logo

འཇུ་སྐལ་བཟང་། ཚངས་དབྱངས་རྒྱ་མཚོ།

རྩོམ་པ་པོ།:འཇུ་སྐལ་བཟང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-10-02 ཀློག་གྲངས།:
རྒྱལ་བ་ཚངས་དབྱངས་རྒྱ་མཚོ།
པོ་ཏ་ལའི་རྒྱ་ཕིབས་ལས་འཕྲོས་པའི་གཟི་འོད་ཅིག
ལྷ་མོའི་བླ་མཚོར་ཤར་བའི་འཁྱུག་བྲིས་ཤིག
རྟོགས་བརྗོད་ཀྱི་བང་རིམ་མཐོ་སར་ཤར་བའི་འཇའ་ཚོན་ཞིག

རྒྱལ་བ་ཚངས་དབྱངས་རྒྱ་མཚོ།
སྤྲིན་དཀར་གྱི་ཡང་སྟེང་ནས།
གསང་བ་ཞིག་གླུ་རུ་ལེན་བཞིན་ཕེབས་འོངས་ལ།
ལོ་རྒྱུས་ལ་ཕྱག་མདུད་ཅིག་བསྐྱོན་ཏེ་བྱོན་སོང་།

ཟླ་བའི་དཀྱིལ་འཁོར་ལ་སྙན་ངག་དེ་ཚོ་འབྲི་དུས།
འཇིག་རྟེན་ན་ལག་མཐིལ་ཙམ་ལས་མེད་མོད།
སྤྱི་མཐུན་གྱི་ལས་དབང་དེ་མཐུ་བཙན་པས།
སྤྱན་ཆབ་ཐིགས་པ་གཅིག་བསིལ་བ།
ཡར་ཀླུང་གཙང་བོའི་ཆུ་གཞུང་དུ་ལྷུང་།

བསྐལ་པ་སྟོང་ཕྲག་གི་སྔོན་དུ་མོལ་བའི།
གསང་གྲོས་ཐེངས་དེའི་ཆེད་དུ།
དོན་མཁར་མདའ་རུ་སྦས་པའི་མཐའ་མཇུག་གི་ཞལ་ཆེམས་དེའི་ཆེད་དུ།
ཁྱེད་ཀྱིས།
རྟེན་འབྲེལ་ཡུན་རིང་བསྒྲིགས་ཤིང་།
མཇུག་མཐའི་སྐད་ཅིག་དེར་ཡང་།
ཐུགས་གཏད་དྲག་པོ་ལན་གཅིག་གིས།
གྲུ་ཤན་གྱི་རྟ་མགོ་དེ་དབང་མེད་དུ་ཕྱིར་བསློགས་ནའང་།
སྤོབས་པ་གཏིང་ནས་ཞུམ་པའི་མགོ་བོ་དེ།
གང་ལྟར་བྱས་ཀྱང་ཡར་འགྱོག་མ་ནུས་པས།
དཀར་ནག་གི་སོ་མཚམས་དེ་ནས།
ཁྱེད་ཀྱིས་གསང་བ་རི་རབ་ཙམ་ཞིག་བསྣམས་ཏེ།
རྒྱང་བཞུད་ཐེངས་ཤིག་མཛད་དགོས་བྱུང་།

རྒྱལ་བ་ཚངས་དབྱངས་རྒྱ་མཚོ།
སྤྲིན་དཀར་གྱི་ཡང་སྟེང་ནས།
གསང་བ་ཞིག་གླུ་རུ་ལེན་བཞིན་ཕེབས་འོངས་ལ།
ལོ་རྒྱུས་ལ་ཕྱག་མདུད་ཅིག་བསྐྱོན་ཏེ་བྱོན་སོང་།
འབྲེལ་ཡོད་འོས་སྦྱོར།