གདོན་མིག་གི་ལྷུག་རྩོམ་སྙན་ངག་ཁག་བཞི།
རྩོམ་པ་པོ།:གདོན་མིག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-09-19
ཀློག་གྲངས།:
གྲོང་ཚོ།
གདོན་མིག
རི་རྩེ་དགུང་ལ་ཟུག་པའི་འདབས་ན། དེའུ་འབུར་ལབ་བ་ལེབ་བེའི་ཁུད་ན། ནགས་ཚལ་ཐར་ར་ཐོར་རའི་གསེབ་ན། དུད་ཁྱིམ་རེ་གནས་པ་དེ། གནའ་བོའི་རི་དྭགས་ཀྱི་རྡོ་སྐུ་ཞིག་དང་མཚུངས། གནམ་གྱི་ཡང་སྟེང་ནས་བབས་འོང་བའི་ལོ་མ་དེ་དག ཨ་ཡིག་གི་ཆར་བ་ཡིན་སོང་། ལྗང་ལོའི་ཁུད་ཀྱི་གྲོང་ཚོ། གྲོང་ཚོ་ལྷིང་ཞིང་འཇགས་པ་དེ་ཨང་།ཕ་གའི་ལུག་ཁྱུ་ཡི་འབའ་སྒྲ་ཐོས་རྒྱུ་འདུག ལྷ་བྱ་ཁུ་བྱུག་སྔོན་མོའི་གསུང་སྐད་རེའང་ཐོས་རྒྱུ་འདུག ཡིན་ནའང་། དེ་རིང་། ནམ་མཁའ་རུ་སྤྲིན་པ་ཡུག་གཅིག་མཐོང་རྒྱུ་མེད་པ་དེ་བཞིན་དུ། ས་གཞི་འདིའང་སྟོང་སེང་ངེ་བ་ཞིག
གྲོང་ཚོ་ཆུང་ཆུང་འདི། བྱ་རྒོད་འཕུར་སའི་བྲག་ཐེམ་ཞིག་དང་འདྲ།
གྲོང་ཚོ་ཆུང་ཆུང་འདི། ཉི་ཟླའི་པང་གི་གསེར་གྱི་གཡང་ཏྲི་ཞིག་དང་འདྲ།
རྒྱང་རིང་ནས་མཐོང་བའི་མཆོད་རྟེན་དཀར་པོ་དེ། ཞི་བའི་དབྱིངས་སུ་བཞུགས་ནས་ཡུན་རིང་འགོར། བྱ་རྒོད་ཅིག བར་སྣང་དུ་ལྡིང་སྐོར་རྒྱག རླུང་བུ་ཞིག་དལ་གྱི་ལྡང་འོང་སྟེ། ས་ཚུགས་མང་པོ་ཞིག་གི་ས་ཁྲའི་སྟེང་ལ་ལྷུང་བའི་མེ་ཏོག་ལྡུམ་ར་དེ། ཉི་འོད་དང་ཆར་ཆུའི་མེ་ལོང་གི་མཛེས་སྡུག་ལ་བསྲེས།
དུང་སྐད་གཉོམ་པོ་ཐོས་ན། ནགས་ལྗོངས་ཤུག་ལོ་ཤིག་ཤིག
དབྱར་ཀྱི་ཚ་གདུང་དུ་བསྐུངས་པའི་དགུན་ཟླ་རིང་མོ། འཁྱགས་རོམ་གྱི་སྤང་ལྗོངས་སུ་ཚེས་ཡོང་ན། རྟ་ཕོ་ཁམ་པ་རྔོ་རིང་། རྨི་ལམ་ནང་ནས་བཏང་ཆོག རྔོག་ཆུང་ལྡེམ་མེ་ལྡེམ་མེ། འཚེར་སྐད་ལྷང་ངེ་ལྷང་ངེ་།
དུས་ཚོད་ནི་གཟུགས་མེད་པའི་དུག་ཆུ་བཞིན། ན་ཚོད་ཀྱི་མེ་ཏོག་ཏུ་ཐིག་དུས། སྤྲིན་དཀར་ལས་མུ་ཏིག་གི་འཇའ་ཚོན་ཤར་བ་དང་རྒྱ་མཚོའི་རླབས་སྒྲའི་ཁྲོད་དུ། རྙིང་དུ་མེད་པའི་གླུ་སྐད་ཅིག་དལ་གྱིས་མཁའ་ལ་འཕུར་ཡོང་། སྐུ་སྐད། བསྐལ་བ་སྟོང་གི་ཟམ་པ་ཇི་བཞིན།
སེམས་ཀྱི་དཔྱིད་ཁར་སླེབས་པ་དེ། སྙིང་གི་རུས་པར་རེག་པ་དེ།
སོང་ཡང་མ་ཐོན་ས་འདི་ཡིན་ཡང་། སྙེག་ནས་མི་ཚེ་ཟད་པའང་འདི་ཡིན་ཆོག འོན་ཀྱང་། མཚན་མོ་ལྟ་བུའི་ལམ་ཕྲན་འདི་བརྒལ་ན། ལོ་རྒྱུས་ཀྱི་གཡུ་བྱུར་ཕོན་ཆེ་བ་དེ་ཚོ། ལྗང་ལོའི་ཁུད་ཀྱི་གྲོང་ཚོ་འདི་རུ་བཏབ་ཆོག
གསལ་ལ་མི་གསལ་བའི་ཕྱིར་མིག་གི་ཆུ་རྒྱུན་ཀློང་ན། གཙོད་ཁྱུ་རྫ་ནས་གཤར་བའི་རྫ་ལམ་ཡོད་པ་དྲན་ཤིང་རེད། དྲོད་ལམ་ལམ་གྱི་གླེགས་བམ་དབུས་སུ། གསེར་གྱི་སྒྲ་དབྱངས་ལྷོད་ལྷོད་མཆེད་པ་གདུང་བ་རེད།
༢༠༢༤/༥/༢༡ཉིན།
དམག་འཁྲུག་དང་མེ་ཏོག
དགུན་ཟླ་འདི། མི་ཆེན་གྱིས་བསྐྱུར་བའི་ཞྭ་མོ་ཞིག་དང་འདྲ།
དགུན་ཟླ་འདི། བུད་མེད་ཀྱི་མངལ་ལ་སྦྲུམ་པའི་ཁྱེའུ་ཞིག་དང་འདྲ།
རྒྱང་རིང་ནས་གླུ་སྒྲ་ཞིག་མཆེད་འོང་བའི་ལོ་ཟླ་དེར། ངས་ནགས་ཚལ་ཞིག་ཏུ་ཉི་འོད་ལ་སྒུག་གིན་ཡོད། རི་དྭགས་རྨས་མ་ཞིག་གི་རྨིག་རྗེས་ལས་མེ་ཏོག་བཞད་ན་བསམ་དེ། དུས་ཚོད་ཀྱི་ཉིན་ཞག་མང་པོ་སྐེ་རྒྱན་དུ་བཏགས། དེ་ནི། རླུང་བུ་བཞིན། དྲན་པའི་འཕྲུལ་སྣང་བཞིན། རྨི་ལམ་གྱི་འཇའ་ཚོན་བཞིན། དུས་དང་དུས་སུ། ངའི་རྣམ་ཤེས་ཀྱི་འཇིག་རྟེན་དུ་ས་ཁྲ་བཞིན་ཤིན་ཏུ་གསལ།
བར་སྣང་སྟོང་བའི་དབྱིངས་སུ། བྱེའུ་ཁྱུ་ཞིག་འཕུར་འཕུར་ཏེ། ལོ་མ་དང་ཡལ་ག་མེད་པའི་སྡོང་སྐམ་ཞིག་ཏུ་བབས། བྱེའུ་དེ་ཚོ། མཁའ་དབྱིངས་ནས་འཐོར་བའི་ཁ་བའི་འདབ་མ་ཞིག་དང་མཚུངས། བྱེའུ་དེ་ཚོ། ལྷགས་རླུང་གིས་གཏོར་བའི་ལོ་མ་སེར་པོ་ཞིག་དང་འདྲ།
མེ་སྒྱོགས་ཀྱི་དྲག་ཆར་བབས་ཤུལ་དུ། བདེན་པའི་མེ་ཏོག་སྔར་བཞིན་མཛེས་ཤིང་ལྟ་ན་སྡུག ནད་ཡམས་དང་མུ་གེའི་རྗེས་ཤུལ་དུའང་། ཚེ་སྲོག་གི་གསོན་སྟོབས་ཀྱིས་ཡོད་ཚད་ལ་བདེ་སྐྱིད་ཀྱི་མྱུ་གུའི་ལེགས་སྐྱེས་ཕུལ། ཐ་ན། ཨར་འདམ་དང་རྣོ་ལྕགས་ཀྱི་སྲུབས་ཀ་རེ་རེ་ནས་ཀྱང་མེ་ཏོག་གི་བཀྲག་མདངས་མཚེར།
ཡིན་ནའང་། སྡིག་ཉེས་ཀྱི་སྒེའུ་ཁུང་དེ་ལས། ངས་དམག་འཁྲུག་འཐུང་བྱུང་། ལོ་རྒྱུས་ཀྱི་རྨ་ཁ་མཐོང་བྱུང་།
གལ་ཏེ། ཤུལ་མེད་དུ་བཏང་བ་ས་གཞི་མིན་ན། ཁྱེད་ཀྱིས་མེ་ཏོག་མཐོང་སྲིད།
གལ་ཏེ། ཤུལ་མེད་དུ་བཏང་བ་ནམ་མཁའ་མིན་ན། ཁྱེད་ཀྱིས་སྤྲིན་དཀར་མཐོང་སྲིད།
ཐོ་ཡོར་གྱིས་ཁེངས་པའི་གངས་རིའི་འདབས་སུ། གཟུགས་དང་གྲིབ་མ་འཐབ་སྟེ། སྒྲ་དང་རོལ་དབྱངས་ཀྱི་བར་མཚམས་ཕྱེ་ནུས་པའི་གཏམ་རྒྱུད་སུས་ཀྱང་ཤེས་ནའང་། གླུ་སྐད་དང་བྲག་ཅའི་བར་ལ་འགལ་བ་གང་ཡང་མི་འདུག རླབས་སྒྲ་དང་རྒྱ་མཚོའི་བར་ལའང་འགལ་བ་གང་ཡང་མི་འདུག
རྒྱང་རིང་རྒྱང་རིང་ཞིག་ཏུ། འོད་ཟེར་ཞིག་ཡར་འཕག་གིན་འདུག
རྡུལ་འཚུབ་ཁྲོད་དུ་དྲོལ་ཁོལ་བསྙལ་བའི་གྲོང་ཚོ་འདི་རུ། ཡི་གེའི་སྒྲ་དབྱངས་ལ་བརྒྱུས་པའི་བདེ་སྐྱིད་ཧ་ཅང་ཆུང་ནའང་། ང་ཁྱེད་ཀྱི་མིག་ཀོང་དུ་འགྲེང་སྟེ། ར་བཟི་བའི་གར་མ་ཞིག་ལྟར། ཟློས་གར་གྱི་འཁྲབ་གཞུང་ལས་སྒྱུ་འཕྲུལ་གྱི་བདེན་པ་སྲུང་ངེས་ཡིན།
ལང་ཚོ་དང་གཟི་བརྗིད་དོར་ཏེ། ཞིང་གྲོང་དང་རྩྭ་ཐང་གི་གནས་མལ་ལ་ལོག་ཐུབ་ན། ང་ཚོ་ཆར་བ་བཞིན་ས་ལ་འཐིམ་ཆོག མེ་ཏོག་བཞིན། ཡང་བསྐྱར་བཞད་ཆོག
༢༠༢༣/༡༢/༣ཉིན།
དམག་འཁྲུག་ལ་སྒུག་པ།
ཞེ་སྡང་གི་བལ་དཀར་ཁུད་དུ་མེ་ཏོག་བཞད་སོང་།
མུན་ནག་གི་ཨུ་པད་སྔོན་པོ་དེའང་། རླུང་གི་གོས་ཆེན་ཐོག་གི་རི་མོ་ཞིག་དང་འདྲ།
འབྲུག་སྒྲ་ལྡིར་ལྡིར། ཕུག་རོན་གཤོག་ཟུང་འོ་མས་བྲན་ཏེ་འོད་ཀྲིག་ཀྲིག བྲག་གདོང་སེར་པོ་དེ་ཡི་རྩེ་རུ། གཟུགས་འགྱུར་བའི་དར་ཤིང་རིང་མོ་དེ་ཡི་རྩེ་རུ། སྤྲིན་དང་དུ་བའི་གཡང་དྲུང་སོ་ལོ་ལོ། བྱེའུ་ཆུང་གི་རྨི་ལམ་དུ། ཁ་བ་འབབ་པའི་ཟོལ་གྱིས་ཞི་བདེའི་གཟུངས་སྔགས་ཐར་ཐོར་འབབ།
གླུ་ཞིག་ལོངས་དང་། མེ་མདའི་ཁ་རུ་རོལ་མོ་བཏང་ཆོག
མགོ་བོ་དགྱེས་དང་། སྐར་འོད་ཀྱིས་ཞལ་རེས་བཀྲུས་ཆོག
ཤེལ་གྱང་ཞིག་གི་ཕར་ཚུར་ནས་ཕན་ཚུན་ལ་ལྟ་བཞིན། ལག་པའི་ནང་གི་ལོ་ཏོག་ལ་གོང་ཐང་གཅོད་ཀྱིན། རལ་གྲི་ཨེ་ཉོ་བསམ་ནས་བསྡད། ངོ་གདོང་ཉི་མས་བྲད་པའི་ཞིང་བ་སྨུག་པོ་དེ་ཚོ། རང་ཁྱིམ་དུ་སྙེག་པའི་དུས་ཚུགས་མེད་པར་བྱས། དེ་ནི། གནམ་བསྐོས་ཀྱི་ལས་དབང་ལ་སྨྱོ་ནད་ཀྱི་ཟུངས་ཁྲག་གིས་ཞལ་ཞལ་བྱས་པ་དང་འདྲའམ།
ངས་ཐོས་པ་ནི་རྡོ་བའི་སྐྱོ་གླུ་ཁོ་ན་རེད།
ཡིན་ནའང་། ངང་སྒུག་ཁྲོད་དུ་ལྷག་པ་ནི་དུས་ཚོད་ཀྱི་བག་ལེབ་མིན་ལ། ཨར་འདམ་གྱི་སྦྲང་རྩིའང་མིན་པར། བཞུར་གྱིན་པའི་ཁ་དོག་ཡིན། རྨ་ཁ་མེད་པའི་ཁ་དོག་གི་འཇིག་རྟེན་ཡིན།
འགྲོས་མྱུར་བའི་གོམ་སྟབས་དེས། རེ་ཞིག་ཧད་དུ་བཅུག ལག་ཟུང་གིས་ཡང་ཡང་ཕྱེས་པའི་རབ་གསལ་ཁ་རུ་འགྲེང་སྟེ། རྒྱང་རིང་ལ་ལྟ་བའི་རྣམ་པ་དེ་དལ་དྲགས་སོང་།
གང་ལྟར། དྲག་ཆར་ཁྲོད་ནས་བརྟན་པོར་ཅུང་ཙམ་སྡོད་དང་། དྲག་ཆར་གྱིས་རྗེས་སུ་ཁྲིད་པ་ནི་འཇའ་ཚོན་གྱི་དག་ཞིང་རེད། རི་བོ་ཆུང་ཆུང་ཞིག་གི་ཤོད་དུ། ལུ་གུ་འབའ། ཁྱི་གུ་ཟུག
ཉིན་མཚན་བར་གྱི་ལྕགས་རི་ཉིལ་ནས། དུས་ཚོད་དང་དུས་ཚུགས་བར་གྱི་མཁར་གྱང་ཞིག་ནས། ང་ཚོ་ཚང་མ་ཆུ་ལོག་བཞིན་རགས་ལས་ཤོར་ནའང་། ང་ཚོ་ཚང་མ་ཆུ་བོ་ཡིན་མི་སྲིད། དེ་དུས། འཁྱམས་རོམ་ནི་ནམ་ཡང་ཉི་འོད་ཀྱི་ཕྱི་རོལ་ཏུ་ཡོད་པའི་སྤང་ལྗོངས་རེད།
ལོ་ཟླ་མང་པོ་བཞུད་སོང་།
ངས་དམག་འཁྲུག་ལ་སྒུག་ཡོད། ཡང་ན།
ཁ་སང་གི་རྒུན་འབྲུམ་ལྟ་བུའི་མེ་སྒྱོགས་ཀྱི་ཆར་བ་ལ་སྒུག་ཡོད།
སྒུག སྒུག སྒུག ད་དུང་སྒུག
༢༠༢༤/༥/༢༣མཚན་མོར།
ཡུལ་ལྗོངས་སྐྱ་བོ།
དགུན་རླུང་དྲག་པོས་ཁྱུར་མིད་བཏང་ཟིན་པའི་མེ་ཏོག་དང་རྡོ་བ། སྤྲིན་དཀར་དང་འཇའ་ཚོན། རྒྱ་ཕིབས་དང་རྩྭ་ཐང་སོགས་ནི། ཁ་དོག་མེད་པའི་ཤོག་བུ་ཞིག་ལྟར་བར་སྣང་དུ་ལྷབ་ལྷུབ་སྐྱོད་ཀྱིན་འདུག ཁྱི་ཡི་ཟུག་སྐད་ཁོ་ན་རོལ་དབྱངས་སུ་བསྒྱུར་བའི་སྲང་ལམ་དེ་རུ། ཀེང་རུས་ཀྱི་རི་མོ་གཟུགས་ཅན་དུ་རྒྱུ་ཞིང་། རྒས་ཟིན་པའི་རུལ་སུངས་ཀྱི་མཛེས་སྡུག་མཐའ་དག སྒྱུ་མའི་གྲོང་ཁྱེར་དུ་ལྷིང་ངེར་མངོན།
ཕྱུ་པ་ཧྲུལ་པོ་གྱོན་མཁན་གྱི་བགྲེས་པོ་དེ་ཚོ། བར་སྒོ་ཆུང་ཆུང་ཞིག་ཏུ་ཕར་བཞུད་སོང་།
བྱི་ལ་ནག་པོ་ཞིག་དང་ལུག་ནག་པོ་དེ་གཉིས། དུས་གཅིག་ལ་སངས་རྒྱས་སོང་།
སྒེའུ་ཁུང་འཁྱགས་པ་དེ་ལས་ལྷ་ཡི་ཞལ་གཟུགས་གནང་བྱུང་། ཟླ་བའི་ངོས་སུ་བྲིས་པའི་འཁྱམ་པོའི་སྙན་ཚིག་དེ་དག ཁ་བ་དང་ཆར་བར་སྤྲུལ་ཏེ་ས་གཞིར་བབས་བྱུང་། མཆོད་པར་ཕུལ་བའི་གླིང་བྲོ་དང་གླུ་སྐད་ལས་མ་འོངས་པའི་འཇིག་རྟེན་ཤར་མར་འཆད། འོན་ཀྱང་། ད་དུང་ནམ་གསལ་ཏེ་ཞོགས་པ་མ་བསླེབས་པའི་དུས་ཚོད་འདིར། ང་ཚོས་རང་གི་ལྷམ་ཆུང་གོན་ནས་ལམ་ལ་ཆས་ཆོག་ཨང་།
ཁ་ཕྱོགས་ནོར་ཟིན། གྲུ་དཔོན་གྱིས་ཕྱོགས་སྟོན་འཁོར་ལོའང་བོར་ཟིན་པས།
རྒྱ་མཚོའི་སྨུག་སྤྲིན་སྟུག་པོའི་གསེབ་ཏུ། རླབས་རྒྱུན་དྲག་པོས་གདུང་གླུ་ཤུགས་ཀྱིས་ལེན། མ་རུང་བ་དང་ཞེ་འཁོན་ཅན། སྡིག་ཉེས་ཅན་དང་ཡུལ་འཁྱམ་པ་དག་ནི། གདུང་དབྱངས་ཕྲ་མོའི་འགྱུར་ཁུགས་དབུས་ན། ཝུ་བ་བཞིན། ཝུ་བ་བཞིན་སོབ་སོབ་བྱེད།
འཁྱགས་རོམ་གྱི་མེ་ཏོག་ལས་བུ་རུམ་གྱི་ཟེའུ་འབྲུ་སྨིན་མི་སྲིད་ནའང།
སྟོང་བ་དང་ཡོད་པ་ལས་མནར་གཅོད་ཀྱི་སྡུག་བསྔལ་མི་འབྱུང་ནའང་།
གཡང་དང་བླ་མི་གནས་པའི་མེ་ལོང་ལས་གངས་རི་འཆར་མི་སྲིད་ནའང་།
སྐད་འོད་ཁྲོད་ནས་སྐར་འོད་གཉིས་པ་དེ་གསལ་མི་ཐུབ་ནའང་།
བང་རིམ་བསྒྲིགས་པའི་འདུ་ཤེས་ཀྱི་ཁ་དོག་ལས། ཚོར་བ་སྣ་ཚོགས་ཀྱི་གཏེར་ཁ་བསྔོག་ཆོག་ལ། དབུགས་ཀྱི་རྒྱུ་བ་ལ་དྭངས་གཙང་གི་ནམ་ཟླ་བདུད་རྩི་བཞིན་ཕུལ་ཆོག ཐ་ན། ཕུགས་བསམ་ཞེས་པ་དེ། བདེན་ལུགས་ཟེར་བ་དེ། ཚེ་སྲོག་ཅེས་པ་དེ། སྐད་ཅིག་དེ་ཉིད་ལ་སྒྱུ་འཕྲུལ་གྱི་དབང་བོ་གང་རུང་ལ་བརྗེ་ཆོག་པ་མ་ཡིན་ནམ། དེ་བས། འཇིག་རྟེན་གྱི་སོ་སྐྱེས་དེ་ཚོ། འདུ་ཤེས་འོག་མའི་ཨར་ཁང་དེ་རུ་འཚང་ཁ་ཤིག་ཤིག་ཏུ་འགྲོ་བཞིན་འདུག
ཡི་གེ་འཐོར་འོང་། གཡུ་བྱུར་འཐོར་འོང་།
ཁེར་རྐྱང་གིས་འཚོ་བའི་བུད་མེད་ཀྱི་སྐྲ་ལོའང་། སྐྱུག་མེར་བའི་ཡིད་ལྗོངས་སུ་འཐོར་འོང་།
ལོ་རྒྱུས་ཀྱི་ཕྱུར་བ་ཕྱིང་དཀར་དུ་བཀྲམ་པའི། བདེ་སྐྱིད་ཀྱི་ལོ་མ་སྟོན་མཇུག་ཏུ་བཞད་པའི། བྱིན་རླབས་འབར་བའི་ལས་དབང་མཚན་ཉིད་དུ་འགོད་པའི། ཤ་ཁྲག་གི་ཡལ་ག་དེ་རུ། ཆ་མེད་རྒྱུས་མེད་ཀྱི་ངོ་གདོང་འགའ་བཀལ་འདུག
འཕྲུལ་སྣང་གི་མཁར་རྫོང་འདི་རུ། ཚེ་སྲོག་གི་གཟི་མདངས་ཁོ་ན་དགུང་དུ་འཕྱོ།
ཧྭ་པ་དང་བྱིས་པ་མཉམ་དུ་འཚོ། ཕྱེ་ལེབ་དང་རྒོད་པོ་མཉམ་དུ་འཕུར། ཆེ་བ་དང་ཆུང་བ་མེད་པའི། དཀར་པོ་དང་ནག་པོ་མེད་པའི། མཐའ་དང་དབུས་མེད་པའི། ཟངས་སྐུད་གཅིག་ལ་ཧྲིལ་གྱིས་བརྒྱུས་པ་དེ། ས་སྤར་བ་གང་ཡིན་ནམ། ཡང་ན། འོད་ཟེར་གྱི་ཞལ་འབག་ཡིན།
རབ་རིབ་ཀྱི་ཞལ་རེས་ལས་འཛུམ་མདངས་སྐྱ་བོ་ཞིག་འཚེར།
འཛིན་དུ་མེད་པའི་གཤོག་པ་ཟུང་ལས། རྣམ་རྟོག་གི་མེ་ལྕེ་དྲག་ཏུ་མཆེད།
ཡུལ་ལྗོངས། མ་འོངས་པའི་དཀྱིལ་འཁོར།
ཡུལ་ལྗོངས། ཤམ་བྷ་ལའི་ས་ཚིགས་ཐ་མ།
ཡུལ་ལྗོངས། ཡུལ་ལྗོངས། ཡུལ་ལྗོངས།
༢༠༢༣/༡༢/༨མཚན་མོར།
འབྲེལ་ཡོད་འོས་སྦྱོར།