གྱི་ཁྱད་མེད་པར། འཇིག་རྟེན་མཐུན་འཇུག་གི་ཆོ་ག་བཤམས་པའི་མ་བུ་མོ་ཅོ་ཐོ་ཅན་ཞིག་ཡིན་ན། རྟ་འདོ་བ་ངང་དཀར་ལ་ཞོན་མ་མྱོང་བ་ཞིག་སུ།
       མདོར་ན། མ་བུ་མོ་གནས་འགྲོ་ཅན་གྱི་སྨྲེང་རོགས། རྟ་འདོ་བ།

རྩོམ་ཁུངས། ༢༠༢༥ལོའི«སྦྲང་ཆར»དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།