logo

ས་དམར་གྲགས་པའི་སྙན་ངག་རིང་མོ།

རྩོམ་པ་པོ།:ས་དམར་གྲགས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-09-12 ཀློག་གྲངས།:
རྡོ་བའི་དབྱིག་ནོར་ཁང་།
ས་དམར་གྲགས་པ།

ཁང་ཐོག་ནས་ཡར་ལ་བལྟས
ནམ་མཁར་བལྟས
སྐར་མ་མང་པོའི་ནང་གི་རང་ཉིད་ལ་བལྟས
མིག་ཇི་ལྟར་ཆེ་ན་རླུང་དེ་ལྟར་ཆེ་བའི་སྣང་ཚུལ་ལ་བལྟས
རྡོ་བར་ཁ་བརྐོས
སྣ་དང་རྣ་དང་ལྕེ་ལ་སོགས་པ་བརྐོས
རྐང་ལག་ཀྱང་རང་དང་འདྲ་བ་བསུབས་མི་ཐུབ་པ་ཞིག་བརྐོས
དེར་ཀློག་བསླབས
གཞས་ཚིག་རེ་འགའ་ཡང་ཞོར་དུ་བསླབས
ཆང་འཐུང་ཚུལ་དང་ངག་འདར་ཚུལ་བསླབས
རྡོ་ལེབ་ངོས་སུ་མར་དང་རྩམ་པ་བཏབ
རྐང་ལམ་དང་ཆུ་ལམ་འཚོལ་བྱེད་ཀྱི་ངག་འཇམ་པོ་ཞིག་ཀྱང་དགོས་ངེས་ཡིན
ལམ་འགྲམ་གྱི་ལྗོན་གསེང་དུ་ལུས་པའི་རྔུལ་ཆུ
རྡོ་བའི་མངལ་དུ་སྦས
ཨ་མ་ཞིག་བཙལ་བར་བཏང
བྱིས་པ་ཆུང་ཆུང་གི་མིག་ཆུ་ལ་འོད་བརྐོས
སྐད་མཐོན་པས་གླུ་ལེན
མངའ་རིས་དང་ལྷ་སར་འགྲོ་བའི་རླངས་འཁོར་བཙལ
པ་སེ་རྡོ་ཡིས་ཉོས
རྡོ་ཡིས་རླངས་འཁོར་བཟོས
རླངས་པས་གྲུབ་པའི་ཨ་མ་གསལ་པོ་ཞིག་རུམ་དུ་བསྡུས
རྡོ་ཡི་རལ་གྲི་ཞིག་ཀྱང་དགོས
བྱེ་མའི་ཁང་སྟོང་ནང་གི
ལ་ཁའི་ཉི་མ་ནུབ་སོང
འོ་མའི་གཙང་པོ་སྐམ་པོ
རྡོ་ཡི་མིད་པར་འཛུལ་སོང
རིན་ཆེན་འོད་མངའ་རིས་ནས་ཙོང་ཁར་ཆས་སོང
རྡོ་ཡི་ཚོང་ལ་ཕྱིན་སོང
རྡོ་ཡི་ཕོར་པ་དང་རྡོ་སྐུ
རྡོ་ཡི་སླ་ང་དང་རྡོ་ཀོང
རྡོ་ཆས་སྣ་ཚོགས་ཀྱི་གསེང་ནས་འབུར་འབུར་འབུར་འབུར་ཕྱིན་སོང

ཙོང་ཁར་བཞུགས་པའི་སྐུ་མགྲོན་རྣམ་པ
ཁྱེད་ཅག་གིས་རིན་ཆེན་འོད་མཐོང་འོང་ངམ

གཙོས་ན་བཞུགས་པའི་གྲོགས་པོ་རྣམས
རྡོ་ཆས་ཉོས་སམ

ཅོ་ནེ་རུ་བཞུགས་པའི་སྤུན་ཉེ་ཚོ
རྡོ་ཡི་རི་མོར་མཇལ་ལམ
ཆུ་རྡོ བྲག་རྡོ ལྕགས་རྡོ གསེར་རྡོ དངུལ་རྡོ འགྱུར་རྡོ
རྡོ་སྣ་ཚོགས་པ
གནམ་ལྕགས་ངག་ལ་འཛུལ་བའི་སྒྲ་ལ་རྡོ་ཡི་རྟ་ཞིག་འདེགས
རྟ་གཤོག་པ་ཅན་དེ་ཉི་མས་བཟུང
རི་བོ་གནས་སྤོར་སོང་བ་དེར་བླ་ཞིག་བསྐོངས
བླ་གཡང་གིས་འཛིན

གཡུ་ཆེན་རྡོ་ཡི་ཨ་མ་འབོད
གཡུ་སྙིང་གངས་ཀྱི་མདུད་པ་བཙལ
ཐབ་རྡོ་རི་ནས་རྙེད་པས་རི་ལ་སེམས་པ་ཟུག་སོང
རྡོ་ལས་ཉི་འོད་རྙེད་པས་རྐང་མཐིལ་ཚ་མོར་ཆགས་སོང
ཤ་བཟའ་བྱེད་ལ་རྡོ་དགོས་སམ
ཆུ་འཐུང་བྱེད་ལ་རྡོ་དགོས་སམ
སྙིང་མེད་སྡེབ་བྱེད་ལ་རྡོ་དགོས་སམ
ཟླ་བའང་རྡོ་བ་ཞིག་ཡིན་སྲིད
སྲིད་པ་བོད་ཀྱི་ཆུ་བོ་དག་རྡོ་ལས་བབས་པ་ཡིན་སྲིད
དམ་སྲི་དག་ཀྱང་རྡོ་ཡིས་མནན་ཡོད་སྲིད

ཤར་གྱི་རྡོ་བ་ནུབ་ལ་འཕུར
ལྷོ་ཡི་རྡོ་བ་བྱང་ལ་བབས
སྐུ་མཁར་བརྩིགས
ལྷ་ཁང་བཞེངས
བཙོན་ཁང་བརྒྱབ
གློག་ཁང་བཟོས
རྡོ་ཟམ་གྱི་རྣམ་ཤེས་ཆུ་ལ་འཐིམ
རྡོ་ཁང་རྙིང་པ་ཞོལ་གྱི་མེ་ཏོག་འདྲ
རྡོ་ཁང་གསར་པ་ཡུལ་གྱི་སྒོ་མོ་འདྲ

ཨ་ཆེན་གངས་ཀྱི་རྡོ་བ
གནམ་གྱི་ཀ་རྡོ་ཡིན་ནོ
བྱང་ཐང་གཡང་གི་རྡོ་བ
ལྷ་སའི་ཐབ་རྡོ་ཡིན་ནོ

རིན་ཆེན་འོད་ཅོ་ནེར་ཕེབས་ནང་ལའང་ཕ་ཡུལ་གྱི་རྡོ་བ་ཞིག་བསྐུར་གནང་རོགས
ཨ་མ
གཟི་ཁྲ་ཁྲ་ལྷ་ཡི་རྡོ་བ
རིན་ཆེན་གཏེར་གྱི་བདག་པོ

བྱི་རུ་དམར་ཆུང་མཚོ་ཡི་རྡོ་བ
གཙང་པོ་ཀུན་ཀྱི་སྲོག་ཤིང
གཡུ་དྲུག་དཀར་བླ་ཡི་རྡོ་བ
རིན་ཆེན་འོད་ཀྱི་བླ་གཡུ
ས་འོག་ནས་ཡར་ལ་བལྟས
སའི་རི་མོ་ནང་དུ་བསྡུས
རི་རབ་ཀྱི་རྩ་བ་འབུས་པའི་གངས་ཀྱི་དཀྱིལ་འཁོར་ལ་བལྟས
མཚོ་མོར་བལྟས
སར་ལྷུངས་པའི་སྐར་མའི་མེ་ཏོག་ལ་མཉན
རྡོ་བའི་སེམས་སུ་ལོག་རྟོག་གི་ངག་ཁྲལ་མེད་པའི་རྡོ་སྐུ་ཞིག་བརྐོས

ནམ་མཁའ་ནས་མར་བལྟས
ས་འོག་གི་རི་མོར་བལྟས
གཙང་པོས་གསང་རྒྱ་བྱས་པའི་རྡོ་བར་བལྟས
རྡོ་ཡི་གསེང་གི་ལྷ་སར་བལྟས
ལྷ་སའི་རྡོ་བར་བལྟས
རྡོ་ཐེམ་གསེང་གི་ནམ་མཁར་བལྟས
མིག་ལ་འཛུལ་བའི་རི་རྒྱུད་ཀྱི་རྟོགས་པར་བལྟས

སྐུ་གདུང་དག་གི་བུམ་པའི་ནང་ལ་འཐིམ་པའི་རྡུལ་ཚོན་གྱི་བྱེ་མར་འཇུས
ཨོཾ་ཡིག་གཅིག་གི་ངག་མི་འཆལ་བར་དད་པ་བྱས

ལྷོ་འཛམ་བུ་གླིང་གི་རྡོ་བ
མིའི་རིགས་ཀྱི་ལོ་རྒྱུས་ཀྱིས་གྲུབ་པའི་རྡོ་བ
ཨ་མའི་སྡོད་ཁང་གི་རྩིག་པ

ཀ་རྡོས་ས་གཞི་མནན
ཀ་བས་ནམ་མཁའ་དབུགས
ས་ལམ་ཐུབ་པའི་རྡོ་ཆེན་ཨ་མོ་ལི་གེ
རྡོ་ཡི་གཡང་རྟེན་ཡིན་སོང
༡༠
རྡོ་དམར་པོ་སོབ་སོབ་ལྦུ་བ་འདྲ
རྡོ་དཀར་པོ་མེ་ཡི་ཡུམ་ཆེན་འདྲ
རྡོ་ནག་པོ་སྟག་མོའི་མཆེ་བ་འདྲ
རྡོ་སེར་པོ་འདམ་གྱི་མེ་ཏོག་འདྲ

རྡོ་ལ་སྟོང་པ་ཉིད་སློབ
རྡོ་ལ་བརྩེ་བ་སློབ
རྡོ་ལ་དད་པ་སློབ
རྡོ་ལ་མ་བྱན་སློབ

རིན་ཆེན་འོད་ལ་རྡོ་ཡི་བུ་ཞིག་བྱིན
བུ་དེར་གཡུ་རྣ་ཆ་ཞིག་བྱིན
༡༡
མེ་ལ་བཙོས་པའི་རྡོ་སོལ
གཙང་པོའི་རླངས་པ་འདྲ་ལེ
ལུང་རྡོ་སླ་ང་ནག་པོ
འཁོར་བའི་སྒོ་མོ་འདྲ་ལེ
༡༢
རྡོ་རྒྱུས་སད་པའི་རྡུལ་དག་འཕུར་ཤུལ་དུ
བ་སྤུའི་གསེང་ནས་ཤ་ཁྲག་བཙལ
རུས་པ་རྡོ་ལྟར་སྲ་བའི་དམ་པ་ཞིག་བཙལ
བྲག་གསེང་ནས་ཉི་མར་ལྡེ

ཆུ་ནང་ནས་ཤིང་སྐམ་བཙལ་མཁན་གྱི་མི་རྣམས་སྐད་ཐོངས་ཤོག
རིན་ཆེན་འོད་སླེབས་བྱུང
མེ་ཁ་གསོ་བྱེད་དུ་རྡོ་ཡི་མེ་རྟ་ཉོ

ཟངས་རྡོ་རི་རབ་འདྲ་ཞིག་ཉོ
ཟངས་སྐུ་ཉི་མ་འདྲ་ཞིག་བཟོ
ཉི་མའི་ལག་པ་སར་ལྷུང་དུས་སྡོད་སའི་གནས་དགོས
བལྟ་སའི་ཡུལ་དགོས
༡༣
བྱ་རྒོད་ཀྱི་གཤོག་པ་འཕུར་བྱེད་དུ
རྡོ་ཀླད་ས་ཁྲ་འདྲ་ཞིག་དགོས

རྡོ་ཁབ་ལེན་གྱིས་རི་རབ་སློག་བྱེད་དུ
འོད་ཟེར་ཁབ་རྩེ་འདྲ་ཞིག་དགོས

ཞབས་རྗེས་རྡོ་ལ་བཞག་པས
ས་གཞི་ཆེ་རུ་ཕྱིན་སོང
རྡོ་ལ་ཡི་གེ་བབས་པས
ངག་ནས་གཙང་པོ་འཁྲུངས་སོང
༡༤
ཁ་ནང་ལ་བལྟས
ཁོག་པའི་ནང་ན་སྐར་མའི་གྲིབ་མ་ཡོད་མེད་བལྟས
སྡིག་སྒྲིབ་རྡོ་བར་ཕོག་མིན་ལ་བལྟས

རྡོ་ཉི་མ་འདྲ་ཞིག་སྒལ་པར་ཁྱེར་ནས་གསེར་འཚོལ་བར་འགྲོ
རིན་ཆེན་འོད
གཡའ་མས་བརྩིགས་པའི་ཁང་པར
རྡོ་ཡི་བྱིན་རླབས་འདུག་གམ

རྡོ་ཡིས་འཇོར་བཟོས
རྡོ་ཡིས་ཐོང་ག་བཟོ
རྡོ་ཡིས་ཐོང་ལྕགས་བཟོ
རྡོ་ཡིས་ཞིང་ས་ཆེན་པོ་ཞིག་བསྐོར་ཏེ་རྒྱ་མཚོའི་ངོས་སུ་ནས་འདེབས

ཡུར་ཆུར་རྡོ་ཡིས་འདྲེན
ཉི་ཟླ་སར་བཏབ་ནས་སོ་ནམ་བྱེད
༡༥
རིན་ཆེན་འོད་དར་རྩེ་མདོ་ནས་དབུས་ལ་འབྱོར་བྱུང
ཚལ་གུང་ཐང་དུ་འབྱོར་སོང

རྒྱལ་ཐང་ནས་ཉོས་པའི་རྡོ་ཡི་གཞོང་པ་ཞིག་ཁྱེར་འདུག
ཟམ་པ་འདོགས་བྱེད་ཀྱི་རྡོ་ཡི་ཀ་བ་ཞིག་ཁྱེར་འདུག

བུ་ཆུང་དབུས་ལ་ཡོང་དུས
གངས་དཀར་རི་བོར་མཇལ་ལམ
ཀོང་པོའི་རོང་ལ་འབྱོར་དུས
རྡོ་ལ་རྣམ་ཤེས་སྦས་སམ
༡༦
རྡོ་ལམ་རིང་པོ་དབུས་ཀྱི་རྡོ་ལམ
བར་སྐོར་དང་པོ་ཏ་ལའི་རྡོ་ལམ
བུམ་པ་རི་དང་དགེ་འཕེལ་རིའི་རྡོ་ལམ

རྒྱ་མཚོའི་ཁ་ལེབ་འདྲ་བའི་རྡོ་ཡི་གྲོང་ཁྱེར
ལྷ་ས
སེ་རའི་དབུ་རྩེ་ན་ལྷ་སར་བལྟས་ཡོད་པའི་རྡོ་བ་འདི་དག
རྐང་ཐང་དབུས་ལ་ཡོང་མཁན་དག་གི་ཁྱིམ་མི་ཡིན་འགྲོ
བླ་རྡོ་ཡིན་འགྲོ
གཤིན་པོ་ཡུལ་ལ་ལོག་སའི་ལམ་རྟགས་ཡིན་འགྲོ
དུར་ཁྲོད་ཀླུ་མོ་རྒྱལ་གྱི་རལ་པ་ཡིན་འགྲོ
རྐང་འོག་ནས་སར་བལྟས

སའི་སྙིང་ཁར་འཛུལ་བའི་རྡོ་བར་བལྟས
རང་གི་གྲིབ་མར་བལྟས
རྡོ་སྐུ་རང་བྱོན་ཞིག་གི་ཁ་དང་སྤྱན་ལ་བལྟས
སྲོག་སྙིང་རྡོ་ཡིས་གྲུབ་པའི
རི་བོ་ཧི་མ་ལ་ཡི་དབུ་རྩེར་བལྟས
༡༧
རྡོ་ལས་མེ་བསྔོགས
རྡོ་ལས་ལམ་བསྔོགས
རྡོ་ལས་ཁང་པ་བསྔོགས
རྡོ་ལས་དམག་འཁྲུག་བསྔོགས
རྡོ་ལས་གསེར་བསྔོགས
རྡོ་ལས་དངུལ་བསྔོགས
རྡོ་ལས་ཟངས་བསྔོགས
རྡོ་ལས་ཡི་གེ་བསྔོགས
རྡོ་ལས་དཔལ་ཡོན་བསྔོགས
རྡོ་ལས་འདུ་ཤེས་བསྔོགས
རྡོ་ལས་རྟེན་འབྲེལ་བསྔོགས
རྡོ་ལས་འཆི་བ་བསྔོགས

རྡོ་ལས་གཙང་པོ་ཆེན་པོ་ཞིག་བསྔོགས
མིག་ལ་བརྒྱུས

རྣ་བ་འོན་པར་མ་གྱུར་པའི་རྡོ་ཡི་སྒོ་ཆེན་ཞིག
གཏེར་དུ་སྦས
ས་ཡི་རྨ་ཁ་འཇའ་ཚོན་གྱིས་ཚེམས
༡༨
ལྷ་རྡོ ཀླུ་རྡོ གཉན་རྡོ
སྲིད་པ་ཆགས་པའི་ལྷ་དགུ་ཡི་འགྱོག་རྡོ
བརྟན་མ་བཅུ་གཉིས་ཀྱི་མཚེར་རྡོ
ཚེ་རིང་མཆེད་ལྔའི་གཏེར་རྡོ
འོད་ལ་ཆིབས་པའི་མེ་ཏོག་གི་བཀྲག་མདངས
མིག་གི་སྣོད་དུ་བླུགས
སྡིག་ལ་ཁ་མཇེད
གཉེན་ལ་བློ་དཀར
རྡོ་བ་སྟེང་འོག་བརྗེས་པའི་ཁང་རྙིང་ཞིག་ལས་རླུང་ལ་བསྒུགས
དུ་བས་སྒོ་ཟྭ་ཕྱེས་རྗེས
རྡོ་ཡི་ཕོར་པ་ཞིག་ཏུ་འོ་མ་བླུགས
གདོན་བགེགས་ཀྱིས་མི་བསླུ་བའི་ཕྱིར་དུ
རྡོ་ལ་འཕྲིན་བཅོལ་བྱེད
ཐུགས་དམ་ཞུ
༡༩
དམ་ཚིག་རྡོ་ལས་བབས་པའི
སེར་པོ་ཉི་མའི་འོ་མ
མིག་མདངས་ཇོ་བོར་འབྱུག་དུས
སེམས་ནས་དམྱལ་བ་བོར་རམ
༢༠
རྡོ་ཡི་བྱ་དང་གཤོག་པ
རྡོ་ཡི་སྒ་དང་རྟ
རྡོ་ཡི་རྨི་ལམ་དང་མངོན་སུམ
རྡོ་ཡི་ལྷམ
རྡོ་ཡི་རྔ་མོང་བྱེ་ཐང་བརྒལ་དུས་ཆུ་རྡོ་ལ་བཅོལ
ལམ་ཁོག་ལ་གཏད
རྡོ་ལ་སྐུར་བ་མི་འདེབས་པའི་ཕྱིར་དུ་རིན་ཆེན་འོད་འབོད
རྡོ་ཡི་ཕྲེང་བ་ཞིག་བྱིན

རྡོ་ཡི་རྣམ་ཤེས་རི་ལ་ཞུགས་དུས་སུ
གངས་ཀྱི་རྩེ་མོས་སྐར་ཚོགས་འཛིན་པ་མཐོང
༢༡
རྡོ་ཡི་མི
རྡོ་ཡི་མཆོད་རྟེན
རྡོ་ཡི་དུག་སྦྲུལ
རྡོ་ཡི་སེང་གེ
རྡོ་ཡི་རླུང་རྟ་སྡེ་བཞི
རྡོ་ཡི་དོམ་ནག་སྨྱོན་པ
རྡོ་རྒྱལ་དུས་ས་གཞི་རྒྱལ་ལོ
མེ་དང་རླུང
རྣམ་པར་ཤེས་པའང་རྒྱལ་ལོ
༢༢
དབུས་ཀྱི་རི་རྒྱལ་ལྷུན་པོ
རིན་ཆེན་རྡོ་ཡི་བང་མཛོད
ཆུ་བོ་བརྒྱད་ཀྱི་ཡུམ་ཆེན
རིན་ཆེན་རྡོ་ཡི་ཕ་ས
༢༣
བླ་རྡོ་ཉི་མར་ལྡེ་ཞོར་སྟོད་ལ་བལྟས
སྟོད་ཀྱི་གངས་དཀར་ཏེ་སེར་བལྟས

གཡུ་རྡོ་སྐེ་ལ་བཏགས་ཏེ་སྨད་ལ་བལྟས
སྨད་ཀྱི་བཀྲ་ཤིས་འཁྱིལ་བར་བལྟས

རྡོ་ཡི་པདྨ་དཀར་པོ
འཇའ་ཡི་ལུས་ལ་འཐིམས་སོང
རྡོ་རྙེད་སོང
མིའི་རིགས་ཀྱི་དྲིན་དྲན་ནོ

ཨོཾ་ཡིག་ལ་འདྲེས་པའི་རྡོ་བར་བལྟས
རྒྱ་ནག་མ་ཎི་ལ་བལྟས
ས་འགུལ་རྗེས་ཀྱི་རང་བྱུང་གི་བྱིན་རླབས་ལ་བལྟས
༢༤
རྡོ་འབོད་པ་ནི་བླ་འབོད་པ་སྟེ
བླ་ཡི་ཚེ
བླ་ཡི་སྲོག
བླ་ཡི་ལུས

རྡོ་ལྷ་རྒྱལ་མཚན་འགྲམ་ནས་ཡར་ལ་བལྟས
ནམ་མཁའ་སྟོང་པར་བལྟས

རྡོ་ཡི་ལྷ་སྒྲུང་ལས་བབས་པའི་མི་རྣམས་ལ་བལྟས
རོ་མའི་གཏམ་རྒྱུད་ལ་བལྟས
ཨེ་ཇིབ་ཀྱི་དུར་སར་བལྟས
སངས་རྒྱས་ཀྱི་ཕྱག་རྒྱར་བལྟས

རྡོ་ལས་གསེར་འཚོལ་མཁན་དག་ལ་བལྟས
བཀའ་གཙིགས་ལ་བཏབ་པའི་རྡོ་བར་བལྟས
༢༥
དུས་ངེས་མེད་དུ་ལུས་ལ་ས་རྡུལ་ཁུར་བའི་རྡོ་བས་གཞི་རྩིབ་མ་བཞིན་དུ་གནས
ས་གཞི་མཐོ་རུ་གཏོང་བྱེད་དང་སྐྲག་སྣང་ཕྱི་རུ་འགོག་བྱེད
གང་འདོད་སྤྱོད་ཆོག་པ་དང
ཅི་འདོད་སེམས་ལ་སྦྱིན་པའི་ལས་རྣམས་ཁུར་བའི་རྡོ་བ
གསེར་ཁྲི་སྒལ་པར་བཞེངས་པའི་ཕ་བོང་ཞིག་གི་ལུས་བླངས་འདུག
སྒོ་ཁ་གསེར་གྱིས་རྒྱན་པའི་ཁྱིམ་ཚང་ཞིག་གི་ལུས་བླངས་འདུག
མཛུབ་དཀྲིས་ཀྱི་ལུས་བླངས་འདུག
གདུ་བུའི་ལུས་བླངས་འདུག
ལྕགས་ཐག་གི་ལུས་བླངས་འདུག
ལྕགས་དྲ་དང་ལྕགས་ལམ་གྱི་ལུས་བླངས་འདུག
མེ་མདའ་དང་མདེའུ་ལུས་བླངས་འདུག
གསེར་གྱི་ལུས་བླངས་འདུག
དངུལ་གྱི་ལུས་བླངས་འདུག
ཟངས་ཀྱི་ལུས་བླངས་འདུག
ཧ་ཡང་གི་ལུས་བླངས་འདུག
ཞ་ཉེ་ཡི་ལུས་བླངས་འདུག
ཅི་བྱས་ཀྱང་སྡིག་པ་མེད་པའི་མི་ཚོགས་ཤིག་གི་ལུས་བླངས་འདུག
མ་རིག་པའི་དོང་ནང་གི་མར་མེ་ཞིག་གི་ལུས་བླངས་འདུག
ཁབ་ཀྱི་ལུས་བླངས་འདུག
གཟེར་མའི་ལུས་བླངས་འདུག
བཙོན་ཁང་གི་སྒོ་མོའི་ལུས་བླངས་འདུག
མཚོ་ཁའི་གྲུ་གཟིངས་ཀྱི་ལུས་བླངས་འདུག
དམག་དང་སོ་ལྟ་བའི་ལུས་བླངས་འདུག
རྫས་སྣ་ཚོགས་ཀྱི་ལུས་བླངས་ནས་ཁ་མེད་པའི་བུམ་པ་ཞིག་བཟོ་བཞིན་འདུག
༢༦
ཉི་མའི་ལུས་ལས་བབས་པའི་རྡོ་བ
ཟླ་བའི་ལུས་ལས་བབས་པའི་རྡོ་བ
ཆུ་ལྟར་རྫོགས་པ་མེད་པའི་རྡོ་བ
མགོན་མེད་ཟས་སྦྱིན་གྱི་རྡོ་བ
སྐར་ཚོགས་ཀྱི་འོད་ཟེར་ལས་བབས་པའི་རྡོ་བ་ཡོད་དོ་ཅོག
ནམ་མཁའ་མཐུག་པོ་འདིའི་འོག་ན་གནས

ཞིང་ཚིགས་བར་གྱི་རྡོ་བ
ལམ་ཚད་ཀྱི་རྡོ་བ
གྲོང་ཁྱེར་གྱི་རྡོ་བ
ས་མཚམས་ཀྱི་རྡོ་བ
རྒྱལ་ཁོངས་ཀྱི་རྡོ་བ
ཡུལ་དུས་གང་ལའང་ཁ་གྲག་བཞིན་པའི་རྡོ་བ་འདི་དག
རྟེན་འབྲེལ་གྱིས་གྲུབ་པའི་ཟམ་ཆེན་ཞིག་སྟེ
གྲིབ་མས་སྒྲ་འཛིན་པའི་ལས་བྱེད་བཞིན་འདུག
༢༧
རིན་ཆེན་འོད་ཀྱིས་རྡོ་བ་རྙེད
རྡོ་ལས་ཁྱིམ་རྙེད
གངས་ཀྱིས་གྲུབ་མའི་དབྱིག་ནོར་ཁང་ཞིག་རྙེད
ཞོལ་ལ་བལྟས
ནང་ལ་བལྟས

རྡོ་རྩིག་གི་གསེང་ན་ལུས་པའི་པོ་ཏ་ལར་བལྟས
ལྷ་ལས་བབས་པའི་མི་རྣམས
རྡོ་ལ་དགའ
རྡོ་ལ་མེས་པོ་བརྐོས
རྡོ་ལ་ཐར་པ་བརྐོས
རྡོ་ལས་སྐྱེས་པའི་ཕྱིར་དུ་རྡོ་ལ་བལྟས

རིན་ཆེན་འོད
བླ་གཡུ་དྲུག་དཀར་མ་དེ་ཁྱེར་ཤོག
གཡང་འབོད
ས་དང་ཆུ་འཛིན
མེ་དང་རླུང་འཛིན
ནམ་མཁའ་འཛིན
མི་རྟག་པ་འཛིན
བདེ་བའི་བདེ་བ་འཛིན

རིན་ཆེན་འོད
བྱ་རྡོ་ལམ་ནས་འཕྲད་པའི་སྨོན་ལམ་འདེབས
སྐྱིད་ཆུའི་ཁ་ནས་ཐབ་རྡོ་གསུམ་ཁྱེར་ཤོག
མེ་ཁ་གསོས
ཁ་ལག་བཟོ
ལྷ་སར་བལྟས་ནས་འདུག་གོ

རྩོམ་པ་པོ་ངོ་སྤྲོད།
       ས་དམར་གྲགས་པའམ་གྲགས་པ་རྒྱ་མཚོ། མིང་གཞན་གཡག་རྭ། ལོ་རབས་བརྒྱད་བཅུའི་ནང་ཅོ་ནེ་ས་དམར་དུ་སྐྱེས། རྩོམ་རིག་གི་བྱས་འབྲས་སུ་བོད་རྒྱ་སྐད་རིགས་གཉིས་ཀྱི་དུས་དེབ་དང་ཚགས་ཤོག་སྟེང་སྙན་ངག་གཙོ་བོས་བརྩམས་ཆོས་བརྒྱ་ཕྲག་འགའ་བཀོད། སྔ་རྗེས་སུ༢༠༢༠ལོའི་དབྱི་ཐ་ལིའི“རྒྱལ་སྤྱིའི་གསེར་སྨྱུག་བྱ་དགའ”དང་། ༢༠༢༣ལོར་སྐབས་བཅུ་བའི་དབྱི་ཐ་ལིའི་རྒྱལ་སྤྱིའི་ཨ་པོ་ལའོཏིའོ་ཉོ་སོས་སྙན་ངག་བྱ་དགའ་སོགས་ཐོབ། ལྷུག་རྩོམ་སྙན་ངག་དེབ«སེམས་ཚེགས»དང་། སྙན་ངག་དེབ«གཡོས་ཁང་གི་མདོ»དང་། རྒྱ་ཡིག་གི་སྙན་ངག་དེབ«ཕོར་པར་ཟགས་པའི་ཟླ་བ་ན་རེ»དང་། དབྱི་ཐ་ལིའི་སྐད་ཀྱི་སྙན་ངག་དེབ«སྐྱེ་བ་བོད»སོགས་དེབ་བརྒྱད་པར་དུ་བསྐྲུན། བརྩམས་ཆོས་རེ་འགའ་ཨིན་སྐད་དང་། དབྱི་ཐ་ལིའི་སྐད། སི་ཕེན་གྱི་སྐད་སོགས་རེ་འགར་བསྒྱུར་ཡོད་དོ། །

རྩོམ་ཁུངས། «མི་རིགས་ཀྱི་རྩོམ་རིག»༢༠༢༥ལོའི་དེབ༤པ།
འབྲེལ་ཡོད་འོས་སྦྱོར།