ཁ་བ་སྙིང་ལྕགས་ཀྱི་སྙན་ངག
རྩོམ་པ་པོ།:ཁ་བ་སྙིང་ལྕགས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-08-05
ཀློག་གྲངས།:
སློབ་ཆུང་ལོ་རིམ་དྲུག་པའི་སྐབས་སུ།
ཁ་བ་སྙིང་ལྕགས།
སློབ་ཆུང་ལོ་རིམ་དྲུག་པའི་སྐབས་སུ།ངའི་ནང་སེམས་སུ།
ལྷ་སྲུང་སྒྲོལ་མ་ཟེར་བའི།
མེ་ཏོག་ཆུང་ཆུང་ཞིག་སྐྱེས།
མེ་ཏོག་དེའི་འདབ་མ་ཆེས་ཆེར་སྐྱེས་ནས།
ད་ལྟ་བུ་མོ་གཞོན་ནུ་མ་ཞིག་ཆགས་ཡོད།
སློབ་ཆུང་གི་ལོ་རིམ་དྲུག་པའི་སྐབས་སུ།
ངས་སྦག་བཙོག་གིས་ཟིན་པའི་ལག་ཟུང་ལ་ཞ་སྨྱུག་ཐོགས་ནས།
ཆེས་ཐོག་མའི་མཛའ་འཕྲིན་ཞིག་བྲིས།
ངའི་ནར་མ་སོན་པའི་བསམ་པ་ཞིག་ལ།
བརྩེ་དུངས་ནི་ཁོ་མོ་མཐོང་དུས།
མིག་གིས་བལྟ་མི་ཐུབ་པ་ཞིག་གམ།
ཁོ་མོའི་མདུན་སར།
མགོ་བོ་སྨད་དེ་འགྲོ་དགོས་པ་ཞིག་རེད་བསམ།
སློབ་ཆུང་ལོ་རིམ་དྲུག་པའི་སྐབས་སུ།
ངས་རང་གི་ནག་རིལ་རིལ་གྱི་མིག་ཟུང་སྤྱད་ནས།
ཁོ་མོའི་ཆུང་ལ་ཡིད་དུ་འོང་བའི་རྒྱབ་གཟུགས་ལས།
རང་གི་མ་འོངས་པ་བཙལ།
ཁོ་མོ་ནི་ཡིད་དུ་འོང་བའི།
བུ་མོ་ཆུང་ཆུང་ཞིག་ཡིན།
ང་དང་འདྲ་བར།
སློབ་ཆུང་གི་ལོ་རིམ་དྲུག་པའི་སྐབས་སུ།
བསམ་མི་ཤེས་པའི་ངོ་གདོང་ལས།
ཆེས་དྭངས་གཙང་གི་འཛུམ་ཟེར་སྤྲོས།
ཁོ་མོའི་མིག་ཟུང་ནག་རིལ་རིལ་བྱེད།
ཁོ་མོའི་རྒྱབ་གཟུགས།
ཆུང་ལ་ཡིད་དུ་འོང་།
ཁོ་མོའི་རྐང་རྗེས་སུ་མེ་ཏོག་ཚོམ་བུ་ཚོམ་བུ་སྐྱེས་ཤིང་།
ངའི་ནང་སེམས་ཀྱི་སྒེའུ་ཁུང་ལས།
ཕྱེ་མ་ལེབ་ཁྱུ་ཚོགས་ཁྱུ་ཚོགས་འཕུར།
འབྲེལ་ཡོད་འོས་སྦྱོར།