logo

མཚན་མོ་གཅིག་གི་དུས་ཆད། (སྒྲུང་ཐུང་།)

རྩོམ་པ་པོ།:གུ་རུ་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-12-02 ཀློག་གྲངས།:
       “ཡ། ཁྲི་བརྒྱ་མ་དཔལ་སྐྱབས། སང་ལོ་རྩྭ་སའི་སྟེང་དུ་ཤེལ་ལེབ་བཙུགས་རྗེས་པའོ་མཱ་རྟགས་ཅན་གྱི་རླངས་འཁོར་ཞིག་བསྐོར་ནི་རེད་ལ།” ཨ་སངས་ཀྱིས་གློ་བུར་བའི་སྐད་ཆ་དེ་ལྟ་བུ་ཞིག་ང་ལ་དྲིས་སོང་།
       ཁོས་ང་ལ་“ཁྲི་བརྒྱ་མ”ཞེས་འབོད་དོན་ངས་ཧ་གོ་མ་སོང་། གཅིག་བྱས་ན་ཁོས་ང་ལ་ཟུར་ཟ་བྱེད་ཀྱིན་ཡོད་སྲིད། ངེད་ཚང་ལ་རྒྱུ་ཅི་ཡོད་དང་ནོམ་ཅི་མཆིས་ནི་ཨ་སངས་ལ་ཁ་ནང་ལྕེ་རྒྱུས་ཡིན་པས། ཁོས་ང་ལ་གློ་བུར་བའི་སྐད་ཆ་དེ་འདྲ་ཞིག་བཤད་དོན་ཅི་ཡིན་ནམ། ཨ་སངས་དང་ངེད་གཉིས་ནི་ནམ་རྒྱུན་དཀའ་ཁག་ལ་འཕྲད་དུས་སེམས་བསམ་པའི་སྟེང་ནས་ཕན་ཚུན་ལ་རོགས་བྱས་མྱོང་མཁན་ཤ་སྟག་ཡིན་པས། ཁོས་ང་ལ་རྒྱབ་བཤད་དང་བླ་བཙག ཟུར་ཟ་སོགས་མི་བྱེད་པའི་ཡིད་ཆེས་བརྟན་པོ་ནི་ང་ལ་ཡོད། འོ་ན་དེ་རིང་ཁོས་གློ་བུར་དུ“ཁྲི་བརྒྱ་མ”ཞེས་པའི་ཐ་སྙད་དེ་ང་ལ་སྤྱོད་དོན་ཅི་ཡིན་ནམ། ང་དེ་ལྟར་སོམ་ཉིའི་དྲ་བར་ཚུད་བཞིན་པའི་སྐབས་སུ་ཨ་སངས་ཀྱི་ཀུ་ཤུ་སྐུ་ཕྲེང་བཅུ་དྲུག་རྟགས་ཅན་གྱི་ཁ་པར་དེ་སིང་སྒྲ་དང་བཅས་གྲགས་བྱུང་།
       “ཝེ། ཅི་རེད། ང་རྫོང་ན་ཡོད་ཡ། ང་ཐོན་འཕྱི་བས་ཕྱེ་དང་ཚྭ་ཁུ་ཉོ་སའི་ཚོང་ཁང་གི་སྒོ་གཏན་འདུག དོ་ནུབ་རྫོང་ནས་ལུས་རྒྱུ་རེད། དྲི་མེད་ལ་ལས་བྱ་འབྲི་རུ་ཆུག གནང་ཉིན་སློབ་གྲྭར་འགྲོ་དགོས་པས། ལས་བྱ་བྲིས་མ་ཚར་བ་དང་བློར་མ་བཟུང་དུས་སློབ་གྲྭའི་རྒྱལ་སྒོ་ནས་བཀག་འཇོག་ནི་རེད། དེ་ལས་ཐུ་བའི་ངོ་ཚ་ཞིག་མི་འདུག”ཟེར།
       “དགོང་ཇ་བསྐོལ་ནས་སྒུག་བསྡད་ཡོད། དྲི་མེད་ཀྱིས་རྩིས་རིག་ལས་བྱ་བྲིས་ཚར་སོང་མོད། བརྩིས་བརྒྱབ་པ་འགྲིག་མིན་ངས་ཡི་གེ་མི་ཤེས་པས་ཁྱོད་མ་ཡོང་ན་བལྟ་ནི་མེད་ལ། འཛིན་གྲྭའི་ཚོགས་པའི་ནང་དུ་ཁྱིམ་བདག་ཚོས་རང་རང་གི་བྱིས་པས་བློར་བཟུང་བའི་བརྙན་ཐུང་མང་པོ་སྐུར་གྱིན་འདུག་མོད། ངའི་ཁ་པར་འདིར་སྐྱོན་ཅིག་བྱུང་ནས་དྲི་མེད་ཀྱི་ལས་བྱ་བསྐུར་ཐུབ་མེད། ཕ་རོལ་བོར་སྐད་ཆ་བཤད་སྐབས་གློ་བུར་ནག་ཚུབ་སེར་ཅི་ཡང་མི་འཆར་གི བརྙན་ཡང་ལེན་ས་མི་འགྲོ་གི ཁྱོད་མ་ཡོང་དུས་དྲི་མེད་ཀྱི་ལས་བྱའི་བརྙན་བསྐུར་མ་ཐུབ་ནི་རེད”ཅེས་བཤད་པར། ཨ་སངས་ཅུང་ཁོང་ཁྲོ་ལངས་པའི་སྐད་གདངས་ཀྱིས“ང་དོ་ནུབ་ཡོང་མི་ཐུབ་ཀི་ཟེར་བ་མ་གོའམ། ཁྱོད་ཀྱི་ཁ་པར་དེར་བྱུང་རྒྱུ་ཏག་ཏག ད་བཤད་རྒྱུ་མ་མང་། ང་སང་ཉིན་མ་གཏོགས་ཡོང་མི་ཐུབ་ཀི”ཞེས་བཤད་མ་ཐག་ཕ་རོལ་བོས་ཅི་བཤད་ལ་མ་སྒུག་པར་ཐད་ཀར་ཁ་པར་གྱི་སྐུད་ལམ་བཅད་སོང་།
       སྐབས་དེར་མཚན་མོའི་ཆུ་ཚོད་དགུ་བ་ཡས་མས་རེད་ལ། མགྲོན་ཁང་གི་སྒེའུ་ཁུང་ལས་ཕྱི་རོལ་ལ་བལྟས་ཚེ་གློག་འོད་དཀར་སེར་དམར་སྔོན་བཀྲ་བའི་ཁྲོམ་སྲང་དུ་རླངས་འཁོར་མང་པོ་ཡར་འགྲོ་མར་བཞུད་བྱེད་པ་མཐོང་ཞིང་། ཐག་རིང་གི་རི་ཚོགས་ནི་མུན་པས་བསྒྲིབས་ནས་ནག་རོག་གེར་འདུག སྐབས་དང་སྐབས་སུ་ངེད་གཉིས་ཟུར་གྱི་ཁྱིམ་མཚེས་མགྲོན་ཁང་དུ་བོད་པ་ཐད་གཏོང་བ་འགའ་རེའི་གསེང་མཐོ་བའི་སྐད་སྒྲ་རེ་ཐོས་ཐུབ།
       ཨ་སངས་རྒྱ་ནང་ལ་ལས་ཀར་སོང་ནས་ལོ་ཧྲིལ་བོའི་དུས་ཚོད་དེ་རྒྱ་ནང་གི་གློག་རྡུལ་བཟོ་གྲྭ་ག་གེ་མོར་སྐྱེལ་བཞིན་ཡོད་ཅིང་། ཁོས་བཤད་པ་ལྟར་ན་ལོ་རེའི་ལུགས་རྙིང་གི་ལོ་མ་སར་བའི་ཟླ་ཕྱེད་རིང་ལ་གནང་བ་ཡོད་ཅིང་། ལོ་སར་རྗེས་སླར་ཡང་ཕྱིར་རྒྱ་ནང་ལ་ལས་ཀར་འགྲོ་དགོས་ཟེར། ཁ་སང་ངས་དགུན་གནང་གི་གུང་གསེང་བེད་སྤྱད་ནས་ཁམས་གཡེང་བྱེད་ཞོར་རང་ཡུལ་དུ་དེབ་ཅིག་ཀློག་དུས། ཁོས་ང་རང་དགུན་གནང་བྱིན་ཡོད་པ་ཤེས་ནས་ཁ་པར་ཐོན་ཏེ “འུ་གཉིས་རྗོང་མཁར་དུ་མཉམ་དུ་ལྷོད་འདུག་ཅིག་བྱ”ཟེར་བས། ངས་ཀྱང་རང་གི་ལྟ་འཕྲོར་ལུས་པའི་དེབ་དེ་ཁྱེར་ནས་ངེད་གཉིས་རྫོང་མཁར་གྱི་ཛམ་དཀར་མགྲོན་ཁང་དུ་དུས་བཏབ་པ་ཡིན།
       ཨ་སངས་དང་ངེད་གཉིས་ནི་སྡེ་བ་གཅིག་གི་མི་ཡིན་ཞིང་། ཆུང་དུས་ནས་རྩེད་ར་གཅིག་གི་ནང་ནས་ལག་ཆགས་ཤིང་། སྡེ་བའི་སློབ་ཆུང་དུ་འགྲོ་དུས་ཀྱང་ནམ་རྒྱུན་མཉམ་འགྲོ་མཉམ་འདུག་དང་མཉམ་ཟ་མཉམ་འཐུང་བྱེད་པའི་གྲོགས་པོ་བཟང་ཤོས་ཡིན། སློབ་ཆུང་སྐབས་སུ་ངེད་བྱིས་པ་རྣམས་རྟག་པར་དགའ་བའི་རྩེད་མོའི་རྣམ་གྲངས་ཤིན་ཏུ་མང་པོ་ཡོད་དེ། ངེད་ཅག་རྒྱུན་པར་རྩེ་ལ་དགའ་བ་ནི་འཇུ་སྐལ་བཟང་ལགས་ཀྱི་རྩོམ་ནང་འབྱུང་བའི་རྩེད་མོའི་རིགས་དེ་དག་ཡིན་ཏེ། ཨ་ཡས་རེས་རྔ་དང་། འབྲི་བེའུ། ཝ་ཤ་ཁྱི། འབྲུག་སྐོར་བ། ཕྲེང་བ་རྒྱབ་འཇོག རྒྱ་ལུག་བཤའ། ཁྲ་བྱིའུ། འབེན་ལེའུ་བདུན་མ། ཟླ་ཉི་མ། བཞའ་རེས་འཚོལ་རེས། ཐ་གུ་ཐག་ལྡིང་སོགས་ཡིན་ལ། གཞན་ཡང་ངེད་ཅག་གི་ཁ་སྐད་ལ་ཆབ་འཕེན་པ་ཟེར་པ་འབའ་རྡེའུ་རྩེ་བ་སྟེ། རྣམ་གྲངས་ལའང་བཙན་ཆབ་དང་། སྒུར་ཆབ། སྤུངས་ཆབ། དགུ་འགྲིག གཅུག་འགྲིག ཧོར་གླིང་གཡུལ་འགྱེད། རྒྱལ་པོ་མགོ་གཅིག་ནས་མགོ་བརྒྱད་བར་སོགས་མིག་མང་གི་རིགས་སྣ་ཚོགས་བཅས་བརྩེས་པས། སློབ་ཁྲིད་ཀྱི་བར་གསེང་སོགས་ངལ་གསོའི་དུས་ཚོད་མང་ཤོས་དེ་ལྟར་བསྐྱལ་བ་ཡིན་ལ། ཡང་སྐབས་རེར་ཞོགས་པར་སློབ་གྲྭར་འགྲོ་བའི་ལམ་བར་དུ་རྩེད་འཇོར་གཡེང་ནས་གཞུང་ལམ་གྱི་ཟམ་འོག་ཏུ་སྦས་སྐུང་བྱས་ཏེ་ཉིན་ཧྲིལ་པོར་སློབ་བྱོལ་བྱས་པ་དང་། གད་ལྕིབས་དང་གད་སྙིགས་ཉུལ་ནས་ཉི་མ་ཕུད་པ། ར་མ་དང་བེའུ་ཕྲུག་བདའ་ནས་བཟུང་སྟེ་དབུགས་ཆད་ལ་ཉེ་བའི་བར་དུ་ཞོན་ནས་གསོད་ལ་ཁད་བྱས་པ། དེ་བཞིན་འཇའ་དམག་དང་ཀྲུང་དམག་ཡིན་ཁུལ་གྱིས་ཆོན(拳)རྒྱག་རེས་བྱས་ཏེ། “ཕ་རོལ་བོ་བསད་སོང”ཞེས་མནའ་ཆེན་བཟས་པའང་གྲངས་ཀྱིས་མི་ཟིན། ཐ་ན་ཤིན་ཏུ་ལྟོགས་པའི་མཚན་མོ་རེ་རེར་སློབ་གྲྭའི་ཟ་ཁང་དུ་འཛུལ་ནས་གོ་རེ་ཅོང་རྡོག་བརྐུས་ཟས་བྱས་པ་དང་། འགྲོ་འོང་སློབ་མ་ཚོར“གོ་རེ་ཞིག་ཁྱེར་ཤོག”ཅེས་ཡང་ཡང་བསྐུལ་བའང་ཡིད་ངོས་སུ་གསལ་ལེར་འདུག ཁོ་ཚོས་མཚམས་རེར་ཁྱེར་ཡོང་བའི་གོ་རེ་རང་གི་ཉལ་ཐུལ་གྱི་བར་ལ་སྦས་རྗེས་མཚན་མོར་དགོང་ཚོགས་གྲོལ་ནས་ཉལ་ཁང་དུ་ལོག་རྗེས་བཟའ་བསམ་དུས་སུ་ཞིག་གི་ཕྱག་རིང་བརྐྱངས་པའང་མི་ཤེས་པར་གར་སོང་ཆ་མེད་དུ་གྱུར་འགྲོ མཚམས་རེར་རྐུ་མཁན་ཤེས་ཀྱང་རང་ཉིད་ཀྱིས་དོན་མེད་ཀྱི་གཉའ་གནོན་དང་བརྙས་བཅོས་མྱོང་དོགས་ཀྱིས་ཁ་རོག་གེར་ཞེ་སྡང་ཁོག་ཏུ་མིད་ནས་འདུག་དགོས། སློབ་ཆུང་གི་དུས་ཚོད་མང་ཤོས་ནི་དེ་ལྟར་བརྗོད་ལས་འདས་པའི་གཏམ་རྒྱུད་མང་པོའི་ཁྲོད་བསྐྱལ་ནས་ཟད་སོང་།
       ཨ་སངས་སློབ་འབྲིང་མཐར་ཕྱིན་པའི་དུས་ནས་བཟུང་སློབ་གྲྭར་མ་སོང་བར་ཁྱིམ་ཐབ་བཟུང་བ་རེད། ཁོའི་ཕ་རྒན་གྱིས་ཐེངས་དུ་མར་སློབ་གྲྭར་བསྐྱལ་མོད་ཕྱིར་བྲོས་ནས་ཡུལ་ལ་སོང་། དུས་དེ་ནས་བཟུང་སྨྱུ་གུ་འཛིན་པའི་སློབ་མ་མ་འཁྱོངས་པར་འུར་ཆ་འཛིན་པའི་རྫི་བོར་གྱུར་སོང་། དུས་ཡུན་ཅུང་རིང་པོ་ཞིག་ལ་རྫ་་རིའི་སུལ་གྱི་སྨུག་པ་དང་། གཡའ་དག་པའི་ནམ་མཁའ། མི་སེམས་ལ་སྤྲོ་བ་འཕེལ་བའི་བྱ་བྱེའུ་ཀྱི་སྐད་སྙན། འབྲི་དང་མཛོ་མོའི་ངུར་དབྱངས། གཡང་དཀར་ལུག་གི་འབའ་སྒྲ། འདོ་བ་རྟ་ཡི་འཚེར་སྐད་དང་ལྷན་དུ་བག་ཕེབས་ལ་ཁ་གསོ་རྒྱབ་འགེབ་ལ་འདང་རྒྱག་མེད་པའི་འབྲོག་པའི་རྩྭ་ཐང་དང་རི་ལུང་དུ་འཚོ་བ་བསྐྱལ།
       ཉེ་བའི་ལོ་འགའི་སྔོན་ནས་བཟུང་། ཕྱི་ནང་གི་རྐྱེན་ཚོགས་རུབ་འདུས་ཀྱིས་ཨ་སངས་ཀྱིས་སྔོན་གྱི་བག་ཕེབས་པའི་འབྲོག་པའི་འཚོ་བ་དེ་རོལ་མ་ཐུབ་པར་འཚོ་བ་གཞན་ཞིག་གི་མགོ་རྩོམ་དགོས་པར་གྱུར་སོང་། ཁོས་བཤད་ན་ཁོ་ཚང་གི་ཕྱུགས་ཟོག་གི་ས་རྒྱ་ཆུང་བའི་རྐྱེན་གྱིསརྩྭ་ས་འབོར་ཆེན་ཉོ་དགོས། ཤི་འབད་རོ་འབད་བྱས་ཀྱང་ཕྱུགས་ཟོག་གི་སྟེང་ནས་ཁེ་སྤོགས་ཉུང་ངུ་ལས་ལེན་མི་ཐུབ་པས་ཕྱུགས་ཟོག་ཚང་མ་བཙོང་བར་མ་ཟད། ཕྱུགས་ཟོག་ཚེ་ཐར་འགའ་ཡོད་པའང་སྡེ་བའི་ཁྱིམ་ཚང་དགོས་མཁོ་ཅན་རྣམས་ལ་འཕོས་ཐོག་བྱིན་ནས་ཚེ་ཐར་དུ་བཅུག་པའི་བགྱི་བ་བརྩམས། དུས་དེ་ནས་བཟུང་། ནམ་རྒྱུན་ཁ་པར་ནང་ནས་ཅི་ཞིག་ལ་མགོ་འཁོར་ནས་འདུག་ཅིང་། ཁྱིམ་ཚང་ལ་རྒྱུ་མཚན་བཤད་རྒྱུ་མེད་པར་སྒོར་མོའི་འགྲོ་སྒོའང་ཇེ་ཆེ་ནས་ཇེ་ཆེར་སོང་། སྔོན་ཆད་ཆུང་མས་རྒྱུན་པར་སྒོར་མོའི་འགྲོ་སོང་གང་ཡིན་སོགས་གཅིག་ཀྱང་ཁོ་ལ་འདྲི་མ་མྱོང་ནའང་། དེང་སྐབས་ལོ་གཅིག་གི་ནང་ཐེངས་གཅིག་གཉིས་རེར་ཐབས་རྡུགས་ནས་འདྲི་བའི་དུས་སྐབས་ཡོད་དེ། ཤིན་ཏུ་བག་ལྷོད་དང་གུས་ཉམས་ཀྱི་སྒོ་ནས“སྒོར་མོས་དེ་འདྲ་མི་འདང་བ་ཅི་ཡིན་ནམ”ཞེས་དྲིས་ཚེ། ཨ་སངས་དོན་མེད་པར་ཁོང་ཁྲོ་ལངས་ནས་ཆུང་མར་སྡིགས་མོ་བྱེད་ངེས་ཤིང་། མཚམས་རེར་བརྒལ་ཆེས་ན་དོན་མེད་དུ་གཅར་རྡུང་ཡང་བྱེད་སྲིད།
       ང་དེ་ལྟར་ཕྱིར་དྲན་དང་བསམ་གཞིག འདས་དོན་གྱི་མཚོ་མོའི་ཀློང་དུ་སྐྱོད་བཞིན་པའི་སྐབས་དེར། ཨ་སངས་ཀྱིས“ཁྲི་བརྒྱ་མ། དྲི་བར་ལན་མི་འདེབས་པ་ཅི་ཡིན”ཞེས་བཤད། ཁོས་བཤད་པའི་དྲི་བར་ལན་ཇི་ལྟར་བཏབ་ན་འོས་འཚམ་ཡིན་མིན་མི་ཤེས་མོད། རང་དགར་དོ་སྣང་མེད་པར་བསྐྱུར་ཚེ་ཕ་རོལ་བོར་བརྩི་མཐོང་མ་བྱས་པའི་རྟགས་ཤིག་ཡིན་སྙམ་ནས་ཅུང་མ་རངས་པའི་ཚུལ་གྱིས། “ད་རུང་འཛུགས་མི་འཛུགས་སུས་ཤེས། སྡེ་མི་མང་ཤོས་མ་འཐད་ན་དཀའ་ནི་རེད། ལྷག་པར་དུ་ཤེལ་ལེབ་བཙུགས་པའི་དབང་དུ་བཏང་ཡང་། རྩྭ་སའི་ཐོག་ནས་རྩྭ་མ་སྐྱེས། ཕྱུགས་ཀྱང་འཚོ་རུ་མ་བཅུག་ན་འཚོ་བ་ཇི་ལྟར་རོལ། འུ་ཚོའི་འཚོ་ཚིས་ནི་གནའ་ནས་ད་བར་དུ་ནོར་ལུག་ལ་བརྟེན་ནས་ཡོང་བ་མིན་ནམ། གལ་ཏེ་རྩྭ་སའི་སྟེང་དུ་ཤེལ་ལེབ་བཙུགས་ཚེ་རྗེས་ཕྱོགས་འཚོ་བ་ཇི་ལྟར་རོལ། འུ་ཚོའི་ཕྱི་ཐོགས་པ་རྣམས་ཀྱི་ཁ་ནང་དུ་རྩྭ་སྐྱེ་རུ་བཅུག་པ་མ་ཡིན་ནམ”ཞེས་ལན་བཏབ་པར། དེ་མུར་ཨ་སངས་ཀྱིས་ཕྱིར་ང་ལ“ད་བར་རྒྱལ་ཁབ་ཀྱི་དྲིན་ན་འཆི་རུ་འཇུག་ནི་མ་རེད། རྒྱ་ནང་ལ་ལས་ཀ་སོང་ན་ཆོག་གི་མོ། ང་ཡང་ད་བར་དུ་བསྟུད་མར་ལོ་བཞི་ལ་རྒྱ་ནང་དུ་ལས་ཀར་སོང་བ་ཡིན། ད་ལོའི་ལོ་སར་མཇུག་སྒྲིལ་རྗེས་ཡང་བསྐྱར་ཕྱིར་འགྲོ་དགོས། ཡུན་རིང་ལ་རྒྱ་ནང་ནས་ལས་ཀ་ལས་བསམ་ནི་ཞིག་ལ་མཚོན་ན། བཟའ་ཟླ་གཉིས་འགྲོགས་ནས་སོང་ཚེ་གང་གི་ཐད་ནས་ཡིན་ཡང་སྟབས་བདེ་ཀི ངའི་བཟའ་ཟླ་གཉིས་ཀྱིས་ལོ་རེར་སྒོར་ཁྲི་བཅུ་གཡས་གཡོན་བཙལ་ཐུབ་ཀི ང་སོང་སའི་ཀང་ཀྲུའུ་ཡི་ཏེན་ཙི་ཁྲང(电子厂)དེ་ན་ཡང་བོད་པ་ལས་ཀ་བ་མང་ཀི མང་ཤོས་ན་གཞོན་སློབ་བྱོལ་བའམ་གཏན་ནས་སློབ་གྲྭར་སོང་མ་མྱོང་བ་རྐྱང་རྐྱང་རེད། དྲང་མོ་བཤད་ན་ད་བར་སྒོར་མོ་ཞིག་མེད་དུས་ཡོན་ཏན་ཙམ་སྦྱངས་པས་གོ་ཅི་ཡང་མི་ཆོད། སྡེ་ཐད་གཏོང་ནང་གི་དྲྭ་དཔོན་ཚོར་ལྟོས་དང་། གནས་གང་ལ་ཐོན་ན་ཡུལ་དེའི་མི་རྣམས་ཀྱིས་ཁ་བཏགས་བཟུང་ནས་བསུ་བ་བྱེད་པའི་ཚུལ་ལ་ལྟོས་དང་། བླ་མ་སྤྱིར་བཏང་བ་ཞིག་དང་དགེ་རྒན་ཞིག་ལ་སུས་དེ་འདྲའི་བསུ་བ་རྒྱ་ཆེན་བྱེད་དམ།”ཞེས་ཟེར་ཞོར་མགྲོན་ཁང་གི་མལ་ཁྲིའི་སྟེང་གན་རྒྱལ་དུ་ཉལ་ནས་གོམས་ལོབས་ལྟར་ཁ་པར་ལག་ཏུ་ཐོགས་ནས་ཐད་གཏོང་ལ་བལྟ་མགོ་བརྩམས་སོང་། ནམ་ཞིག་ལ་ཁོ་རང་གི་རིན་ཐང་ལྟ་བར་དེ་འདྲའི་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་བྱུང་བ་མི་ཤེས་ན་ཡང་། རིན་ཐང་གི་ལྟ་ཚུལ་ལྟག་སྤྲོད་དུ་གྱུར་པའི་མི་ཞིག་ལ་ཁ་བརྡ་བྱེད་པ་ནི་རང་ཉིད་དཀའ་ལས་བཟོ་བ་ཁོ་ན་ཡིན་པའི་གནས་ལུགས་ཤེས་ན་ཡང་། ང་རང་མུ་མཐུད་དུ་ཁ་རོག་གེར་འདུག་པ་ལས་ཐབས་གཞན་མེད།
       དངོས་ཚུལ་ནི་དེ་འདྲ་ཞིག་ཡིན་པ་བདེན་པར་འདུག་སྟེ། དགེ་རྒན་རྣམས་ཀྱིས་སློབ་མའི་ཆེད་དུ་དཀའ་ལས་ཅི་འདྲ་བྱས་ཀྱང་ངོ་སོ་མེད་པ་ཕར་ཞོག ཁྱིམ་བདག་གི་སྐྱོན་བརྗོད་དང་གོང་རིམ་གྱི་གནོན་ཤུགས། སྤྱི་ཚོགས་ཀྱི་མི་ཁ་སོགས་གང་མང་ཞིག་འཁུར་དགོས་པ་ནི་ནམ་ལངས་ཉི་ཤར་ཡིན། འོན་ཀྱང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་ཚུལ་དང་རིན་ཐང་ལྟ་ཚུལ་དེ་འདྲ་ཡིན་པ་བསྒྱུར་ཏུ་མེད་ནའང་། རང་གི་ངོས་ནས་གདམ་ཀ་འདི་འདྲར་ཐུག་ཚེ་མི་འདོད་པའི་ཨམ་གཙིགས་སེམས་སུ་སྡོམ་རྒྱུ་ལས་བདེན་ཁ་སྟེར་རྒྱུ་ནི་མི་སྲིད་པ་ཞིག་རེད། ཁོ་རང་མགྲོན་ཁང་གི་མལ་ཁྲིའི་སྟེང་གན་རྐྱལ་དུ་ལོག་ནས་ཁ་པར་གྱི་འཆར་ཤེལ་ལ་བློ་རིག་བསྒྲིམས་ནས་ལྟ་ཚུལ་ལ་བལྟས་ན། དགེ་རྒན་ཁྲིད་ཐབས་ལ་མཁས་པ་ཞིག་གི་སློབ་ཁྲིད་ལ་དབྱིངས་ཚུད་པའི་སློབ་མ་ཞིག་དང་ཀུན་ནས་མཚུངས།
       “ཚང་མས་སྙིང་དམར་དང་དྲུག་དྲུག་ནོན། ཐད་གཏོང་ས་སྐུར་རྡོ་སྐུར་བྱོས། དོ་དགོང་མང་པོ་ཞིག་བཙོང་རྒྱུ་མེད། མདང་གི་བཙོང་འཕྲོ་དེ་དོ་དགོང་མ་རྩ་རྡིབ་ཏུ་བཅུག་ནས་གཡུག་རྒྱུ་ཡིན། སང་ཉིན་ནས་བཟུང་བཙོང་རྒྱུ་མེད། ཚང་མ་བཀའ་དྲིན་ཆེ། མི་གྲངས་ཁྲི་གཅིག་ལ་འབུད་ཀོ་ཁུ། ཚང་མས་ཀྲིན་ནིན་ལང(正能量)དང་ཀན་ཞེ་བཀན་ཧྥང(感谢官方)ཅན་པོ་རྒྱོབས་མ་གཏོགས་བོད་སྐད་བཤད་མང་སོང་ན་ཐད་གཏོང་སྒོ་བརྒྱབ་འཇོག་གི” ཨ་སངས་ཐད་གཏོང་གི་དབྱིངས་ལ་ཚུད་ནས་ཁ་པར་འཆར་ཤེལ་དུ་སྙིང་དམར་གནོན་བཞིན་འདུག ངས་མ་གཞི་རང་གི་ལྟ་འཕྲོར་ལུས་པའི་དེབ་དེའི་མཇུག་ཨེན་ཙམ་སྐྱོང་ཐུབ་ན་སྙམ་ནས་དཔེ་ཆ་ཁྱེར་ཡོང་བ་ཡིན་མོད། ད་བལྟས་ཡོང་ན་དཔེ་ཆ་ལྟ་བའི་དུས་སྐབས་ཡག་པོ་དེ་མིན་པ་ཚོར་བས། ད་ནི་དོ་ནུབ་ཀྱི་དུས་ཚོད་རིང་མོ་ཨ་སངས་དང་ལྷན་དུ་ཁ་བརྡས་སྐྱེལ་དགོས་པའི་ངེས་ཤེས་འདྲོངས།
       ཡུད་ཙམ་གྱི་རྗེས་ནས། ཨ་སངས་ཀྱིས་རང་གི་གསར་དར་ཀོ་སྟོད་གོང་ཆེན་དེ་དང་ཀོ་ལྷམ་ཡུ་རིང་ཕུད་ནས་ལོགས་ཤིག་ཏུ་བཞག་རྗེས་མལ་ཁྲི་རུ་ཇེ་བདེར་བཏང་ནས་མུ་མཐུད་དུ་ཐད་གཏོང་ལ་བལྟས་སོང་། ཁོའི་མཁྲིག་མར་གོན་པའི་གསེར་གྱི་དུས་ཚོད་དེ་ལུས་པོ་ཕར་ཚུར་འགུལ་ཙམ་བྱེད་པའི་སྐབས་དང་བསྟུན་ནས་འོད་ཟེར་ལམ་ལམ་དུ་འཕྲོ་བར་བྱེད། ངས་ཁྲུས་ཁང་དུ་ལུས་ཁྲུས་བྱས་ཚར་ནས་ཁྱིམ་དུ་ལོག་སྐབས་ཁོས་ད་ད་དུང་ཐད་གཏོང་ནང་ཅེར་འདུག ང་མཐོང་རྗེས་ཅུང་ཕངས་སེམས་ལྡན་པའི་ཉམས་ཀྱིས“ཨ་ཡོ། དོ་དགོང་འཕུར་མདའ་བཅུ་བསྐུར་ཡང་དྲྭ་དཔོན་བྷོ་བྷོ་ཕམ་ཐལ”ཟེར་ཞོར་ཐད་གཏོང་ལ་བལྟ་མཚམས་བཞག་སོང་།
       ཨ་སངས་དང་ངེད་གཉིས་མགྲོན་ཁང་ཟུར་གྱི་བོད་ཟས་ཁང་ཞིག་ཏུ་ནུབ་ཇ་འཐུང་དུ་སོང་། ནུབ་ཇ་འཐུང་ཞོར་དུ་ཁ་བརྡ་ཡར་མར་མང་པོ་བྱས་པ་ཡིན། མཚམས་ཤིག་ལ་ཁོས་གློ་བུར་དུ“འུ་ཚོའི་གསེར་ལུང་ཐང་ཆེན་དུ་ཤེལ་ལེབ་བཙུགས་ན་ཁྲིགས་སེ་རེད། གསེར་ལུང་ཐང་ཆེན་དུ་རྩྭ་མི་སྐྱེ་བ་ཚང་མར་གསལ་ནི་རེད། ལོ་གང་བོར་འབད་འབད་དུང་དུང་བྱས་ནས་ཕྱུགས་འཚོས་ཀྱང་མཐའ་མར་སྡུག་མྱངས་པ་མ་བཤད། ཡོང་སྒོ་སྤུ་ཙམ་ཡང་མེད། དེ་ལས་ཤེལ་ལེབ་བཙུགས་ཚེ་རྩྭ་སའི་མུའུ་གྲངས་ལྟར་རྩྭ་ས་ཆེ་ན་སྒོར་མོར་མང་རབས་བཤད་པས། དེ་མགོ་མ་གཡུགས་པར་ལྷ་བབས་པ་མིན་ནམ”ཟེར། ཁོས་ཇ་ལ་ཧུབ་ཅིག་བཏབ་རྗེས་ཤ་མོག་ཅིག་བླངས་ནས་ཟ་ཞོར་དུ་མུ་མཐུད་དུ་བཤད་བྱུང་། “ན་ནིང་ནས་བཟུང་རྒྱལ་ཁབ་ཀྱིས་གསེར་ལུང་ས་ཐོག་ཏུ་ཤེལ་ལེབ་འཛུགས་པའི་གྲོས་གཞི་ཞིག་འདོན་གྱིན་ཡོད་པར་མ་ཟད། ཤེལ་ལེབ་འཇུགས་ཡུལ་གྱི་ས་སྤྱིའི་རྒྱ་ཁྱོན་སོགས་འཇལ་གྱིན་ཡོད་པར་མ་ཟད། གནས་ངེས་ཅན་རེའི་མཚམས་སུ་ས་རྟགས་རེ་བརྒྱབ་ཡོད་ཚུལ་ཐོས། འུ་ཚོར་ཤེལ་ལེབ་འཛུགས་པའི་བསོད་ནམས་ཡོད་མེད་སུས་ཤེས”ཟེར།
       ན་ནིང་། སྡེ་དཔོན་གྱིས་ངེད་ཚོའི་གསེར་ལུང་སྡེ་བར་གོང་རིམ་ནས་ཤེལ་ལེབ་གཟུག་རྒྱུའི་ལས་གཞི་ཞིག་ཡོད་པ་ཐོག་མར་བསྒྲགས་པ་ནས་བཟུང་། སྡེ་མི་ཀུན་གྱིས་དེ་ལ་མཐའ་གཅིག་ཏུ་དགག་པ་བརྒྱབ་པར་མ་ཟད། ཤེལ་ལེབ་བཙུགས་ཚེ་དེ་ནི་གནས་སྐབས་ཀྱི་ཡོང་སྒོ་ཞིག་ཡིན་པ་ལས་མཐའ་མཇུག་གི་རྒྱལ་ཁ་ཞིག་མིན་ཞེས་ཁ་ཐོགས་ཐོགས་ཐམས་ཅད་ཀྱིས་གཟུག་རྒྱུ་མིན་པའི་སྐོར་བཤད་པར་མ་ཟད། ཉིན་བཅུ་ཡས་མས་ལ་ཁྱིམ་ཚང་རེའི་ཁྱིམ་མི་རེ་རང་འགུལ་གྱིས་སོང་ནས་སྡེ་བའི་ཕྱོགས་གསུམ་ནས་རེས་མོས་ཀྱིས་རྩྭ་ས་བསྲུང་ནས་ཀྱང་བསྡད་པ་རེད། དེ་ལ་ཡང་རྒྱུ་མཚན་མེད་པ་ནི་མིན་ཏེ། ངེད་ཚོའི་རྩྭ་ས་ལག་མཐིལ་འདྲ་མོའི་སྟེང་དུ་རྩྭ་མི་སྐྱེ་བ་བདེན་ན་ཡང་། མི་རབས་ནས་མི་རབས་བར་ཕྱུགས་འཚོས་ནས་ཡོང་བ་ཡིན་ལ། མུ་གེས་ཤི་སོང་བའི་ལོ་རྒྱུས་གཏན་ནས་མེད་པར་མ་ཟད། ས་ཆའི་ཚོད་ཀྱི་རི་དྭགས་བཞིན་དཔལ་འབྱོར་ཡོང་འབབ་ཐད་ནས་ཞིང་ལས་གཉེར་བའི་རུ་སྡེ་ཚོར་བསྡུར་ཐབས་མེད་ན་ཡང་། རང་ཚོད་ཀྱིས་ཁ་སོས་རྒྱབ་ཁེབས་ལ་དཀའ་ངལ་ཆེར་མེད། ཡིན་ནའང་། ལོ་ངོ་བཅའ་བཅུ་ཞིག་གི་རིང་ལ། ཕ་ཡུལ་དུའང་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་རབ་དང་རིམ་པ་མང་པོ་ཞིག་བྱུང་སོང་། སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་འཚོ་བའི་བཙིར་གནོན་འོག་ལོ་རྒྱུས་སྟེང་གཞན་ལ་གླ་བྱེད་དུ་སོང་མ་མྱོང་བའི་མི་རིགས་ཤིག ཉེ་བའི་ལོ་འདི་གའི་རིང་ལ་སྟོན་མཇུག་གི་སྡོང་ལོ་རླུང་གིས་ཁུར་བ་བཞིན་ཁ་ཕྱོགས་ལ་ངེས་པ་མེད་པར་ས་ཕྱོགས་ཀུན་ཏུ་འཁྱར་བའི་རྒུད་པའི་མི་རབས་གསར་བ་ཞིག་བྱུང་དང་འབྱུང་གིན་ཡོད་དེ། ངེད་སྡེ་བའི་ནང་དུའང་སྔོན་ཆད་གཞན་ཡུལ་དུ་ལས་ཀར་སོང་ན་ངོ་ཚར་བརྩི་བའི་ལུགས་སྲོལ་དེ་ད་ནི་ལྡོག་སྟེ་རྒྱུན་ལྡན་ལྟ་བུར་བརྩི་བར་མ་ཟད། སློབ་བྱོལ་བྱས་པའི་ན་གཞོན་དག་ཕལ་ཆེར་རྫོང་མཁར་གྱི་ཆང་ཁང་ག་གེ་མོ་དང་ཟ་ཁང་ག་གེ་མོའི་ནང་དུ་འཚང་ནས་བསྡད་ཡོད་ལ། བཟང་ཁ་མཐུན་ཕྱོགས་དང་མི་བཞི་རྩ་ལག་སྐོར་དང་སྐོར་བྱས་ནས་རྒྱ་ནང་ལ་འགྲོ་བཞིན་འདུག ཨ་སངས་ཀྱང་དེའི་ནང་གི་གཅིག་ཡིན།
       ནུབ་མོ་དེར། ཨ་སངས་དང་ངེད་གཉིས་ཁ་བརྡ་མང་པོ་ཞིག་བྱས་ཤིང་། ཕན་ཚུན་ལ་སེམས་གཏམ་ཡང་མང་པོ་ཞིག་བཤད། ཡིན་ན་ཡང་། ཕྱོགས་མང་པོ་ཞིག་ནས་ངས་ནང་སེམས་སུ་ཨ་སངས་ཀྱི་དཀའ་ཁག་ལ་བསམ་ཤེས་བྱེད་ཐུབ་ན་ཡང་། ངས་ཁོ་ལ་ཁྱོད་ཀྱིས་བཤད་པ་བདེན་པར་འདུག་ཅེས་བདེན་ཁ་མ་བྱིན། ཨ་སངས་ཀྱིས་ཆང་གི་བཟི་ཁ་དང་བསྟུན་ནས་མཚམས་ཤིག་ལ་ང་ལ་ཅུང་ར་བཟི་བའི་སྐད་ཆ་མང་པོ་ཞིག་བཤད་ཀྱིན་ཡོད་ན་ཡང་། ངས་མང་པོ་ཉན་མེད། ཁོས“ཁྱོད་ཚོ་ཡིག་རྡོག་འགའ་ཤེས་མཁན་ཚོར་རློམ་རྒྱུ་དང་གཏན་ཚིགས་ཅི་ཡང་མེད། ཁྱོད་ཚོ་དགུང་སྔོན་གནམ་ནས་ལྡིང་སྐོར་བརྒྱབ་ནས་འདུག་པ་ལས་དོག་མོ་སར་འབབ་མི་ཤེས། ཆེན་པོ་ཞིག་ཤེས་ཁུལ་གྱིས་མང་ཚོགས་ཡིག་རྨོངས་པ་ཚོའི་སྟེང་དུ“མཁས་པ”བཀད་རྒྱུ་ལས། སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་གི་གནད་དོན་ཅི་ཡང་མི་ཤེས། མཐོ་བཤད་དེ་ཚོར་སུན་པ་ལ”ཟེར། ཨ་སངས་ཀྱི་གདོང་མདོག་དམར་སྨུག་ཏུ་གྱུར་ཅིང་། སྤོབས་པའི་ཉམས་འགྱུར་ཡོངས་སུ་རྫོགས་འདུག ངས་ཀྱང་ཁོ་ལ“འོ་ན་ཁྱོད་ཀྱིས་བལྟས་ན་ཤེལ་ལེབ་བཙུགས་ན་བཟང་ངམ་མི་བཟང་”ཞེས་དྲིས་པར། ཁོས་འདང་སྤུ་ཙམ་ཡང་མི་རྒྱག་པར“དཔལ་སྐྱབས། ཁྱོས་སྐྱག་པ་ཤེས། དེ་འདྲ་ཐག་རིང་ཞིག་ལ་འདང་བརྒྱབ་ནས་སུ་ཞིག་གིས་ཀྱང་བཤད་དཀའ། མི་ཤི་བའང་ཚོད་ཀྱིས་མི་ཐིག་པ་ལ་མ་འོངས་པ་སུས་ཀྱང་དཔག་དཀའ། དེ་བས་སྡུག་འདག་མི་དགོས་པར་རྒྱལ་ཁབ་ཀྱིས་ཐད་ཀར་སྒོར་མོ་བྱིན་ན་དེས་མི་དགའ་འམ། ངས་ཚོད་དཔག་བྱས་ན་ཤེལ་ལེབ་བཙུགས་ཚེ་འུ་ཚོའི་སྡེ་བའི་ཁྱིམ་ཚང་རེར་ཕལ་ཆེར་ཆ་སྙོམས་ཀྱིས་སྒོར་ཁྲི་བརྒྱ་ཡས་མས་ཡོད་པས། ལས་གཞི་འདི་འདྲ་ཡོང་ན་མི་དགོས་ཟེར་པ་ནི་བླུན་པོ་རང་རེད། ན་ནིང་ཐོག་དང་པོར་སྡེ་མི་ཚང་མས་ཤེལ་ལེབ་གཟུག་ཏུ་མི་འཇུག་པའི་ངོ་རྒོལ་བྱེད་བྱིན་ཡོད་མོད། རྗེས་སུ་ལྡོག་སྟེ་ངག་ནས་མ་སྨྲས་ཀྱང་སེམས་སུ་བཙུགས་ན་བཟང་སྙམ་པ་མང་ཤོས་རེད། མགོ་རྔ་དང་གཏན་ཚིགས་ཅི་ཡང་མེད་པར་ཆུ་སྣ་གར་ཁྲིད་རེད། རང་ཉིད་ལ་མཚོན་ན་ཤེལ་ལེབ་བཙུགས་ཚེ་འཐད་པ་ཡིན”ཟེར། ཨ་སངས་ར་བཟི་བ་དང་བསྟུན་ནས་སྐད་མགོ་ཇེ་མཐོ་ཡིན་པར་མ་ཟད། ངར་ཤུགས་ཀྱང་ཇེ་ཆེ་ཡིན། ངས་ད་ནི་ཆང་འཐུང་མཚམས་བཞག་ན་བཟང་ཚུལ་བཤད་ཀྱང་ཁོས་ངའི་སྐད་ཆ་སྣང་མེད་དུ་གཏོང་བར་མ་ཟད། ནམ་གུང་གི་ཆུ་ཚོད་གསུམ་པར་ཐོན་ཡོད་ན་ཡང་“འགྲོ ནང་མ་ཁང་དུ་རྩེད་དུ་འགྲོ་ཟེར།” ང་ནང་མ་ཁང་དུ་སོང་མ་མྱོང་ལ་འགྲོ་འདོད་ཀྱང་མེད་པས་“མི་འགྲོ”ཞེས་ལན་འདེབས་ཞོར་དུ་ཨ་སངས་ཀྱི་རླངས་འཁོར་ལྡེ་མིག་མི་མཐོང་ས་ཞིག་ཏུ་སྦེད་པ་ཡིན། ཁོས་ལྡེ་མིག་བཙལ་བཙལ་རྗེས་མ་རྙེད་པས་ཁ་པར་བླངས་ནས་ཨང་གྲངས་ཡར་སློག་མར་སློག་འགའ་བྱས་ནས་གླ་གཏོང་རླངས་འཁོར་ཞིག་བོས་བྱུང་། ངས་ནམ་གུང་ཞིག་ལ་ར་བཟི་ནས་དེ་ལྟར་འགྲོ་མི་རུང་བའི་ཁ་བསྒོ་བསྐྱར་མ་བྱས་ཀྱང་གཏན་ནས་མི་ཉན་པར་བུད་སོང་། ངས་གླ་གཏོང་རླངས་འཁོར་ཁ་ལོ་བར“ཁོ་རང་ནང་མ་ཁང་དུ་སྐྱེལ་ཡག་བྱ་རོགས། སང་ཉིན་ང་ལེན་དུ་ཡོང་”ཞེས་བཅོལ་གདམས་བྱས། དེ་ནས་ང་ཡང་གཉིད་དུབ་ཕྱིར་མགྲོན་ཁང་དུ་གཉིད་པ་ཡིན།
       སང་ཉིན་སྔ་མོར་ཨ་སངས་ལེན་དུ་སོང་དུས། ཁོ་རང་ནང་མ་ཁང་གི་གར་སྟེགས་ཟུར་གྱི་འདུག་སྟེགས་རིང་བོ་ཞིག་ཏུ་གཏི་མུག་གི་ཞིང་ཁམས་སུ་སོང་འདུག་ཅིང་། གར་སྟེགས་རྒྱབ་ཡོལ་གྱི་བརྙན་ཡོལ་ཆེན་པོར“སྐུ་མགྲོན་གཏོང་ཕོད་ཅན་ཨ་སངས་ཀྱིས་བསྟུད་མར་ལེགས་སྐྱེས1376བཞི་དང520བཅུ་གཅིག་བརྒྱབ་པར་ཐུགས་རྗེ་ཆེ”ཞེས་རྒྱ་ཡིག་གིས་ཆེན་པོར་ཤར་འདུག་ལ། སྔས་མགོ་རུ་ཆུང་མའི་བསྟུད་མར་ཐེངས་དྲུག་བདུན་ལ་བཏང་བའི་ཁ་པར་གྱི་སིང་སྒྲ་གྲག་གིན་འདུག ངས་ཁོ་རང་གཉིད་ལས་བསླངས་ཤིང་འབོལ་ཁྲིའི་སྟེང་དུ་བཙོག་ཏུ་བཅུག་ན་ཡང་། ཁོ་རང་བཟི་དྭངས་མེད་པར་ངག་ལས་ལྡབ་ལྡིབ་ཅིག་སྨྲ་བཞིན་འདུག དེ་ནས་ནང་མ་ཁང་གི་ཞབས་ཞུ་བ་ཞིག་གི་རོགས་རམ་འོག་ངེད་གཉིས་ཀྱིས་ཨ་སངས་བཙན་གྱིས་རླངས་འཁོར་ནང་དུ་བཞག་པ་ཡིན། དེ་ནས་ངས་ཞབས་ཞུ་བར་བཀའ་དྲིན་ཞུས་རྗེས་ཨ་སངས་ཁོ་རང་གི་ཡུལ་དུ་བསྐྱལ། ངས་རླངས་འཁོར་བསྐོར་ནས་ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་ཨ་སངས་ཚང་གི་དགུན་སར་ཐོན་སོང་། ང་ཡུན་རིང་ལ་ཕྱུགས་ལས་ལ་འགྲོ་མ་མྱོང་བའི་དབང་གིས་ཨ་སངས་ཚང་གི་ཁྱིམ་ཚང་གི་འགྱུར་ལྡོག་ཀྱང་གསལ་བོ་མི་ཤེས། རླངས་འཁོར་དམིགས་སར་ཐག་ཇེ་ཉེར་སོང་བ་དང་བསྟུན་ནས་ཨ་སངས་ཚང་གི་ཁང་བའང་གསལ་ལེར་མཐོང་། སྔོན་གྱི་ངེད་གཉིས་ཆུང་དུས་ཀྱི་བག་ཆགས་ཟབ་པའི་ས་གྱང་ལས་བྱས་པའི་ཁང་རྙིང་དེ་རེད་ལ། རླངས་འཁོར་མཐོང་མ་ཐག་དྲི་མེད་ངེད་གཉིས་ཀྱི་སྔོན་དུ་བརྒྱུགས་ཡོང་། ཨ་སངས་ཀྱི་ཆུང་མས་སྒོ་རའི་མདུན་དུ་ཨོང་སྒྱེའི་འགྱིག་ཁུག་འགའ་བཙེམ་བཞིན་ཡོད་ཅིང་། ངེད་གཉིས་ཡོང་བ་རིག་ནས་བཙེམ་མཚམས་བཞག་སྟེ་མདུན་བསུ་རུ་ཡོང་། ཁྱིམ་ཚང་སྒོ་ཁར་ཐོན་ནའང་ཨ་སངས་ཀྱིས་ད་དུང་སྔུར་བ་རིང་མོ་ཞིག་འཐེན་བཞིན་འདུག
       ངེད་གཉིས་ཀྱིས་ཨ་སངས་སྐྱོར་མ་འདྲུད་ཀྱིས་ཁྱིམ་གྱི་ཚ་ཐབ་སྟེང་དུ་བསྙལ། ངས་ཁོའི་ཆུང་མར་ཅུང་ཙམ་ནས་ཤ་ཐང་ཞིག་གདུས་ནས་བླུད་དང་བཟི་དྭངས་ངེས་ཡིན་ཟེར་ཞོར་ཁྱིམ་ཕུག་ལ་མིག་མྱུལ་ཞིག་བྱས་པར། ཁྱིམ་གྱི་གྱང་ངོས་ཡོངས་སུ་ཚགས་ཤོག་དང་ཤོག་ཐང་རྙིང་བ་སྦྱར་ནས་ཁྲ་ཁྲ་རིག་རིག་བཟོས་ཡོད་ལ། ཅ་དངོས་དག་ཀྱང་རྙིང་བ་ཁོ་ནར་ཟད། སྔོན་ཆད་དང་བསྡུར་ན་ཅུང་འགྱུར་ལྡོག་ཅིག་ཡོད་པ་ནི་དྲ་མའི་ཉེ་ལོགས་ཀྱི་ཚ་ཐབ་སྟེང་དུ་ཐད་གཏོང་བྱེད་སྤྱད་ཀྱི་སྐྱོར་མ་ཞིག་བཙུགས་ཡོད་ཅིང་། དེའི་ཟུར་དུ་འོད་དཀར་འགྱེད་བྱེད་ཀྱི་ལྒང་ཞུ་དཀར་པོ་ཞིག་བཞག་ཡོད། ཁོའི་ཆུང་མས་ང་ལ་ཇ་བླུད་ནས་མགྲོན་ཁ་བསུས། ངའི་བསམ་གཞིག་གི་མཚོ་མོ་ཡོམ་ཡོམ་དུ་སྐྱོམ་མགོ་བརྩམས་སོང་། ཁྱིམ་ཚང་ནང་གི་ག་ས་གང་དུ་བལྟས་ཀྱང་ཡིད་སྐྱོ་ཞིང་ཐབས་རྡུགས་པ་ཞིག་ཡིན་ནའང་། ཨ་སངས་ཀྱི་རྨི་ལམ་ནང་དུ་ད་དུང་མཛེས་མ་ཚོར1376དང520གི་གོས་བཏགས་འཐེན་བཞིན་ལོས་ཡོད་སྙམ་ན། ཇ་དཀར་ཡོལ་གང་དེའང་ཧུབ་ཐེངས་མང་པོ་ཞིག་གིས་འཐུང་དགོས་བྱུང་ལ། ཧུབ་ཐེངས་རེ་རེའི་བྲོ་བ་ནི་མུ་མཐའ་མི་མངོན་པའི་བྱང་ཐང་རིང་མོ་ཞིག་ཏུ་བསྐྱོད་པ་བཞིན་སྐྱོ་ཡུས་དང་འདང་རྒྱག་གིས་མྱངས་དགོས་སོང་།
འབྲེལ་ཡོད་འོས་སྦྱོར།