བྱུར་དམར་གྱི་སྙན་ངག་ཚན་པ་གསུམ།
རྩོམ་པ་པོ།:བྱུར་དམར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-06-26
ཀློག་གྲངས།:
མགུར་གཞས་ནང་གི་ཚངས་དབྱངས་རྒྱ་མཚོ།
བྱུར་དམར།
ཁྱོད་ནི་བར་སྐོར་གླིང་ནས་བོར་ཟིན་པའི་སྙན་ངག་གི་རྣམ་ཤེས་གསོན་པོ་ཞིག
ཁྱོད་ནི་རྫོང་རྒྱབ་ཀླུ་ཁང་ཏུ་གཏན་དུ་སྦས་ཤིང།
སུས་ཀྱང་བཀླགས་མ་ཐུབ་པའི་གསང་བའི་དེབ་ཐེར་ཞིག
ཁྱོད་ནི་པོ་ཏ་ལའི་རྒྱ་ཕིབས་ལས་འཕྲོས་པའི་འོད་ཀྱི་ཟེར་མ་ཞིག་སྟེ།
ཤར་ཕྱོགས་ཀྱི་རི་རྩེར་རྒྱུ་བའི་དུང་གི་ཟླ་བ།
ཁྱོད་ཀྱི་མགུར་གཞས་ཀྱི་ཚིག་འབྲུ་རེ་རེས་མྱི་སེམས་ཀྱི་སྐྱོ་ངལ་སེལ་ཞིང།
ཁྱོད་ཀྱི་ལྷད་མེད་ཀྱི་བརྩེ་གདུང་རེ་རེས།
ན་གཞོན་ཕོ་མོ་མང་པོའི་ཡིད་ཁམས་ཀྱི་ས་འཛིན་སྒུལ།
ཁྱོད་ནི་ལོ་རྒྱུས་ཁྲོད་ཀྱི་གསང་བའི་མི་སྣ་གལ་ཆེན་ཞིག་སྟེ།
ཁྱེད་ཀྱི་མི་ཚེའི་ནང་དུ་སུས་ཀྱང་རྟོགས་ཐབས་བྲལ་བའི།
ལྐོག་གྱུར་གྱི་ལེའུ་མང་པོ་ཞིག་ཡོད་པ་གདོན་མི་ཟ།
ཁྱོད་ཀྱིས་སྤྲིན་དཀར་པོ་ཞིག་ཐོད་ལ་བཅིངས་ཏེ་མོན་ནས་ཕེབས་ཤིང།
ས་ནག་པོ་ཞིག་འདོམ་ལ་འཇལ་ནས་སྐྱིད་ཤོད་དུ་ཕེབས་དོན།
ཚངས་མགུར་གྱི་གསང་བའི་ཕོ་བྲང་དེ་བཞེངས་ཆེད་རེད་དམ།
ང་ཡི་སྐྱེས་བུ་ལགས།
ལྷ་ལྡན་གྲོང་གི་སེམས་གཞས།
ཉི་མ་ལྷ་ས།
དད་འདུན་གྱི་མཚོ་མོ་ལྟེམ་སའི་ཡུལ་གྲུ།
ལོ་རྒྱུས་ཀྱི་ཡུར་ཆུ་འཁྱིལ་སའི་ལུང་པ།
དད་ལྡན་མཇལ་བ་ང་ཚོའི་ཡིད་ཀྱི་མཆོད་གནས་སྣུམ་པོ།
ཡུལ་སྐོར་ཁྱིམ་པ་མང་པོའི་སེམས་ཀྱི་མཛེས་པ་འཚོལ་ས།
ཉི་མ་ལྷ་ས།
ཚངས་དབྱངས་རྒྱ་མཚོའི་ནང་སེམས་ཀྱི་སྐྱིད་ཆུ་བཞུར་ས།
མགུར་གཞས་སྙན་མོའི་ཚིག་འབྲུ་ཡི་ཆུ་མགོ་བརྡོལ་ས།
དང་བཟང་དབང་པོའི་གསང་བའི་རི་ལུང་ནང་གི
བུད་མེད་དང་རི་དྭགས། དྲི་ཟ་དང་མཁའ་འགྲོ་འཁོར་ས།
ཉི་མ་ལྷ་ས།
གོས་སུ་ཤིང་ལོ་གྱོན་ཞིང་ཟས་སུ་ལོ་མ་ཟ་བའི་ང་ཡི་མེས་པོ་གང་དུ་ཡོད།
སུམ་གཉིས་དཀྱིལ་འཁོར་བཟུང་ཞིང་བསྟན་པའི་བ་དན་འཕྱར་བའི།
ང་ཡི་བཙན་པོ་དང་ལོ་པཎ་གང་དུ་ཡོད།
མི་རིགས་ཀྱི་བླ་སྲོག་དང་བླ་སྲོག་གི་གསང་བ་དེ་དག་གང་དུ་ཡོད།
རྨི་ལམ།
ངས་རྨི་ལམ་ཞིག་རྨིས།
ང་རང་ཕ་ཡུལ་དུ་ཡོད་པ་ཞིག་རྨིས།
ཨ་མ་དང་ངེད་གཉིས་ཀྱིས་རྩྭ་ཐང་ནས་ནོར་ཁྱུ་དེད་པ་རྨིས།
བྱིས་པ་སྣབས་ལུག་ཞིག་གི་འཚོ་བའི་སྣང་བརྙན་མིག་མདུན་དུ་མཐོང།
དེ་ནི་མེ་ཏོག་ཁྲ་ལམ་ལམ་དུ་བཞད་པའི་དབྱར་དུས་ཤིག་རེད།
ངས་རྨི་ལམ་ཞིག་རྨིས།
ང་རང་ལྷོ་མཐའི་གྲོང་ཁྱེར་ཆུང་ཆུང་ཞིག་ཏུ་ཡོད་པ་རྨིས།
འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་མི་ཚོགས་ཁྲོད་ན་ང་གཅིག་པུ་ཤུལ་ཏུ་ལུས་པ་རྨིས།
ངའི་མཐའ་འཁོར་དུ་ཡོད་པའི་མི་དག་གི་ངོ་གདོང་ཆ་མེད་ཡིན་པ་འདྲ།
དེ་ནི་ཕ་ཡུལ་དང་བྲལ་ནས་ཡུལ་སྐོར་དུ་ཕྱིན་པའི་ལེའུ་ཕྱི་མ་ཞིག་རེད།
ངས་རྨི་ལམ་ཞིག་རྨིས།
ང་རང་ལྷ་སའི་བར་སྐོར་གླིང་དུ་ཡོད་པ་ཞིག་རྨིས།
རྫོང་རྒྱབ་ཀླུ་ཁང་ནས་ཚངས་དབྱངས་རྒྱ་མཚོར་སྙན་ངག་མང་པོ་ཞིག་བྲིས་པ་རྨིས།
ཚངས་དབྱངས་རྒྱ་མཚོའི་གསང་བའི་དེབ་ཐེར་སུས་ཀྱང་དོ་སྣང་བྱེད་ཀྱིན་མེད་པ་འདྲ།
དེ་ནི་ལོ་རྒྱུས་ཀྱི་གཏེར་མཛོད་ནས་རླབས་ཆེན་གྱི་སྐྱེས་བུ་ཞིག་དྲན་པའི་དུས་ཤིག་རེད།
འབྲེལ་ཡོད་འོས་སྦྱོར།