ཕ་ཡུལ། དཔལ་མོ་རྒྱལ།
རྩོམ་པ་པོ།:དཔལ་མོ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-05-08
ཀློག་གྲངས།:
ཕ་ཡུལ།
དཔལ་མོ་རྒྱལ།
སྲིད་པའི་ཁ་དཔེར། མི་རྒན་མཛོ་རྒན་རྟ་རྒན་གསུམ། ཉི་མ་དགོང་དྲོ་སླེབས་དུས་མཐའ་རུ་འགྲོ་ཟེར་བ་དང་། ཡང་མི་རྒས་ཀྱིན་རྒས་ཀྱིན་ཡུལ་དྲན། བྱ་རྒས་ཀྱིན་རྒས་ཀྱིན་ཚང་དྲན་ཞེས་མི་དང་དུད་འགྲོ། འདབ་ཆགས་གང་ཡིན་ཡང་ཚེ་ཡི་མཐའ་མར་རང་གི་སྐྱེས་ས་སྐྱེས་ཡུལ་ལ་དུངས་པའི་བརྩེ་བ་ཞིག་རང་རྒྱུད་དུ་ངང་ངམ་ཤུགས་ཀྱིས་ཐིམ་འདུག ཁོ་མོ་ནི་ལོ་ཚོད་ཀྱི་དབང་དུ་བྱས་ན་ད་དུང་མི་རྒན་གྱི་གྲས་སུ་སླེབས་མེད་ནའང་། ཕ་ཡུལ་གྱི་རི་ལུང་ཐང་གསུམ་ལ་དགའ་བའི་འདུན་པ་ནི་དེ་ལྟར་ཟབ་ཅིང་དེ་ལྟར་དྲག་པ་ལ་ཨང་།དངོས་པོའི་དཔལ་ཡོན་གྱི་ཆུ་ཚད་མཐོ་རུ་སྙེག་པའི་དུས་འདིར། ཕྱི་ཡི་བཟོ་བཀོད་དང་ནང་གི་སྒྲིག་ཆས། འགྲིམ་འགྲུལ་ཡོ་བྱད་གང་གི་ཐད་ནས་ཀྱང་སྔོན་ཐོན་དུ་སླེབས་པའི་ཡུལ་དང་གྲོང་ཁྱེར་མང་བོས་བདག་བློ་བཀུག་པ་མང་ནའང་། ཕ་ཡུལ་ནི་ང་རང་ཆེས་འགྲོ་འདོད་ཀྱི་ཡིད་ཀྱི་དག་ཞིང་དེ་ཡིན། རོལ་དབྱངས་སྙན་མོ་ཞིག་ལ་ལོངས་སུ་སྤྱོད་བཞིན་ལམ་འགྲམ་གྱི་རི་ཆུ་ནགས་གསུམ་ལ་སེམས་པ་གཡེང་སྟེ་ཕ་ཡུལ་གྱི་ཕྱོགས་སུ་སྙེག་ཐེངས་རེ་རེར། སྨྲ་བརྗོད་གང་གིས་ཀྱང་མཚོན་མི་ནུས་པའི་ཚོར་བ་སྐྱིད་པོ་ཞིག་གིས་ངའི་ལུས་སེམས་བཟི་རུ་བཅུག་མྱོང་། ངའི་ཕ་ཡུལ་ནི་རི་བཟང་བོ་ལྗོན་པས་ཁེངས་ཤིང་ཐང་ཡངས་མོ་སྤང་གིས་བརྒྱན་པ། ཆུ་གཙང་མོ་གྱ་གྱུས་བཞུར་བའི་ཉམས་དགའ་ཡིད་འཕྲོག་གི་གནས་ཤིག་མིན་ཏེ། རི་ལ་ཕྱི་ཤུན་མེད་ཅིང་ས་ལ་ན་སྤང་མེད་པ། མི་ཕྱུགས་གཉིས་ཀར་འཐུང་ཆུ་འདང་ཙམ་ཡིན་པའི་ས་རྡོ་བྲག་གསུམ་གྱིས་བསྐོར་བའི་ལུང་ཁོག་ཅིག་ཏུ་ཆགས་ཡོད། ཕ་ཡུལ་གྱི་རང་བྱུང་བཀོད་པ་དེ་འདྲ་ཞིག་ཡིན་ནའང་། རི་དང་ལུང་བ། རྡོ་དང་བྱེ་མ། ས་དང་བ་ཚྭ།ཐ་ན་ནངས་སྔ་མོའི་དུད་སྤྲིན་དང་། དགོང་ཕྱི་དྲོའི་ཁྱི་སྐད། ཡོད་ཚད་ཀྱི་ཡོད་ཚད་ངའི་དྲན་པའི་ངོགས་ན་དེ་ལྟར་སྙིང་དུ་སྡུག་ཅིང་དེ་ལྟར་བརྩེ་བས་སིམ་པ་ཞིག རང་ཁྱིམ་གྱི་སིལ་ར་ནས་ཀ་ཁ་ག་ང་ངག་ལ་སྐྱོར་ཏེ་ཀློག་འདོན་བྱས་པའི་ཆེས་ཐོག་མ་ནས་མི་ཚེའི་ཆེས་མཐའ་མའི་སློབ་མའི་འཚོ་བའི་བར་དུ། ཕ་ཡུལ་གྱི་རི་སྒང་དང་གཤོང་ཁུག གྲམ་སྟོང་སོགས་གནས་ངེས་མེད་དུ་ངའི་དཔེ་ཀློག་དང་བསམ་གཞིག་གི་ཕྱིར་དྲན་ཡོད་ཅིང་། ལྕི་བ་བཏུས་ཤིང་བ་མོ་འཚོས་པའི་ངལ་རྩོལ་གྱི་ལོ་ཟླའང་ཡོད། ད་དུང་ནུ་བོས་དབྱར་དགུན་གནང་གི་ལས་བྱ་མ་བྲིས་པར་དབྱུག་པ་བཟུང་ནས་སྡེ་བའི་སྲང་ལམ་ཀུན་ནས་བདའ་སྐོར་བྱས་པའི་གཏམ་རྒྱུད་དེ་དང་། ནུ་མོས་རྩིས་རིག་མ་ཤེས་པར་མིག་ཆུ་ཤམ་ཤམ་བཞུར་པའི་འུ་ཐུག་ཐབས་ཟད་ཀྱི་སྣང་བརྙན་དེ་དག་ཀྱང་ཕ་ཡུལ་གྱི་པང་ནས་བརྗེད་དུ་མེད་པའི་ཕྱིར་དྲན་ཡིན་སྲིད།
སློབ་གཉེར་གྱི་ཞོར་ནས་ཁྱིམ་ལས་ཡོད་ཚད་ཕྲག་ཏུ་བླངས་པའི་ཆུང་ཆུང་གི་དུས་ནས་ང་ཕ་ཡུལ་གྱི་སྣོད་བཅུད་ལ་དེ་ལྟར་འདྲེས་ཤིང་། དུས་བཞིའི་འཁོར་སྐྱོད་ཀྱི་ཀློང་དུ། རྩྭ་རྩི་ཏོག་གང་ཞིག་གནས་གང་དུ་ཐོག་མར་འབུས་ཤིང་། དུས་ནམ་ཞིག་ལ་ལྕོང་མོ་ཐོམ་བུ་ཅན་དེ་ཆུ་མིག་ཁར་འདུས་པ། བྱ་ཚང་སྙིང་རྗེ་བོ་གང་ཞིག་ཏུ་བྱེའུ་མ་ཡིས་བྱེའུ་ཕྲུག་ལ་རྒུན་བུ་སྟེར་བའི་གནས་དང་སྣང་བརྙན་ཐམས་ཅད་ངའི་བྱིས་དུས་ཀྱི་ལོ་ཟླ་ནས་དུས་ད་ལྟའི་བར་དུ་དེ་འདྲའི་གསལ་བ་ལ་ཨང་། ད་དུང་ཕུ་བོ་དང་ན་མཉམ་ཚོས་སྦྲང་ཚང་སློག་པ་ལ་སེམས་ཁུར་དང་། ཉ་མོ་བཟུང་བར་སྙིང་རྗེ། གཞན་གྱི་སིལ་རར་འཛུལ་བའི་སྐྲག་སྔངས་སོགས་ཀྱང་ཕ་ཡུལ་ནས་མྱངས་ཤིང་། ད་ལྟ་ཡོད་ཚད་དེ་འདྲའི་དགོད་བྲོ་བ་ལ་ཨང་།
ང་རང་ཕ་ཡུལ་ལ་དགའ་ཞིང་ཕ་ཡུལ་ལ་དུངས་དྲགས་པ་འདིས་བཟའ་ཟླ་ལའང་ཕོག་ཐུག་བཏང་ཡོད་དེ། དོན་དུ་བཟའ་ཟླའི་ཕ་ཡུལ་ནི་རི་བརྗིད་པོ་བློན་པོ་གསེར་ཆེན་གྱི་པང་ན། ཐང་ཡངས་པོ་རྟ་ནོར་ལུག་གསུམ་གྱིས་བརྒྱན་པ། མཚོ་སྔོན་མོ་ནམ་མཁའི་མཐའ་ལ་འགྲན་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་འགྲམ་རྒྱུད་ན་མིག་ལ་མཛེས་ཤིང་། སྙིང་དུ་སྡུག་པའི་ངང་ཆགས་ཡོད་ཀྱང་། དེ་རུ་ངའི་བྱིས་དུས་ཀྱི་དྲན་པ་མེད་ལ། རྨི་ལམ་གྱི་ས་བོན་ཡང་མེད་པས་ཇི་ལྟར་བཙལ་ཡང་དགའ་སྐྱོ་ཆགས་སྡང་གི་བརྩེ་བ་ངོ་མ་དེ་འཚོལ་མ་ཐུབ་པས་ཡིན། རྨི་ལམ་དུའང་ཕ་ཡུལ་ཡང་དང་ཡང་དུ་རྨིས་ཤིང་། ཕ་ཡུལ་ཁོ་ན་ད་གཟོད་ངའི་སེམས་ཀྱི་གནས་མལ་དང་དག་ཞིང་དེ་ཡིན། ང་ཕ་ཡུལ་གྱི་ལྷིང་འཇགས་ལ་དགའ་ཞིང་། ལྷིང་འཇགས་དེས་ང་ལ་ངལ་གསོ་ཡང་མོ་ཞིག་གི་ཚོར་བ་སྦྱིན་འོངས། ཡིན་ཡང་ང་རང་ཟང་ཟིང་ལ་གཏན་ནས་མི་དགའ་བ་མིན་ཏེ། ཕ་ཡུལ་ལ་དེ་འདྲའི་དུངས་པ་རྣལ་མ་ཞིག་ བཅངས་ཡོད་ནའང་། བྱ་བའི་ལས་གནས་དེ་ངས་སྔར་བཞིན་རང་གི་ཕུགས་འདུན་བཞིན་གྲོང་ཁྱེར་བདམས་ཡོད། མཚམས་རེར་གྲོང་ཁྱེར་གྱི་མི་ཚོགས་མང་བོའི་ཁྲོམ་ར་དང་འདུ་འཛི་ཆེ་བའི་ཐང་ཆེན་ལ་ཉུལ་རྒྱུར་དགའ་ཞིང་། གྲོགས་གྲོགས་མོ་དང་མཉམ་དུ་གླུ་གར་གླིང་དང་ཚིག་ཇ་ཁང་ནས་འོ་ཇ་དང་ཚིག་ཇ་འཐུང་ཞོར་གཞས་སྙན་མོ་ལ་ལོངས་སུ་སྤྱོད་རྒྱུ་ཡང་དེ་བས་དགའ།
གྲོང་ཁྱེར་གྱི་འཚོ་བ་ཧ་ཅང་བྲེལ་འཚུབ་ཆེ་ནའང་ང་ནི་སེམས་ཀྱི་ཁུར་བོ་ལྕི་དུས་ཕ་ཡུལ་དུ་ལོག་པར་དེ་བས་དགའ་བར་མ་ཟད། ལོ་འདི་འགར་ཕ་ཡུལ་དུ་ལོག་པའི་གྲངས་ཀ་ཇེ་མང་ནས་ཇེ་མང་ཡིན། ནམ་ཞིག་རྒྱུ་དང་རྐྱེན་དུ་མས་ཟླ་ངོ་གཅིག་ཙམ་གྱི་ཡུན་ལ་ཕ་ཡུལ་དུ་ལྡོག་མ་ཐུབ་ཚེ་མཛུབ་མོ་ནང་འགུག་གིས་རེ་ལྟོས་ཡང་ཡང་བྱེད། ཕ་ཡུལ་དུ་ལྡོག་ཐེངས་རེར་སེམས་ཀྱི་ན་ཟུག་དང་། ཁུར་བོ། ངལ་བ་དག་རེ་ཞིག་ལུས་སེམས་ནས་ཡོངས་སུ་འདག་ཐུབ་པས་ན། ཕ་ཡུལ་ནི་ངའི་སེམས་ཀྱི་བདེ་སྡུག་བཤད་ས་དང་། ང་ལ་ལྷོད་ཡང་དང་བདེ་བ་སྟེར་བའི་གནས་མཆོག་དེ་ཡིན་པར་འདོད། ངའི་དྲན་པའི་ངོགས་ན་ཕ་ཡུལ་གྱི་ཡོད་ཚད་དེ་ལྟར་གསལ་ཞིང་བརྗེད་མི་ཐུབ་པ་ཅི་ཞིག་གི་རྐྱེན་ཡིན་ནམ། ཕ་ཡུལ་ནས་ལམ་ལ་ཆས་པ་ནས་མགོ་བརྩམས་ཏེ། ངས་རང་སེམས་ལ་འགྱུར་མེད་ཀྱི་དམ་བཅའ་ཞིག་བཀོད་ཡོད། ཐོག་མར་ཀ་ཁའི་ཀློག་འདོན་དབྱངས་ལ་གྱེར་བའི་འགྱུར་ཁུགས་ཁྲོད་རང་ཉིད་ཀུན་ལས་སྐྱིད་པར་འདོད། དཔེ་ཁུག་ཆུང་ཆུང་ཕྲག་ན་དཔྱང་བའི་དགའ་སྣང་དང་འགྲོག་ཐག་རིང་བ་ཞིག་ཀྱང་སེམས་སུ་སྒོམ། བར་དུ་ཐོ་རེངས་སྐར་ཆེན་དང་སྦྲགས་དུས་བཞིའི་ལང་ཚོ་གྲོགས་སུ་བསྟེན་པར་གོམས། འགྱུར་མེད་དམ་བཅའ་སྙིང་ལ་བཀོད་དེ་བརྩོན་པའི་རྒྱུག་ཆུ་ཤུགས་ཀྱིས་བཞུར་བར་སྤོབས་པས་བརྟས། མཐའ་མར་རི་བོའི་རྩེ་ལ་སྙེག་འདྲའི་སེམས་ཤུགས་མ་ཉམས་མ་དོར་ཡང་ཡང་སྙེག དེ་ལྟར། སེམས་ཀྱི་རྒྱང་རིང་ན་ཉི་ཟླའི་ལང་ཚོ་བཞིན་འཚེར་བའི་འོད་སྣང་དེའི་གཟིགས་ཕེབས་སུ། ཡིད་ཀྱི་ཟབ་ས་ནས་བརྒྱུད་པའི་རང་མོས་ཀྱི་གདམ་ག་དེའི་ཚང་མལ་གྱི་ལོག་ཕེབས་ལ། མེ་ཏོག་གི་ཟིལ་བ་ལྟ་བུའི་ངའི་མིག་ཆུ་སེམས་ནས་འཐོར་མྱོང་། དགུན་གཞུང་གི་ཁ་བ་ལྟ་བུའི་ངའི་སེམས་པ་ཉམས་ཆུང་གིས་གས་མྱོང་། ལོ་ཟླ་དེ་དག་ལ། ངས་མིག་འབྲས་འཇམ་པོ་ཞིག་གི་གསང་བ་ཉར་མ་ཕོད། ངས་སེམས་སྒྲ་དྲོན་མོ་ཞིག་གི་སྙིང་གཏམ་ཉན་མ་འདོད། སྟག་ཤ་རའི་བརྗིད་ཉམས་ངས་དམར་ཆུང་སེམས་ཀྱིས་སྒོ་རུ་དེད་ཡོད། དམན་བུ་མོའི་སྒེག་ཉམས་ངས་ཉི་ཤུ་ལང་ཚོས་རིང་དུ་དོར་ཡོད། གོར་མོ་རྡོ་ལ་བརྐོས་པའི་དམ་ཚིག་ཆུ་དང་ཆར་བས་མ་འཇིག སྲ་མོ་ལྕགས་ལ་བླུགས་པའི་མནའ་ཡིག་བཙག་དང་བསེར་བུས་མ་བསུབས། བདག་གི་ཕམ་ཁ་ལ་དགའ་སྤྲོའི་འཛུམ་མདངས་རྒྱས་མྱོང་བའི་ངོ་གདོང་དག་ནི། བདག་གི་འགྱེལ་ཐེངས་ལ་ཟུར་ཟའི་ཁྲེལ་དགོད་འཆོར་མྱོང་བའི་ཟུར་མིག་དག་ནི། བདག་གི་ཉམས་རྒུད་ལ་ཀྲོག་ཀྲོག་རྣ་བ་ཕྱོགས་པའི་ཐོས་འཛིན་གྱི་བུ་ག་དག་ནི། དོན་དངོས་སུ་ང་རང་མདུན་དུ་སྐྱོད་པའི་སྒུལ་ཤུགས་ཡིན། ཤེས་རབ་འཕེལ་བྱེད་ཡིན། ག་ལེར་བསམས་ན། མི་འདོད་པ་དང་དུ་བླངས་པ་འདི། སྡུག་བསྔལ་གྱི་རྒྱུ་ལས་མ་འདས། ཡིན་ནའང་། ངས་རང་སེམས་བྱེའུ་བཞིན་གཟེབ་ཀྱི་དྲ་བར་བཅུག་ཡོད། ཆུ་མོ་བཞིན་འཁྱག་དར་གྱི་སྦུབས་སུ་དྲངས་ཡོད། གཡུ་འབྲུག་གི་ངར་སྐད་ལ་ཆགས་ཀྱང་རང་དབང་གི་གུར་མ་ཕུབ། ངས་ཚེ་སྲོག་གི་རིན་ཐང་བསྒོམས་ནས་གཞོན་ནུ་མའི་ལང་ཚོ་རྒས་སོང་། ངས་ངོ་བསྟོད་ཀྱི་ཕྲེང་བའི་མེ་ཏོག་མགུལ་རྒྱན་དུ་འདོགས་འདོད་པ་མིན། ངས་སྙན་གྲགས་ཀྱི་བ་དན་དགུང་དུ་འཕྱར་འདོད་པ་མིན། ངས་ལུས་ཀྱི་སྤྱོད་པའི་དྭངས་སྙིགས་ཕྱེ་འདོད་པ་ཡིན། ངག་གི་སྒོ་མོའི་ལེགས་ཉེས་འབྱེད་འདོད་པ་ཡིན། ངའི་སེམས་ཀྱི་བསྙེག་བྱ་དེ་གཡུ་འབྲུག་གི་ང་རོ་མིན། འཇའ་མཚོན་གྱི་བཀྲག་མདངས་མིན། ངའི་ལུས་ཀྱི་བཙལ་བྱ་དེ་གཡུ་བྱུར་གྱི་རྒྱན་ཆ་མིན། བཅུ་དྲུག་མའི་ལང་ཚོ་མིན། གནམ་འོག་གི་ཆེས་མཛེས་སྡུག་གི་རྒྱན་དུ་གྱུར་པའི་དབྱངས་གསལ་གྱི་དོ་ཤལ་དེ་བཏགས་ན་བསམ། ས་སྟེང་གི་ཆེས་སྙིང་དུ་སྡུག་པའི་རིག་པའི་གཅེས་ནོར་དེ་སྙིང་གི་གུར་ཁྱིམ་དུ་དྲངས་ན་སྙམ། འདི་ནི་ངས་སེམས་ཀྱིས་བདམས་པའི་ལམ་བུ་ཡིན། ལམ་བུ་འདིའི་སྣེ་ཕ་ཡུལ་ནས་བཙུགས་ཡོད། དྲན་པ་འདིའི་འཕོ་ས་ཡང་ཕ་ཡུལ་ཡིན།
ཕ་ཡུལ་གྱི་པང་དུ་ལྡོག་ཐེངས་རེར་ང་ནི་ཅི་ཞིག་ལས་འདོད་ཀྱི་འདུན་པ་ཆེ་སྟེ། དུས་ད་རག་བར་དུ་ངའི་དྲན་པའི་ཕྱི་ནང་ཡོད་ཚད་ངལ་རྩོལ་གྱིས་སིམ་འདུག ནམ་ཡང་ངལ་རྩོལ་ལ་མཐོང་ཆེན་དང་ངལ་རྩོལ་ལ་དགའ་མོས་བྱེད་བཞིན་ཡོད་དེ། ངལ་རྩོལ་གྱིས་ང་ལ་སྐྱིད་སྡུག་གི་ངོ་བོ་གསལ་བར་བསྟན་ཞིང་། ངལ་རྩོལ་གྱིས་ང་ལ་དཀའ་སྡུག་ལ་མགོ་བོ་མི་སྒུར་བའི་སྤོབས་པ་བསྩལ་མྱོང་། སྤོབས་པ་འདིས་ང་ལ་མི་ཚེའི་རིན་ཐང་སྙེག་པའི་ལམ་ཁ་བསྟན། དཔྱིད་ཀར་ལ་ཕུག་དང་། སྲན་མ། ཡུང་མ། སྒོག་པ། ཉི་མ་འཁོར། མེ་ཏོག་སོགས་ས་བོན་གྱི་རིགས་སུ་འདུས་པ་ཇི་སྙེད་ཅིག་འདེབས་པར་དགའ་ཞིང་། དེ་དག་གི་སྐྱེ་སྟོབས་མིག་གིས་འཚོས་ནས་ལུད་འཇོག་པ་དང་ཆུ་འདྲེན་པ། ཡུར་མ་ཡུར་བར་མོས། དབྱར་ཁར་རང་གི་རྩོལ་བས་བསྐྲུན་པའི་སྔོ་ཚོད་ཅི་རིགས་གཡོས་སྦྱོར་བྱས་ཏེ་ཁྱིམ་མི་དང་ལྷན་དུ་བཟའ་བཏུང་ལ་རོལ་བ་དེ་ནི་ཆེས་བདེ་སྐྱིད་དང་དྭངས་གཙང་ཞིག་ཏུ་རློམ་ཡོད། བདེ་སྐྱིད་ལ་ཚད་གཞི་མེད། གོས་སེར་ཅན་གྱི་བླ་མ་དང་དབང་ཐང་ཅན་གྱི་དཔོན་པོ། རྒྱུ་སྟོབས་ཅན་གྱི་ཕྱུག་པོ་དང་སློང་ཁུག་ཅན་གྱི་སྤྲང་པོ། གང་ཟག་རང་ལ་སྣང་བའི་བདེ་སྐྱིད་རེ་ཡོད། ཡང་ན་རང་ཡུལ་གད་པ་ཡིན་རུང་སྐྱིད་སྣང་ཡོད། སྡུག་བསྔལ་ལ་ཚད་ཡོད། སྡུག་ལ་བརྗེད་པ་མེད་ཀྱང་སྡུག་ལ་རྙིང་རྒྱུ་ཡོད། མིག་མཆི་མ་བཞུར་ན་དྭངས་མཐའ་ཡོད། ཕ་ཡུལ་དུ་བདེ་སྐྱིད་ཀྱི་ཚོར་བ་ཡོད་ལ་སྡུག་བསྔལ་གྱི་ན་ཟུག་དེའང་སངས་ཐུབ། སྟོན་ཁར་ཕ་ཡུལ་གྱི་ལོ་ལེགས་ཀྱི་དུས་ལ། ས་བོན་གྱི་འབྲས་བུ་ཐམས་ཅད་སྨིན་དུས། ངས་ཐེངས་གཅིག་མིན་པར་རང་གིས་རང་ལ་སྙིང་ཕུར་འདི་འདྲ་གདབས་མྱོང་སྟེ། མ་གཞི་མི་ཞིག་གི་བརྒྱུད་རིམ་ནི་ས་བོན་སྐྱེ་འཕེལ་གྱི་ཆོས་ཉིད་དང་ཡོངས་སུ་མཚུངས་ཤིང་། རྩོལ་བ་ལྷོད་མེད་བྱས་ན་ནམ་ཞིག་འབྲས་བུ་སྨིན་སྲིད་པའི་གནས་ལུགས་འདི་རྙེད་པར་མ་ཟད། དུས་ད་ལྟ་ངས་རང་གི་སློབ་བུར་གྱུར་པ་རྣམས་ལའང་བསླབ་བྱའི་མན་ངག་གི་ཚུལ་དུ་གླེང་བཞིན་ཡོད།
རྒྱལ་པོ་ཁྲི་དང་བྲལ་ན་སྲིད་མགོ་འཆོར། བུད་མེད་རྒྱན་དང་བྲལ་ན་མཛེས་པ་ཤོར། སྟག་ཤར་ཡུལ་དང་བྲལ་ན་ཕ་ཡུལ་ཤོར་ཟེར་བའི་དཔེ་བཞིན།གནའ་མི་རྣམས་ཀྱིས་ཕ་ས་ཕ་ཡུལ་ཞེས་ས་ཡི་རིན་ཐང་ཤེས་ཤིང་ས་ལ་བདག་པོ་རྒྱག་ཤེས། ཁྱོད་ཤི་ང་གསོན་གྱི་གཡུལ་འགྱེད་མང་བོ་ཞིག་གི་རྩ་བ་ཡང་མདོར་དེད་ན་ས་ཡི་བདག་དབང་གི་ཆེད་མིན་ནམ། མི་ལ་ས་ཆུའི་བརྩེ་འདང་ཡོད་དེ། ས་མཐའི་མི་ནི་རྒས་ནས་འཆི་དུས། རྒས་ནས་ལུས་པའི་ས་མཐའི་ཕ་ཡུལ་ཞེ་ལ་ཡང་ཡང་ཆགས་པ་དེ་བརྩེ་འདང་མིན་ནམ། རང་ཡུལ་གད་པ་ཡིན་ཡང་སྐྱིད་པའི་སྣང་བ་དེ་ཡང་བརྩེ་འདང་མིན་ནམ། བརྩེ་འདང་དེ་འདྲ་ཡོད་པས་མི་དང་མི། མི་དང་རང་བྱུང་། མི་དང་སྲོག་ཆགས་བར་དུ་བྱམས་དང་སྙིང་རྗེ་ལྡན། རང་བྱུང་གི་ཁམས་ཆེན་པོར་བརྩེ་བ་མེད་པའི་མི་དེའི་རྒྱུད་ལ་བརྩེ་བ་རྣམ་དག་ཅིག་ཇི་ལྟར་ཆགས་ངེས།
ཕ་ཡུལ་ཕ་ཡུལ་ཟེར་བ་དེ་རང་གི་ཕའི་ཡུལ་ཏེ། བོད་པ་རང་ལ་མཚོན་ན་ཕ་ས་ཕ་ཡུལ། ཡང་ན་ཕ་གཞིས་ཞེས་ཁྱིམ་ཚང་ཞིག་ལ་མཚོན་ན་ཁྱིམ་རྒྱུད་སྐྱོང་མཁན་ནི་བུ་ཡིན་པ་དང་། བུ་མེད་ན་ཕྱི་ཡོང་གི་མག་པས་ཁྱིམ་རྒྱུད་འཛིན་དགོས་མོད། མགོ་ནག་མི་ཡི་ཕ་གཙོ། དུད་འགྲོ་ཕྱུགས་ཀྱི་མ་གཙོ་ཞེས་མ་ལས་ཕ་གཙོར་འཛིན་པས་ན་བུ་ཕྲུག་ཅིག་གི་ཕ་ས་ཕ་ཡུལ་ཡང་རང་གི་ཕ་གཙོ་བྱས་ཏེ་འཕྲོས་པ་རེད། ཡིན་ཡང་ད་ལྟའི་གྲོང་ཁྱེར་གྱི་བྱིས་པར་ཕ་ཡུལ་ཟེར་བ་ཞིག་མི་འདུག་པར་སྣང་། ཁྱོད་གང་གི་ཡིན་ཞེས་འདྲི་དུས། ངའི་ཕ་ལགས་ཀྱི་ཕ་ཡུལ་ནི་ག་གེ་མོ་དང་། ངའི་མ་ལགས་ཀྱི་ཕ་ཡུལ་ནི་ག་གེ་མོ་ཡིན་ཟེར་བ་ལས། དོན་དུ་རང་གི་ཕ་ཡུལ་གང་ཡིན་ལ་ཐེ་ཚོམ་ཟ་བཞིན་འདུག ཕ་ཡུལ་གྱི་འདུ་ཤེས་མེད་པའི་བློ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག ཕ་ཡུལ་མེད་ན་ས་ཆུའི་བདག་དབང་ཟེར་བ་ཡང་གང་ན་འདུག མི་དང་རང་བྱུང་གི་བརྩེ་བ་ཡང་ཇི་ལྟར་ཆགས།
ཕ་ཡུལ་ཏེ་ཞིང་གྲོང་གི་འཚོ་བ་ནས་ངའི་རྩོམ་རིག་གི་ས་བོན་འབུས་ཤིང་། ང་ལ་རྒྱུན་འཁྱོངས་དང་ཞིབ་ཚགས་ཀྱི་རང་གཤིས་ཀྱང་གནང་བས། ངས་ཕ་ཡུལ་ལ་བཀའ་དྲིན་མི་ཞུ་སུ་ལ་ཞུ་ཨང་། ཞེ་ལ་ཡང་ཡང་འཁོར་བའི་ཕ་ཡུལ་ཨ། ནམ་ཞིག་ཚེ་ཡི་དབང་ཐང་རྫོགས་ནས། རྒས་པའི་མཐའ་མ་འཆི་བ་ལ་ཐུག་དུས་ང་ཁྱེད་ཀྱི་པང་དུ་ལོག་ནས་ཁྱེད་ཁོ་ནའི་འབྱུང་གཞི་ལ་ཐིམ་པར་འདོད།
རྩོམ་པ་པོ་ངོ་སྤྲོད།
དཔལ་མོ་རྒྱལ། ཨ་མདོ་རེབ་གོང་གི་མི། རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་སོགས་འགྲིམས། ཞིབ་འཇུག་གི་ཁ་ཕྱོགས་སྐད་བརྡ་རིག་པ་ཡིན། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད།
རྩོམ་ཁུངས། ཐུན་རིན་གྲོང་ཁྱེར་རིག་གནས་ཁང་གི་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།