logo

ལི་ཐང་བསྐོར་ནས་སླེབས་ཡོང་། རུས་པ།

རྩོམ་པ་པོ།:རུས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-08-20 ཀློག་གྲངས།:
ལི་ཐང་བསྐོར་ནས་སླེབས་ཡོང་།
རུས་པ།

གསང་རྣམ་གྱི་ཀོ་གྲུ་སྨུག་པོ
ལོ་ཟླའི་གྲུ་སྐྱ་རལ་བོས་རྒྱང་རིང་ལ་ཁྱེར
མུན་ཁྲོད་ཀྱི་རྒྱབ་གཟུགས་ཁོ་ནར་དཔྱངས་པ
གབ་ཚིག་གི་ཕྲེང་ཀོག་རྡོག་གཅིག
ཕྲེང་ཐག་ཆད་པའི་མཚན་ཉིད་དང་མཚོན་བྱ་ལས
རྟོགས་བརྗོད་ཀྱི་ཡང་སྙིང་རེག་ཐབས་བྲལ
མོན་ཕྲུག་ཡུལ་འཁྱམ་ཞིག་གི་ལས་འཕྲོར་སྨིན་པ
ཚངས་མགུར་གྱི་སྙེ་འབྲུ་སེར་པོ
ད་དུང་ཡང་ལི་ཡི་མེ་ལོང་ངོས་སུ
མགོ་ལྕོག་ལྡེམ་མེར་འཛུམ
འོད་མདངས་ཀྲིག་གེར་བཞད

ཉིན་ལ་ལྷ་རི་སྨུག་པོའི་རྔམ་ཟིལ་གྱི་རྩེ་མོར
བྱ་ཁྱུ་དཀར་པོ་ཞིག ཉི་འོད་ཀྱི་འཇིག་རྟེན་ལ་ཕྱོགས་འདུག
མཚན་ལ་ལྷ་ཆབ་སྔོན་མོའི་དལ་འབབ་ཀྱི་ཀློང་དུ
མགུར་གླུ་དྭངས་མོ་ཞིག སྐར་ཚོམ་གྱི་འོད་ལ་སྦྲུམ་འདུག
ཚངས་མགུར་གྱི་ཡལ་གར་བཞད་པའི་ལི་ཐང
ལི་ཐང་གི་ཟབ་སར་འཕྲོ་བའི་ཚངས་མགུར
ལས་འབྲས་ལ་ཁེར་རྐྱང་གི་གཤོག་པ་ཐོགས་ཉིན་ནས
ལྷ་སའི་གླིང་ཟུར་དུ་ལྷོང་བའི་མཛའ་གཞས
ལི་ཐང་གི་གཞོང་བ་ཁོ་ནར་བཞུར་ཅིང
ཞབས་ཀྱིས་བཅགས་པའི་རྒྱལ་ཁམས་ཀྱི་ས་རིས་ཡོད་ཚད་ཀྱང
ལི་ཐང་གི་གཞོང་བར་བཀྲ་འདུག
ཉི་འོད་ཀྱི་བདེན་པར་ཕྱོགས་རིས་བྲལ་ཡང
འོད་ཟེར་གྱི་ཐ་སྙད་ལ་བསྟར་པའི
རིན་ཆེན་ནོར་བུའི་མགུལ་རྒྱན་ཁེར་སྐྱ་ཞིག
བྱམས་པའི་ནུ་བུམ་གྱི་ཏོག་ལ་སྤྲས་ཉིན་ནས
མཛེས་པ་ཇི་སྙེད་ཀྱི་ཉིང་ཁུ་ནམ་ཡང་ལི་ཐང་དུ་འཁྱིལ

མོན་ཕྲུག་ཚངས་དབྱངས་རྒྱ་མཚོ
གསེར་གྱི་རྒྱ་ཕིབས་ལས་མུན་པའི་བཙོན་ར
མུན་པའི་བཙོན་ར་ལས་ལྷ་སའི་སྤྲང་པོ
ལྷ་སའི་སྤྲང་པོ་ནས་གྲོགས་མེད་ཡུལ་གྱར
གྲོགས་མེད་ཡུལ་གྱར་ནས་རྒྱལ་ཁམས་བྱེད་པོ
ཚང་ཚིང་འཁྲིགས་པའི་རྟོགས་བརྗོད་ཀྱི་ཡལ་གའི་གསེབ་ལ
ཆག་འཇིག་གི་མུན་རྡུལ་བརྩེགས་མར་ཆགས་ནའང
ཁྱེད་ནི་ནམ་ཡང་ལི་ཐང་གི་པང་ན་གཟིམས་པའི
ནར་མི་སོན་པའི་གཅེས་ཕྲུག་དེ་ཡིན་ཨང

ཉམ་ཆུང་གི་གླུ་སྐད་ལ་ཡི་མུག་གི་ཚ་གདུག་འཕེལ་མྱོང
དབུལ་ཕོངས་ཀྱི་མིག་ཀོང་ལ་རེ་ཆད་ཀྱི་ས་རྡུལ་བབས་མྱོང
སྡེ་གཟར་གྱིས་གཙེས་པའི་ནད་ཡམས་ཀྱི་ཉིན་མཚན
ཉིན་མཚན་ལ་དཀར་ནག་གི་དབྱེ་བ་མི་གསལ་ཀྱང
རི་བོའི་ཕར་རྒྱབ་ལི་ཐང་ཡིན་པས་ཞུམ་མ་མྱོང
གཙང་བོའི་ཚུ་རོལ་མགུར་མ་ཡིན་པས་སྐྱོ་མ་མྱོང
ཚངས་མགུར་གྱི་གཞུང་རྟར་ཐིམ་པའི་ཚངས་དབྱངས་རྒྱ་མཚོ
བརྩེ་དུངས་ཀྱི་གོར་མར་སིམ་པའི་ལྷ་བྱ་དཀར་པོ

ཕོ་བྲང་ནང་རོལ་གྱི་གཤེད་མའི་རླུང་བུ
ལྷ་སའི་བང་རིམ་ལ་ངེས་མེད་ལྡང་དུས
ཁྱེད་ནི་མཐོང་སྣང་ལ་མཚར་བའི་བྱིས་པ་ཞིག
ཕོ་བྲང་ཕྱི་རོལ་གྱི་ཁ་བ་དཀར་པོ
རྡོག་ལམ་གྱི་སྣེ་མོར་མར་མར་འབབ་དུས
ཁྱེད་ནི་བྱམས་པ་འཚོལ་མཁན་གྱི་གསར་ཕོ་ཞིག
ལི་ཐང་གི་མཚར་སྡུག་ཀློང་ན
མོན་ཡུལ་ཨོ་རྒྱན་གླིང་ལ་ཤ་དྲོད་དབེན་ནམ
ལི་ཐང་གི་བྱམས་པའི་རུམ་ན
དགའ་ལྡན་ཕོ་བྲང་གླིང་ལ་ན་ཟུག་མེད་དམ
ཨ་ཨ མོན་ཕྲུག མོན་ཕྲུག
ཁྱེད་ནི་མ་གཞི་ནས་གསང་རྣམ་ཞིག་རེད་ཨང
ཁྱེད་ཀྱི་དུས་གསུམ་གྱི་དབྱིངས་སུ
དབྱར་གཞུང་གི་ནམ་མཁར་དགུན་གྱི་ནམ་ཟླ་ཆགས་ཤིང
དགུན་གྱི་ས་གཞི་ལ་རྨིག་པའི་རྡུལ་འཚུབ་འཁྲིགས
མངོན་སུམ་དང་སྒྱུ་འཕྲུལ་ལན་བརྒྱར་འཐབ་པས
པོ་ཏ་ལའི་ཕྱི་རོལ་གྱི་མོན་ཕྲུག་སྐྱ་བོས
སྲ་མཁྲེགས་ཀྱི་ལྡེ་མིག་སྤར་གང་སྐྱིད་ཆུར་གཡུགས
ལི་ཐང་གི་མེ་ཏོག་ཅིག་ལ་དམ་དུ་འཁྱུད་ནས
ལོ་ཟླའི་བང་རིམ་ན་ཁ་དོག་གིས་གཏམས་པའི
འུ་ཐུག་དང་སྐྱོ་ངལ་ཡོད་ཚད་ཀྱང་མེ་ཏོག་གི་གང་བུར་བླུགས

ཚངས་མགུར་གྱི་རྩ་བ་ལས་གྱེས་པའི
ཡལ་ག་དང་ལོ་འདབ
མེ་ཏོག་དང་འབྲས་བུ་སྣ་ཚོགས
སྐྱིད་ཆུ་སྔོན་མོའི་བརླན་གཤེར་གྱིས་གསོ་མ་ནུས
ཉི་མའི་གྲོང་གི་རྣང་ཞིང་ལས་འཁྲུངས་མ་སོང
ཚ་གྲང་གིས་འཐག་པའི་གཟན་ཤམ་སྐྱ་བོ
ནང་སེམས་ལ་འཁྱིལ་བའི་ན་བུན་སྟུག་པོ
བརྗོད་བྱ་དང་འགྲེལ་བཤད་ཀྱིས་བཏེགས་པའི་ནམ་མཁར
རང་དབང་གི་དྭངས་གསལ་ཡོངས་སུ་ཁེགས་ན
སྐུ་གཟུགས་ལྕུག་ལྕུག་དང་མིག་ཆུ་ཉིལ་ལེར
འདར་ཡོམ་དང་དངན་པའི་ཁ་རླངས་ཁྲོད
འཁོར་བའི་ཉིན་སྲིབ་ཡོད་ཚད་སྤྲིན་པ་ཞིག་ལ་བསྐུར
ནང་གི་གསང་བ་ཡོད་ཚད་འདབ་ཆགས་ཤིག་ལ་བརྟོལ
ལི་ཐང་གི་སྙེ་མ
ཚངས་མགུར་ལས་འཁྲུངས་པའི་གསེར་གྱི་སྙེ་མ
ལི་ཐང་གི་ས་བོན
ཚངས་མགུར་ལས་བསྐྱེད་པའི་མྱུ་གུ་ཕྲ་མོ
མྱུ་གུར་འབྲས་བུ་ཐོགས་ནས་ལོ་ཟླ་རིང་མོ་ཞིག་བཟླས
འབྲས་བུ་ས་ལ་ཟགས་ནས་ཀྱང་ལོ་ཟླ་རིང་མོ་ཞིག་ཕྱིན
ལོ་བརྒྱའི་ལི་ཐང་དུ་བདལ་བའི་ཚངས་མགུར་གྱི་སྙེ་མ
དུས་འདིར ཐུ་བ་ཡར་ལ་བརྫེས་ནས་སྙེ་མ་འཐུ་མཁན་གྱི་བུ་མོ་ཞིག་མཐོང་བྱུང
རྨོན་དོར་ལྕག་གིས་འབྲབ་བཞིན་ས་བོན་འདེབས་མཁན་གྱི་ཨ་ཇོ་ཞིག་ཀྱང་མཐོང་བྱུང

ལི་ཐང་གི་ནམ་མཁའ་སྔོ་ཞིང་དྭངས
ལི་ཐང་གི་ས་གཞི་སྣུམ་ཞིང་བརླན
ལི་ཐང་གི་སྣང་བའི་དབྱིངས་སུ་མགུར་གླུ་འཚེར
ལི་ཐང་གི་མུན་པའི་སྦུབས་སུ་མགུར་གླུ་འབབ
ལི་ཐང་གི་སྙིང་བོར་འཁྲུངས་པ
མགུར་གླུ་ཁོ་ན་ཞིག་ཡིན་སྲིད་དམ
“བྱ་དེ་ཁྲུང་ཁྲུང་དཀར་མོ། །
གཤོག་རྩལ་ང་ལ་གཡོར་དང་། །
ཐག་རིང་རྒྱང་ལ་མི་འགྲོ། །
ལི་ཐང་བསྐོར་ནས་སླེབས་ཡོང་། །”

མཆན་འགྲེལ།
① «ཚངས་དབྱངས་རྒྱ་མཚོའི་མགུར་གླུ»ལས་བཤུས།
འབྲེལ་ཡོད་འོས་སྦྱོར།