logo

༄༅། །དཔའ་ལུང་གསེར་ལྗོངས་རིང་མོ། གཅོད་པ་དོན་གྲུབ།

རྩོམ་པ་པོ།:གཅོད་པ་དོན་གྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-05-15 ཀློག་གྲངས།:
༄༅། །གཅེས་སུ་འོས་པའི་ཕ་ཡུལ།
                                  དཔའ་ལུང་གསེར་ལྗོངས་རིང་མོ།
གཅོད་པ་དོན་གྲུབ།
 
ཙོང་ཁའི་སྐྱེས་རི་སྤྲིན་དཀར་ཀླད་དུ་མངོན། །
རྨ་ཀླུང་གཙང་མོ་གཡུ་འབྲུག་ས་རུ་རྒྱུག །
རི་ལུང་ཀུན་ཏུ་གཡང་རྭ་སྒོ་བཞིས་ཁྱབ། །
ས་ཞིང་གྲུ་བཞིར་སྙེ་མའི་རླབས་ཕྲེང་གཡོ། །

གདུང་རྒྱུད་སྲོང་བཙན་དམག་ལས་མཆེད་པའི་བོད། །
མདོ་སྨད་ས་འཛིན་སྔ་ཤོས་དཔའ་ལུང་ཆགས། །
དཔའ་བོའི་རིགས་རྒྱུད་མ་ཉམས་དར་ཞིང་རྒྱས། །
ས་གཞི་ཆེན་པོར་དབང་བསྒྱུར་ལོ་རྒྱུས་མངའ། །

དགེ་ལྡན་ཆུ་མགོ་བྱ་ཁྱུང་དགོན་སྡེ་བཏབ། །
ཆོས་རྗེ་དོན་གྲུབ་རིན་ཆེན་མཛད་འཕྲིན་ཆེ། །
མཉམ་མེད་བློ་བཟང་གྲགས་པས་རབ་བྱུང་བསྒྲུབས། །
རྒྱལ་བའི་བསྟན་པ་བདོ་བའི་རྟེན་འབྲེལ་འགྲིག །

གོ་ལ་ཟླུམ་པོའི་ཀློང་ན་སྙན་གྲགས་འཕུར། །
དགེ་ལུགས་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ། །
གངས་རིའི་ཡུལ་ལ་བསྐྲུན་པའི་མཛད་རྗེས་ཀུན། །
ས་གཞི་ཆེན་པོས་མ་ཐེག་ཡོམ་ཡོམ་འཁྱོར། །

སྟོད་ན་ཉིན་ཐུབ་བཅུ་ཡི་ཚོ་བས་བསྐོར། །
སྨད་ན་གཅན་ཚ་ཉིན་ཐུབ་བརྒྱད་ཀྱིས་སྐྱོང་། །
དཔའ་ལུང་གཅན་རོང་ཚོ་ཆེན་བཅོ་བརྒྱད་འདི། །
བྱ་ཁྱུང་དགོན་པའི་ལྷ་སྡེ་ཡིན་པར་གྲགས། །

མདོ་སྨད་ཡུལ་ལ་མཛད་རྗེས་རབ་ལྡན་བའི། །
ཙོང་ཁ་བདེ་ཁམས་བཅུ་གསུམ་གྲགས་པའི་ཁྲོད། །
དཔའ་བོ་ལུང་བའི་ཚོ་ཆེན་དཔོན་རབས་དག །
བཞུགས་གདན་གོ་གནས་གཞན་ལས་འབུར་དུ་མངོན། །

ངག་དབང་མཆོག་ལྡན་གཞུང་བརྒྱར་ཐོགས་པ་མེད། །
ཁྲི་མཆོག་ཆོས་གྲགས་ལུང་རིགས་ཤེས་རབ་བརྙེས། །
སྙན་གྲགས་བརྒལ་བརྟག་རྩོད་ལ་འགྲན་ཟླ་མེད། །
སྦྱིན་པ་རྒྱ་མཚོ་རྒྱལ་བསྟན་སྐྱོང་བར་མཁས། །

ཨ་མའི་བུ་ལ་ཡོན་ཏན་མཆིས་པའི་ཚེ། །
དགའ་ལྡན་གསེར་ཁྲིར་བདག་པོ་མེད་ཅེས་སྐད། །
གནས་ཆེན་འདི་རུ་ཁྲི་མཆོག་བཞི་བལྟམས་པས། །
མདོ་ཁམས་ཡོངས་སུ་ཆོས་ཀྱི་བདུད་རྩི་བསྙིལ། །

འཆད་ལ་བསྟན་པའི་གཞུང་ལུགས་ཐོགས་པ་མེད། །
རྩོད་ལ་རྒྱལ་བའི་ལུང་རིགས་གདམས་པར་ཤར། །
རྩོམ་ལ་གཞན་དྲིང་མི་འཇོག་རང་ལུགས་མཆིས། །
བླ་མ་ཤར་གདོང་གདུལ་བྱའི་གཙུག་གི་ནོར། །

གཡོན་ན་མཁས་པ་གསུམ་གྱི་སྒྲུབ་ཕུག་དང་། །
རྒྱལ་བུ་གཞོན་ནུ་བཞུགས་པའི་བསྟི་གནས་མངོན། །
བླ་ཆེན་དགོངས་པས་བསྙེན་རྫོགས་མནོས་པའི་ཡུལ། །
གྲུབ་གནས་དན་ཏིག་ཆོས་སྡེ་འདི་ན་མཆིས། །

གངས་ཅན་ལྗོངས་སུ་རྒྱལ་བསྟན་བསྣུབས་པའི་རྗེས། །
མུན་པའི་སྨག་རུམ་རེ་ཞིག་འཐིབས་པའི་སྐབས། །
བསྟན་པའི་མེ་རོ་སླར་ཡང་སྦར་བའི་གནས། །
གངས་ཅན་བོད་ལ་བཀའ་དྲིན་མི་ཆེ་འམ། །

ཨ་མདོ་གྲུབ་གནས་དུ་མའི་གནས་ཆེན་སྒོ། །
ཨོ་རྒྱན་སྒྲུབ་ཕུག་རང་བྱོན་ཡང་ཏིག་མངོན། །
ཀླུ་བདུད་བཙན་གསུམ་བྲན་དུ་བཀོད་པའི་ཡུལ། །
རྒྱལ་དབང་གསུམ་པ་ཕེབས་ནས་བྲག་གཏེར་མཐོང་། །

ཀ་མདོ་གདོང་དམར་བཀྲ་ཤིས་ཆོས་རྫོང་དགོན། །
ཀུན་མཁྱེན་འཇིགས་མེད་དབང་བོ་གཤེགས་པའི་གནས། །
བསྟན་འཛིན་སྐྱེས་བུ་མང་པོའི་ཞབས་ཀྱིས་བཅགས། །
ནོར་འཛིན་ཆེན་པོར་ཆོས་ཀྱི་འཁོར་ལོ་བསྐོར། །

དེ་ནས་གྲགས་པ་སྲིད་གསུམ་རྩེར་ཁྱབ་པའི། །
གཅན་ཚ་མ་ཎི་ཆུ་འཁོར་བྱིན་རླབས་འབར། །
དད་ལྡན་མཇལ་སྐོར་འདུ་འགོད་རྒྱུ་བའི་ཚོགས། །
གཙང་མོའི་རྒྱུན་བཞིན་བར་ཆད་བྱུང་མ་མྱོང་། །

དཀར་ཕྱོགས་སྐྱོང་བའི་གནས་བདག་ཀླུ་སྨན་ཚང་། །
ཀླུ་ཕྲུག་སྟོང་གིས་བསྐོར་ཞིང་གཟི་བྱིན་འབར། །
བདུད་སྡེ་དཔུང་གི་གནོད་སེམས་རྨེག་མེད་འཇོམས། །
ཕན་བདེ་རྟག་ཏུ་ཡོང་བར་ཐུགས་ཀྱིས་སྐྱོང་། །

གཡས་ན་ངྷི་ཚ་དགོན་ཆེན་མངོན་པར་གསལ། །
མདོ་ཁམས་འཛིན་མའི་ནཱ་ལེན་དྲ་རུ་འབོད། །
ཐོས་བསམ་སྒོམ་ལ་བརྩོན་པའི་ཆོས་ཀྱི་སྡེ། །
སྐྱེས་ཆེན་དམ་པ་འཚར་ལོངས་འབྱུང་བའི་གནས། །

ཞྭ་དམར་པཎ་ཊི་ཏ་མཆོག་མཛད་རྗེས་ལྕི། །
ཚེ་ཏན་ཞབས་དྲུང་རིག་བཅུའི་ཡོན་ཏན་བརྙེས། །
དགེ་འདུན་ཆོས་འཕེལ་རིག་པའི་གཤོག་རྩལ་རྒྱས། །
དགེ་བཤེས་མང་པོས་ཕྱོགས་བཞིར་བསྟན་པ་སྤེལ། །

འབངས་ལ་གཞལ་མེད་ཕན་བདེ་བསྐྲུན་པའི་མི། །
གསུང་རབ་རྒྱ་མཚོས་སློབ་གསོ་སྙིང་དུ་བརྣགས། །
བསམ་གཏན་རྒྱ་མཚོས་དག་ཡིག་གསར་སྒྲིག་བསྐྲུན། །
ཡེ་ཤེས་རྒྱ་མཚོས་ནད་པའི་ཚེ་སྲོག་བསྐྱབས། །

དེ་ནས་མགོན་པོ་བྲག་ནག་བཞུགས་པའི་ཕང་། །
ཨ་མྱེས་ཡུལ་ལྷ་དངོས་སུ་མཐོང་པའི་གནས། །
ཁ་ཤ་མཐིལ་ཁང་གཟིགས་འཛིན་ལམ་དུ་མངོན། །
འགྲོ་བ་ཀུན་གྱི་དུཿཁའི་བར་ཆད་སེལ། །

ཨ་མདོའི་ཇོ་གསུམ་འབོད་པའི་ནང་ཚན་ཏེ། །
གཤོང་ཤན་ཇོ་ཁང་ཞོང་རི་བླ་བས་བཏབ། །
ལྷ་ཆེན་ཇོ་བོ་བི་ཤྭ་ཀར་མས་བཞེངས། །
གནའ་བོའི་ལོ་རྒྱུས་དེབ་ཐེར་ལས་ཀྱང་གསལ། །

སྔ་འགྱུར་རྙིང་མའི་དགོན་སྡེའི་རང་ལུགས་གསལ། །
གཉུག་མའི་བོན་ཁང་ཆོས་པར་རང་ཚུགས་མངའ། །
དད་ལྡན་འབངས་མིས་རང་གི་ཕྱག་ལེན་སྐྱོང་། །
འཆམ་མཐུན་ཆུ་སྐྱེས་བཞད་པའི་ཚུལ་འདི་རྨད། །

སྟོང་དཔོན་གསུམ་གྱི་ཞབས་རྗེས་གསལ་ལེར་མངོན། །
ཁྲི་འབྲིང་དམག་ལས་མཆེད་པའི་དཔོན་རྒྱུད་མཆིས། །
ནང་སོ་གྲགས་ཅན་གཉིས་ཀྱི་གཞིས་ཀ་ལས། །
རང་སྲུང་དགྲ་འདུལ་གཏམ་རྒྱུད་ངོ་མཚར་བདོག །

ཡུལ་ཁམས་དེ་ཡི་གདོད་མའི་རིགས་རྒྱུད་ནི། །
གདུང་རྒྱུད་སྔ་ཤོས་ཨ་སྤོ་ལྡོང་གི་རིགས། །
རྒྱལ་རྒྱུད་ཨ་མྱེ་ཨ་རྟ་ལས་དབང་གིས། །
དཔའ་ལུང་བཀྲ་ཤིས་མ་དང་གཏན་གྲོགས་འགྲིག །

ས་མཚམས་སྲུང་བའི་དཔའ་བོ་གྲགས་ཅན་བྱུང་། །
འབངས་མི་སྐྱོང་བའི་དཔོན་པོ་དམ་པ་བྱུང་། །
མ་རིག་མུན་པ་སེལ་པའི་མཁས་དབང་བྱུང་། །
སེམས་ཅན་བདེ་འགྲོར་བཀོད་པའི་བླ་སྤྲུལ་བྱུང་། །

གོང་མ་རྒྱལ་པོས་སྤྲིངས་པའི་གསེར་ཡིག་གདའ། །
རིམ་པ་གསུམ་བཞིའི་དཔོན་གནས་བཀའ་ཤོག་དང་། །
བརྒྱ་དཔོན་སྟོང་དཔོན་ཏོག་ཅན་དབུ་ཞྭ་སོགས། །
ཉར་ཚགས་རིག་རྫས་ད་དུང་མཛོད་དུ་མཐོང་། །

ཁོ་ཚེ་ཨ་ཡག་རལ་གྲིའི་ཁ་རུ་དྲངས། །
མི་དབང་ཡིན་ཀྱང་འགྱོད་སེམས་ཁོང་ནས་སྐྱེས། །
འགྲན་མེད་དཔའ་བོའི་ཡིད་འགུལ་གཏམ་རྒྱུད་ཀུན། །
འཇིག་རྟེན་འདི་ལ་བརྗེད་མེད་རྡོ་རིང་བཞེངས། །

བཙན་པོའི་དཔའ་བོ་མི་དགུ་བོད་པའི་མཚམས། །
སྲུང་བའི་སླད་དུ་གཏན་དུ་འདུག་པའི་བཀའ། །
མ་ལོག་དམག་རྒྱུད་སྤེལ་པའི་ལོ་རྒྱུས་མཆིད། །
བཀའ་མ་ལོག་ཅེས་མཚན་མིང་ཡུན་རིང་གནས། །

རྗེ་བཙུན་བླ་མའི་དངོས་སློབ་བྱང་བླ་མས། །
གསར་བཞེངས་མཛད་པའི་ཁ་ཏི་ཁ་བ་དགོན། །
རྗེ་ཡུམ་ལགས་ལ་བསྐུར་མཛད་སྐུ་ཐང་དངོས། །
ངག་རྒྱུན་མིན་ལ་མིག་གིས་མཐོང་རྒྱུ་མཆིས། །

རྒྱ་ནག་གོང་མས་གདན་འདྲེན་ཞུས་པ་བཞིན། །
བློ་བཟང་གྲགས་པའི་ཚབ་ཏུ་བྱམས་ཆེན་རྗེ། །
རྒྱལ་སར་ཕེབས་ནས་ཆོས་ཀྱི་སྦྲང་ཆར་མཛད། །
ཕྱིར་དབུས་ལམ་དུ་མཛོ་མོ་མཁར་དུ་གཤེགས། །

བི་ཤྭ་ཀརྨའི་ཐང་གའི་སྒྱུ་རྩལ་ཚོགས། །
མིག་བརྒྱར་སྤྲུལ་ཡང་མཐོང་བའི་དུས་དཀོན་ཀྱང་། །
རང་ཡུལ་ལྷ་རིས་སྒྱུ་རྩལ་ཚོགས་པའི་འབྲས། །
མཇལ་བའི་མོད་ལ་རང་བློ་ཅིག་ཅར་འཕྲོག །

རོང་བ་ཀུན་གྱི་འབྱུང་ཁུངས་དཔའ་ལུང་དང་། །
འབྲོག་པ་བྱིངས་ཀྱི་རུས་ཁུངས་ཨ་རིག་ལགས། །
འདི་ནི་གཟུར་གནས་མཁས་དབང་སྐུ་དྲིན་ཅན། །
ཨ་ལགས་ཡོངས་འཛིན་མཆོག་གིས་གདམས་པའི་གསུང་། །

སྲིད་གསར་ཁྲི་གདུགས་རིས་མེད་ཀུན་ཏུ་འཕྲོས། །
བཙན་པོ་གཉའ་ནས་གནོན་ཅིང་དབུལ་བོའི་སྡེ། །
གཉོམ་ཆུང་མཐའ་ནས་བསྐྱངས་ཏེ་བདེ་སྐྱིད་དཔལ། །
ནོར་འཛིན་ཆེན་པོར་ཤར་བའི་ལེགས་བྱས་གྲུབ། །

དབུལ་ཕྱུག་མ་མཆིས་རྒྱལ་ཁབ་བདག་པོར་གྱུར། །
རང་ཡུལ་གསར་སྐྲུན་མངའ་དབང་ལག་ཏུ་བསྟབས། །
རིག་གཞུང་གཉེར་བའི་སློབ་གྲྭ་རིམ་བཞིན་སྤེལ། །
བློ་ལྡན་གསར་སྐྱེས་དབྱར་ཁའི་མཚོ་བཞིན་རྒྱས། །

འགྲོ་ཀུན་སྐྱོང་བའི་བྱམས་ལྡན་དཔོན་པོ་འཁྲུངས། །
རིག་གནས་གཉེར་བའི་མཁས་པ་གྲགས་ཅན་བྱོན། །
འབངས་ལ་ཞབས་ཕྱིའི་ལས་བྱེད་སྟོང་ཕྲག་མཆིས། །
ཏང་འདིའི་མཛད་འཕྲིན་གསེར་རིའི་གཏོས་དང་མཉམ། །

རང་རིགས་སྲོལ་བཟང་ཉམས་པ་སླར་གསོ་མཛད། །
རང་ལེགས་གླུ་གར་རྒྱུན་འཛིན་སྐལ་བ་མཆིས། །
རང་ཆས་རྒྱན་གོས་སྤྲས་པའི་བསོད་ནམས་གྲུབ། །
རང་སྲོལ་མདའ་རྩེད་སྔར་ལས་དར་རྒྱས་བྱུང་། །

ཡབ་མེས་རྣམས་ཀྱི་མཆེད་ཁུངས་ཕ་ཡུལ་འདིར། །
བརྩེ་བ་ཟབ་མོ་དྲག་གིས་གདུང་བའི་མཐུས། །
རང་དབང་མ་མཆིས་སྨྱུ་གུ་ཤོར་བར་གདའ། །
དཔྱོད་ལྡན་ཀུན་གྱིས་སྐྱོན་ལ་མཛུ་གུས་སྟོན། །

འབྱོར་ཕྱུག་བདོ་བའི་དཔའ་བོའི་ལུང་བ་འདི། །
བདེ་སྐྱིད་ལྷ་དང་མཉམ་པའི་བཀྲ་ཤིས་ཤོག །
ལོངས་སྤྱོད་ཀླུ་དང་མཉམ་པའི་བཀྲ་ཤིས་ཤོག །
བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །
ཅེས༢༠༢༥ལོའི་ཟླ༥ཚེས༡ཉིན་རྒན་པོ་གཅོད་པ་དོན་གྲུབ་ཀྱིས་གནའ་མཁར་ཟི་ལིང་རང་ཤག་ནས་ཤར་མར་སྦྱར་བ་དགེའོ། །
འབྲེལ་ཡོད་འོས་སྦྱོར།