logo

ལྷུག་རྩོམ། སྒེའུ་ཁུང་གི་ཕྱི་རོལ།

རྩོམ་པ་པོ།:ཀུན་བཟང་རྣམ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-12-22 ཀློག་གྲངས།:
སྒེའུ་ཁུང་གི་ཕྱི་རོལ།
ཀུན་བཟང་རྣམ་རྒྱལ།

       ཕྱི་རོལ་གྱི་གཡའ་དག་པའི་ནམ་མཁའ་དང་དྲོད་འཇམ་གྱི་རླུང་བུ་དེ་དག་གིས། སོས་ཁའི་གནམ་གཤིས་ནི་བྱིས་པ་ཆུང་ཆུང་ཞིག་གི་ངོ་གདོང་ཇི་བཞིན་འཇམ་ཤ་ལྡན་ཞིང་མཉེན་ལྕུག་ལྡན་པ་ཞིག་ཡིན་པའི་ཚོར་སྣང་སྟེར། བསིལ་འཇམ་གྱི་རླུང་བུ་ཤིག་ཤིག་ཏུ་ལྡང་བ་དང་མཉམ་དུ། ལྗོན་པའི་ཡལ་ཀ་སྟེང་དུ་ཁྲ་ལམ་མེར་བཞད་པའི་མེ་ཏོག་དེ་དག་ཀྱང་ཕར་གཡོ་ཚུར་གཡོ་བྱེད་བཞིན་འཛུམ་པའི་ཞལ་རས་ངོམ་པ་ནི་ཅི་འདྲའི་ཉམས་དགའ་བ་ཞིག་མ་རེད་དམ།
       ལྗོན་པའི་ཡལ་གའི་སྟེང་ན་ཅི་དགར་རྩེན་པོའི་བྱེའུ་ཆུང་ཆུང་དག་གིས་ཀྱང་སྐད་སྙན་མོ་སྒྲོག་གིན་འཕུར་ལྡིང་ཡང་ཡང་བྱེད་ཅིང་། སྐབས་རེར་ས་ལ་བབས་ནས་རྒུམ་བུ་འཚོལ་བའི་སྣང་ཚུལ་ནི་ཅི་འདྲའི་ཉམས་དགའ་བ་ཞིག་མ་རེད་ཨང་། ལྗོན་པ་དང་ཐག་ཉེར་ལྷུང་ལྷུང་དུ་བཞུར་བཞིན་པའི་ཆུ་བོ་དེ་ནི་སྐད་ཅིག་ཙམ་ལའང་མི་སྡོད་པར་མདུན་ནས་མདུན་དུ་བསྐྱོད་པ་ནི། སེམས་ཡོད་ཀུན་ལ་སྒྱིད་ལུག་དང་ལེ་ལོ་དོར་ནས་མདུན་དུ་བསྐྱོད་དགོས་པའི་དྲན་གསོ་གཏོང་བཞིན་པ་དང་འདྲ།
       ང་རང་གྲོང་ཁྱེར་འདིའི་ཁང་རྩེག་མཐོན་པོ་ཞིག་གི་སྒེའུ་ཁུང་ཁར་ལངས་ནས་ཕྱི་རོལ་གྱི་ཡོད་ཚད་ལ་མིག་བཤེར་རྒྱག་དུས། ཕྱི་རོལ་གྱི་བྱ་དངོས་ཐམས་ཅད་ནི་དེ་འདྲའི་གསོན་ཉམས་ལྡན་ཞིང་ནང་སེམས་ལ་སྣང་ཚོར་འདྲ་མིན་སྩོལ་ཡོང་བ་ཞིག་རེད་ཨང་།
       ཕྱི་རོལ་གྱི་མུན་པ་ཇེ་སྟུག་ཏུ་སོང་བ་དང་མཉམ་དུ། གཞུང་ལམ་གཡས་གཡོན་གྱི་གློག་སྒྲོན་དག་འོད་ཆེམ་མེར་འཕྲོས་ཡོང་བ་དང་། གྲོང་ཁྱེར་འདི་འཇིག་རྟེན་གསར་པ་ཞིག་ཏུ་གྱུར་སོང་བའི་སྣང་བ་སྟེར་ཅིང་། འཇིག་རྟེན་གསར་པ་དེ་ནི་མཛེས་སྡུག་གི་རི་མོ་ཞིག་དང་འདྲ་བར་ངའི་མཛེས་དཔྱོད་ཀྱི་ལྟ་བ་ལ་ཚོད་བགམ་ཡང་ཡང་བྱེད་ཡོང་བས། ང་རང་ཡང་མཛེས་སྡུག་དེའི་ཀློང་དུ་འཁྱམ་སྟེ་རྣམ་ཤེས་ལ་རང་དབང་མི་ཐུབ་པར་གྱུར།
       དུས་ཚོད་ཀྱི་མདའ་རྩེ་ཕར་ཕར་ཕྱིན་པ་དང་། ཕྱི་རོལ་གྱི་གློག་སྒྲོན་འོག་གི་ལམ་འགྲོ་བ་དག་ཀྱང་རིམ་བཞིན་ཇེ་ཉུང་དུ་སོང་སྟེ། གྲོང་ཁྱེར་འདིའི་ཉིན་གཅིག་གི་ལས་དོན་ཐམས་ཅད་རྫོགས་སོང་བ་ལྟར་ཡོད་ཚད་ཁུ་སིམ་མེར་གྱུར། དེ་ལྟ་ནའང། སྒེའུ་ཁུང་ཕྱི་རོལ་གྱི་ལྗོན་པ་དང་དེའི་ཡལ་འདབ་དག་ནི་སྔར་བཞིན་རང་གི་འདོད་མོས་ལྟར་འཚོ་ཞིང་གནས། ཉིན་གཅིག་གི་བྲེལ་འཚུབ་རྫོགས་ནས་འཇིག་རྟེན་ལྷིང་འཇགས་སུ་གྱུར་བའི་དུས་འདི་ནི། ནང་སེམས་ལ་བྱབས་ཁྲུས་བྱེད་པའི་དུས་བཟང་ཞིག་ཡིན་པས། ངས་སྒེའུ་ཁུང་གི་ཕྱི་རོལ་ལ་མིག་ཟུང་ཅེར་ནས་ལྗོན་པ་དེ་དང་དེ་འབྲེལ་གྱི་གནད་དོན་གང་མང་ཞིག་ལ་མནོ་བསམ་གཏོང་བཞིན་ཡུན་རིང་ལུས།
       སྐབས་རེར། དུས་ཚོད་ཀྱི་གོམ་ཁ་ལྷོད་ལ་མངགས་ཏེ་ཕྱི་རོལ་གྱི་གནམ་གཤིས་འགྱུར་ལྡོག་དང་བྱ་དངོས་གྱི་འཕེལ་འགྲིབ་རྣམས་མིག་གིས་འཚོས་ཤིང་སེམས་ཀྱིས་མྱངས་ན། འཇིག་རྟེན་གྱི་གནས་ལུགས་མང་པོ་ཞིག་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་ཞིང་། མི་དང་ཕྱི་རོལ་འཇིག་རྟེན་གྱི་འབྲེལ་བ་དང་། ཕྱི་རོལ་འཇིག་རྟེན་གྱི་བྱ་དངོས་དག་གིས་མི་ལ་བསྩལ་བའི་ནུས་སྟོབས་སོགས་ནི་གསང་བའི་ཚུལ་དུ་གནས་ཡོད་པའང་ཤེས་ཡོང་།

རྩོམ་པ་པོ་ངོ་སྤྲོད།
       ཀུན་བཟང་རྣམ་རྒྱལ། ༡༩༨༨ལོར་སྡེ་དགེ་རྫོགས་ཆེན་དུ་སྐྱེས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན། སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དུས་དེབ«གངས་དཀར་རི་བོ»ཡི་གཙོ་སྒྲིག་པ་གཞོན་པ་དང་། བོད་ཡིག་པར་མའི་ལག་བསྟར་གཙོ་སྒྲིག་པ་བཅས་ཀྱི་འགན་འཁུར་བཞིན་ཡོད། བརྩམས་ཆོས་འགའ་རེ«མི་རིགས་ཀྱི་རྩོམ་རིག»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ» «ཟླ་ཟེར» «གངས་ལྗོངས་ཉི་གཞོན» «མི་རིགས» «གངས་རྒྱན་མེ་ཏོག» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ» «ཤྭ་སྐྱ» «གངས་དཀར་རི་བོ»རྒྱ་ཡིག་པར་མ་སོགས་སུ་བཀོད་མྱོང་།

རྩོམ་ཁུངས། ༢༠༢༥ལོའི«མི་རིགས»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།