logo

ཞི་བདེ་རྒྱ་མཚོའི་ཉེ་འགྲམ་ནས་ཁ་བ་དྲན་པ།

རྩོམ་པ་པོ།:རྩེ་སྲས་ཟླ་འོད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-12-25 ཀློག་གྲངས།:
       ད་ནི་སྟོན་ཟླ་མཇུག་བསྒྲིལ་ཏེ་དགུན་ཟླ་ཚེས་མགོ་ཡིན་པས་ཁ་སང་དེ་རིང་ཕ་ཡུལ་དུ་ཁ་བ་འབབ་ཀྱིན་འདུག གནམ་གཤིས་སྔོན་བརྡའི་ནང་དུའང་ཉིན་འདི་གར་མཚོ་སྔོན་གྱི་ས་ཆ་མང་ཤས་སུ་ནམ་ཟླ་ཇེ་འཁྱག་ཏུ་སོང་བ་དང་བསྟུན་ནས་མུ་མཐུད་དུ་ཁ་བ་འབབ་རྒྱུ་ཡིན་སྟབས། ཚང་མའི་གོན་པ་མཐུག་པོ་གྱོན་དགོས་པ་དང་། ལྷག་པར་དུ། འགྲུལ་བཞུད་པ་དག་གིས་འགྲིམ་འགྲུལ་བདེ་འཇགས་ཐད་ལ་སེམས་ཆུང་བྱ་དགོས་ཚུལ་གྱི་ཉེན་བརྡ་གཏོང་བཞིན་འདུག
       ཁ་སང་ཕ་ཡུལ་ནས་ཨ་མས་ང་ལ་ཁ་པར་བཏང་སྟེ། ཕ་ཡུལ་ན་ཁ་བ་འབབ་བཞིན་ཡོད་པས་གནམ་གཤིས་ཀྱང་ཧ་ཅང་འཁྱག་རབས་བཤད། ནངས་དགོང་ལ་ལྷག་ཏུ་འཁྱག་པས་ཁྱོད་ཡོད་སར་གནམ་གཤིས་ཀྱི་དྲོ་གྲང་ཅི་འདྲ་ཡིན་པ་དང་། ཁ་བ་འབབ་ཀྱིན་ཡོད་མེད་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིག་བྱས་མཐར་དགུན་ལྭ་མཐུག་པོ་ཞིག་གོན་དགོས་ཚུལ་གྱི་རེ་བ་ནན་མོ་ཞིག་བཏོན་སོང་། དོ་ཞག ཕ་ཡུལ་དང་ཁ་གྱེས་ནས་ཟླ་བ་ལྔ་འགོར་ལ་ཉེ་ཞིང་ཁ་བ་དང་རིང་དུ་བྲལ་ནས་ལོ་འཁོར་གཅིག་ལྷག་འགོར་ལ་ཉེ། དེའི་སྟབས་ཀྱིས་ཉེ་ཆར་ངས་ཁ་བ་ཞིག་འབབ་པར་རེ་ལྟོས་ཆེན་པོ་བྱས་ཡོད། དངུལ་དཀར་གྱི་ཁ་བ་ལྷབ་ལྷུབ་ཏུ་འབབ་ཚུལ་གྱི་རྣམ་པར་ངང་སྒུག་བྱེད་ཀྱིན་ཡོད་ནའང་། ང་ཡོད་སའི་གྲོང་ཁྱེར་འདི་ནས་ཁ་བ་འབབ་རྒྱུ་ནི་ཉིན་མོའི་སྐར་མ་ལྟ་བུ་ཡིན་པས་རེ་སྒུག་བྱས་ཀྱང་ངལ་བ་འབྲས་མེད་དུ་གྱུར་འགྲོ་བས། ཁ་པར་གྱི་བརྙན་ལམ་ནས་རྒྱང་རིང་དུ་ཁ་བ་འབབ་པར་རེ་སྨོན་བྱས་པ་ཡིན།
       ང་རང་ལས་སྐལ་ཞིག་གིས་ཁ་བ་འབབ་སའི་ཡུལ་གྲུ་ཞིག་ཏུ་སྐྱེས་ཏེ། ཁ་བ་དང་ལྷན་དུ་ནར་སོན་ཞིང་ཁ་བ་བབས་པའི་ལོ་ཟླ་རེ་རེ་ནི་ངའི་བྱིས་དུས་ཀྱི་ཆེས་སྤྲོ་སྣང་གི་ཉི་མ་ཤར་ས་དང་བདེ་སྐྱིད་ཀྱི་ཟླ་བ་ཚེས་སའི་དུས་ཚིགས་རེ་རེ་ཡིན་ལ། ན་ཟླ་སྐོར་ཞིག་དང་མཉམ་དུ་ཁ་བ་རིལ་རིལ་བྱས་ཏེ་གངས་རྩེད་རྒྱག་པ་དང་གངས་མི་བཟོས་ནས་འགྲན་སྡུར་བྱས་པ་ཡང་། སྐབས་དེ་དུས་ཀྱི་སྤྲོ་སྣང་ཡན་གར་བ་ཞིག་སྟེ་ཁ་བས་ང་ཚོར་བྱིན་པའི་བག་ཆགས་ཡག་ཤོས་ཀྱི་མཛེས་སྡུག་གཞན་ཞིག་ཀྱང་ཅི་ལ་མིན་ཨང་། བྱིས་པ་སྣབས་ལུག་གི་སྐབས་དེ་ནས་བཟུང་ཁ་བའི་འཇིག་རྟེན་ཁྲོད་དུ་རྩེད་འཇོ་སྣ་ཚོགས་ལ་གཡེང་སྟེ། ཙག་གིས་རྣ་ཅོག་ཕྱིད་པ་དང་ཁ་བས་མིག་ཟུང་ཕྱིད་པའང་མ་ཤེས་པའི་སྐབས་ཀྱང་ཡོད་སྲིད་ལ། མཚན་མོའི་རྨི་ལམ་དུའང་ཁ་བ་འབབ་པར་རེ་སྒུག་བྱས་ཤིང་ནངས་མོར་མལ་ལས་ལངས་མཁན་གྱི་ཐོག་མ་ནི་ཨ་མ་ཡིན་ཏེ། གཉིད་ལས་སད་མ་ཐག་ཏུ་ཨ་མར་ཕྱི་ན་ཁ་བ་བབས་ཡོད་དམ་ཞེས་འདྲི་དགོས་ལ། སྐབས་རེར། མལ་སའི་ནང་འགྲེ་ལོག་ཅིག་བརྒྱབ་སྟེ་སྒེའུ་ཁུང་ནང་ནས་ཕྱི་ན་ཁ་བ་བབས་ཡོད་མེད་ལ་ལྟ་བ་ནི་ང་ཡི་གོམས་གཤིས་ཤིག་ཏུ་གྱུར་འདུག
       ཁ་བ་བབས་པའི་ཚེ་ན། གངས་ནང་དུ་རྐང་པ་གཉིས་ཀྱིས་ཕྱི་རྟིང་གཤིབ་སྟེ་རྐང་མགོ་གཉིས་གཡས་གཡོན་ལ་བཀྱེད་དེ་དལ་མོར་སྔུན་ལ་ནུར་ན་རྗེས་སུ་དཔར་ཡོད་པའི་རྐང་རྗེས་ནི་ས་འདེད་རླངས་འཁོར་གྱི་འཁོར་ལོའི་རྗེས་ཤུལ་ཞིག་དང་ཀུན་ནས་མཚུངས་ལ། ནོར་རྫི་ཡིན་དུས་ཁ་བའི་སྟེང་དུ་སྙིང་ཆ་གཉིས་གཤིབ་ནས་འབྲི་རྒྱུར་དགའ་ལ། སྙིང་གཅིག་ནི་རང་ཉིད་ཀྱི་སྙིང་ཡིན་པར་བྱས་ལ་ཅིག་ཤོས་དེ་ནི་མ་འོངས་པའི་ཚེ་ཡི་འདུན་མར་བསུ་བའི་བུད་མེད་གང་དེའི་སྙིང་ཡིན་ཁུལ་བྱས་པ་ཡིན། དེ་ལྟར། གང་དྲན་དྲན་གྱི་དགོད་བྲོ་བའི་རི་མོ་སྣ་ཚོགས་ཤིག་འབྲི་རྒྱུར་གོམས་ཡོད་ལ། ད་དུང་། ཚོར་བ་ཐན་ཐུན་གྱིས་ཀུན་ནས་བསླངས་པའི་ཡི་གེ་སྣ་ཚོགས་ཤིག་ཀྱང་བྲིས་ཡོད། “ཁ་བ་ལགས། ང་རང་ཁྱེད་ལ་དགའ། ཁྱེད་བབས་པའི་ཚེ་ན་ང་ལ་སྨྱུ་གུ་དང་འབྲི་ཤོག་ཅི་ཡང་མི་དགོས་པར་རང་དགར་བྲིས་ཆོག་པ་འདི་ནི་ང་ལ་མཚོན་ན་ཕྱུགས་རྗེས་ནས་ཉི་མ་འཁྱོལ་ཐབས་ཀྱི་བདེ་སྐྱིད་ཡག་ཤོས་ཤིག་རེད་ཨང་།”ཞེས་པ་ལྟ་བུའི་ཡི་གེ་མང་པོ་ཞིག་བྲིས་ཡོད་ལོས་ཆེ། འདི་ལྟར་ཁ་བའི་ནང་ལོ་ཟླ་བསྐྱལ་བའི་མི་ཞིག་ལ་མཚོན་ན་གློ་བུར་དུ་ཁ་བ་དང་བྲལ་ན་ཁ་བ་དྲན་སྲིད་པ་སྨོས་མ་དགོས་ལ། ཁ་བ་དང་འབྲེལ་བའི་གཏམ་རྒྱུད་ཇི་སྙེད་ཅིག་གླེང་རྒྱུ་ཡོད་པ་ནི་ད་ཆར་བསམས་ན་ཅི་འདྲའི་ལྷད་མེད་ཀྱི་ཁ་བས་ང་ལ་བཞག་པའི་བརྗེད་མི་བཏུབ་པའི་ཕྱིར་དྲན་གྱི་འཚོ་བའི་དྲན་ཤིང་རིང་མོ་ཞིག་ཅི་ལ་མིན་ནམ།
       ཨ་ཕར་ཁ་བ་འབབ་དུས་ཆེད་དུ་གོན་རྒྱུའི་རྡོ་ཤེལ་གྱི་མིག་ཤེལ་སྙིང་རྗེ་མོ་ཞིག་ཡོད་པ་དེ་ཡང་ཧ་ཅང་གོན་འདོད་པ་ཞིག་ཡིན། ཁ་བ་བབས་མེད་ན་ཨ་ཕས་གང་འདོད་དུ་གོན་དུ་མི་འཇུག་ལ། ཁ་བ་བབས་པའི་ཉིན་མོ་དེར་ད་གཟོད་ཨ་ཕས་ང་ལ་མིག་ཤེལ་དེ་གཡར་སྲིད། མིག་ཤེལ་དེ་གོན་ནས་རུ་ཁ་ཁྱིམ་མཚེས་ཀྱི་བྱིས་པ་དག་གི་མདུན་སར་ངོམ་སོ་བརྒྱབ་པའི་སྣང་བ་དེ་ཡང་། ད་ཆར་དྲན་པར་སོས་ཡོང་ན་རང་དབང་མེད་པར་དགོད་ཁ་ཞིག་ཀྱང་འཆོར་འགྲོ།
       ང་དང་ཁ་བའི་བར་གྱི་གཏམ་རྒྱུད་དང་བརྩེ་དུངས་ནི་ཧ་ཅང་ཡི་གར་འོང་ལ་བརྗེད་མེད་རྡོ་བརྐོས་རི་མོ་བཞིན་དྲན་པའི་གཏིང་རིམ་ན་གསལ་ལེར་མངོན་ཡོད། དེ་བས། ཉེ་ཆར་ངས་ཁ་བ་དྲན་པ་ནི་སྙིང་ནས་བརྩེ་བའི་ཕ་མ་དྲན་པ་ནང་བཞིན། དེ་རིང་ཡང་ཞི་བདེ་རྒྱ་མཚོའི་ཉེ་འགྲམ་ན་ངས་ཁ་བ་དྲན་བཞིན་ཡོད་དེ། ཁ་བ་དྲན་པའི་མོད་ལ་ཁ་བའི་ཁྲོད་བྱུང་བའི་གཏམ་རྒྱུད་སྙིང་རྗེ་མོ་རེ་ཕྱིར་དྲན་གྱི་དོད་དུ་ཡི་གེར་འགོད་བཞིན་ཡོད། གནས་འདི་གར་མཚོ་རླབས་ཀྱི་ཤུགས་རྐྱེན་ཡིན་ནམ་མཚམས་རེར་རླུང་གྲང་མོ་རེ་ལྡང་གིན་འདུག་ལ། སྐབས་རེར་ཆར་བ་འབབ་པ་མ་གཏོགས་ཁ་བ་ཞིག་དབབ་རྒྱུ་ཕལ་ཆེར་མེད་པ་འདྲ། དེ་བས། ཉེ་སྔོན་ངས་ཁ་བའི་ཁྲོད་བཏབ་པའི་འདྲ་པར་རམ་བརྙན་དུམ་རེ་འགའ་ལ་བལྟས་ཏེ་ཕྱིར་མིག་རེ་འཕངས་པ་ཡིན། དངུལ་དཀར་གྱི་ཁ་བ་ལགས། མི་འགྱང་བར་ང་རང་ཁྱེད་ཉིད་དབབ་སའི་ང་དང་ཁྱེད་ཀྱི་ཕ་ཡུལ་ལ་ཆས་ཡོང་། དེ་དུས་ཁྱེད་ཀྱིས་ལྷད་མ་འདྲེས་པའི་དངུལ་དཀར་གྱི་ཁ་བའི་མེ་ཏོག་གི་འདབ་མ་རེ་རེས་ང་རང་སླེབས་པར་བསུ་མ་བྱེད་པར། ངས་རྒྱང་རིང་དུ་ཡིད་ཆེས་ཀྱི་རེ་བའི་ཀློང་ན་དྲན་གདུང་གི་བརྩེ་བས་བརྟས་ཡོད། དཀར་བོང་བོང་གི་ཁ་བ་ལགས། ངས་ཁྱེད་རང་དྲན་པར་གནས་ལུགས་ཡོད་ལ་ངས་ཁྱེད་རང་གླེང་བར་ཡང་རྒྱུ་མཚན་ལོས་ཡོད།
       ཁྱེད་ཉིད་ངའི་ནར་སོན་གྱི་ལོ་ཟླའི་ཁྲོད་སྣང་བ་རླུང་ལ་བསྐུར་རོགས་དང་། སྐྱོ་བའི་དངན་པ་བསང་རོགས་ཡིན་པས་ང་ཁྱེད་ལ་རྣམ་དཀར་ལྷག་བསམ་གཙང་མའི་བརྩེ་འདང་ཞིག་ཡོད་དཔེ་ལ། ཕ་ཡུལ་གྱི་ཡུལ་མི་དག་གིས་ཀྱང་ཁྱེད་ལ་དམིགས་བསལ་གྱིས་བརྩི་འཇོག་དང་མཐོང་ཆེན་བྱེད་པ་མ་ཟད། ཡུལ་མི་ཚོས་ཁ་བ་ནི་རྟེན་འབྲེལ་གྱི་མཚོན་དོན་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ལ། བཟའ་ཚོ་ཕན་ཚུན་གཉེན་སྡེབ་ཀྱི་ཉིན་མོ་དེར་ཁ་བ་བབས་ཚེ་བཟའ་ཚོ་དེ་གཉིས་ཀྱི་བྱ་གཞག་ལམ་ལྷོངས་དང་ཚེ་གང་བོར་འགྲིག་པོ་མཐུན་པོ་ཡོང་བའི་སྔ་ལྟས་ཡིན་ཞེས་བཤད་སྲོལ་ཡོད་པ་འདྲ། དོན་དག་བཟང་པོ་ཞིག་བསྒྲུབ་ཏུ་ས་ཆ་ག་གེ་མོར་འགྲོ་བའི་ཉིན་དེར་ཁ་བ་སྲབ་བུ་ཞིག་བབས་ཡོད་ན་མགྲོན་པོ་ལམ་དཀར་ཡིན་པས་རྟེན་འབྲེལ་ཡག་པོ་ཞིག་ཏུ་བརྩི་སྲོལ་ཡོད་པ་དེ་ཡང་། ཐོག་མ་ནས་ཁ་བའི་ཁྱད་ཆོས་ནི་ལྷད་མ་འདྲེས་པའི་དྭངས་གཙང་གི་ངོ་བོ་ཞིག་དང་། དཀར་ཞིང་གཙང་བ་ཡིན་པས་རང་རྒྱུད་གཙང་བ་ལ་གོ་སྟེ། མདོག་དཀར་བ་ཡིན་སྟབས་བསམ་པ་དཀར་པོ་ཡོད་པར་ཆ་འཇོག་འཕེར་བས་ཁ་བའི་མཚོན་དོན་ནི་ཧ་ཅང་ཡིད་དུ་འཐད་པའི་བྱ་དངོས་ཤིག་ཏུ་ངོས་འཛིན་བྱེད་པས། ང་ཡང་ཁ་བ་ལ་ཞེ་དྲག་དགའ་ཞིང་ཁ་བ་ཞེས་པའི་མིང་ཡིག་འདི་གཉིས་ནི་ངའི་རྣ་བར་ཧ་ཅང་སྙན་ཞིང་འཇེབས་པ་ལ་ཨང་།
       ཉེ་ཆར་ངས་བས་མཐའི་གནས་མལ་ཞིག་ཏུ་ཁ་པར་བརྙན་ལམ་ནས་ཕ་ཡུལ་དུ་ཁ་བ་བབས་པའི་རྣམ་པར་རྒྱང་ལྟ་བྱེད་བཞིན་ཡོད། ཕ་ཡུལ་གྱི་ཉེ་མི་དང་གྲོགས་པོ་ཚོས་སྐད་འཕྲིན་རྒྱབ་ལོགས་སུ་ཁ་བའི་ཁྲོད་བཏབ་པའི་འདྲ་པར་དང་ཁ་བ་འབབ་བཞིན་པའི་སྐབས་ཀྱི་བརྙན་དུམ་རེ་འགའ་མཐོང་ཚེ་ངས་ཁ་བ་ལྷག་ཏུ་དྲན་ཞིང་། སྐད་ཅིག་མ་དེར། ང་ཡང་ཁ་བ་འབབ་བཞིན་པའི་འཇིག་རྟེན་དེར་སོང་སྟེ་ཁ་བ་ཟམ་ཟིམ་ཞིག་ག་ལེར་ངའི་ནང་སེམས་ལ་བབས་ཏེ་སེམས་ཀྱི་ངལ་དུབ་མཐའ་དག་རྨེག་མེད་དུ་སེལ་སོང་བའི་སྣང་བ་ཞིག་གིས་བློས་བསླངས་ཡིད་ཚིམས་པ་ཞིག་བགྱིས་པ་ཡིན། ཁ་བའི་འཇིག་རྟེན་ནི་ང་གཅིག་པུར་དབང་བ་མ་ཡིན་ལ་ཁ་བ་ནི་ཚང་མས་དྲན་མི་སྲིད་པ་ཡང་མ་ཡིན་པས། རྒྱང་ན་ཡོད་པའི་གྲོགས་པོ་ཚོའི་ནང་དུའང་ཁ་བ་དྲན་བཞིན་པ་ཡོད་སྲིད་ལ། ཁ་བ་དང་འབྲེལ་བའི་བརྩེ་དུངས་གཏམ་རྒྱུད་མི་འདྲ་བ་རེ་ཡང་ལྷད་མེད་ཀྱི་ཁ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་ཤ་སྟག་ཡིན་ངེས། དེ་བས། ཁྱོད་ཚོས་ཁ་བ་དྲན་དུས་ཀྱི་ཡིད་ཀྱི་འགྱུར་བས་བསླངས་པའི་ཕྱིའི་ཁོར་ཡུག་གི་རྣམ་པ་དེ་ཇི་ལྟ་བུ་ཞིག་དང་གཏམ་རྒྱུད་ག་འདྲ་ཞིག་དྲན་ཡོང་། ཁ་བ་མར་མར་འབབ་པའི་ཕ་ས་དེ་ནི་རང་གི་ཕ་ཡུལ་གྱི་ཁྱད་ཆོས་ཤིག་དང་བདེ་སྐྱིད་ཀྱི་དྲོད་ཐུག་ཅིག་རེད་བསམ་མྱོང་ངམ། ང་ལྟ་བུའི་རྒྱང་རིང་ན་ཕ་ཡུལ་གྱི་ཁ་བ་དྲན་བཞིན་པའི་ཉེ་མི་རྣམས། ང་ཚོ་ལ་ཁ་བ་ལྟ་བུའི་རང་གཤིས་གཙང་མ་ཞིག་གམ་ཁ་བའི་མདོག་ལྟར་དཀར་བའི་བསམ་པ་དཀར་པོ་ཅན་ཞིག་ཏུ་འགྱུར་བའི་རེ་བ་དང་། ཁ་བ་འབབ་སའི་གནས་མལ་དེ་ནི་ང་ཚོས་ངོམ་ཆོག་ཆོག་གི་ཕ་ཡུལ་གྱི་ཁོར་ཡུག་གི་མཛེས་པ་ཞིག་ཏུ་སེམས་ཆོག་སྟེ། ཁ་བ་དང་ལྷན་དུ་ནར་སོན་པའི་ཁོ་བོར་མཚོན་ན་ཁ་བ་དང་བསྡོངས་ཏེ་མི་ཚེ་བསྐྱལ་ཐུབ་པ་ཞིག་བྱུང་ན། དེ་ནི་ང་ཡི་ཆེས་དྭངས་གཙང་གི་འཚོ་བའི་གནས་མལ་ཞིག་རེད་འདོད།
       ཁ་བ་འབབ་རྒྱུ་མེད་པའི་རྒྱལ་ནང་གཙོས་གྲོང་ཁྱེར་ག་གེ་མོའི་ཡུལ་སྐོར་པ་དག་ལེ་དབར་སྟོང་ཕྲག་བརྒལ་ཏེ། ཁ་བས་བཀླུབས་པའི་ང་ཚོའི་མཐོ་སྒང་གི་ས་ཆ་གང་དེར་ཆེད་དུ་ལྟད་མོ་ལྟ་རུ་ཡོང་བ་འདིས་ཀྱང་། ཁོ་ཚོའི་ས་ཆ་ས་བབ་དམའ་ཞིང་དྲོད་ཚད་དམའ་བའི་རྐྱེན་གྱིས་ཁ་བ་འབབ་མ་ཐུབ་པ་ནི་ཆད་ལྷག་ཅིག་ཡིན་པར་སྣང་ལ། ང་ཚོའི་ས་ཆར་ཁ་བ་འབབ་པའི་དུས་ཚིགས་ཀྱང་ཡོད་པ་ནི་དངོས་གནས་བདེ་སྐྱིད་ཅིག་རེད་སྙམ་པ་ནི་ཁ་བའི་ཁྱད་ཆོས་སམ་ཕ་ཡུལ་གྱི་ཐུན་མོང་མ་ཡིན་པའི་གྲུབ་ཆ་ཞིག་ཡིན་ཙ་ན། དེ་ཡང་ང་ཚོ་ཐུན་མོང་གིས་བསགས་པའི་བསོད་ནམས་ཀྱི་བགོ་སྐལ་ཞིག་ཏུ་གྱུར་ཡོད་པས་ང་ཚོའི་ཁ་བའི་རིན་ཐང་དང་ཁ་བར་ལོངས་སྤྱོད་བྱེད་ཤེས་ན་ཤིན་ཏུ་ལེགས། གཡོ་ཟོལ་གྱིས་མ་བསླད་པའི་ཁ་བ། ངས་ཁྱེད་ཀྱི་ར་རིའི་དྲི་མས་མ་གོས་པའི་རབ་དཀར་ཁ་བས་ཡོངས་སུ་བཀླུབས་པའི་ས་གཞིའི་སྟེང་དུ། གསེར་མདོག་གི་ཉི་འོད་ཀྱིས་བྱུགས་པའི་ཁྱེད་ཀྱིས་བདག་ཏུ་མ་བཟུང་བའི་ལྷད་མེད་དྭངས་གཙང་གི་མཛེས་སྡུག་གི་ཆ་དེ། བློ་ཡིས་བླངས་ཏེ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པར་མཆོད་པ་ཕུལ་བ་ཡིན། དེ་བས། ཁྱེད་ནི་ངའི་བསོད་ནམས་ཀྱི་ཚོགས་གྲུབ་བྱེད་ཀྱི་ནོར་རྫས་རྩ་ཆེན་ཞིག་ཏུ་འཁུམས་ཡོད་སྟབས། ང་ནམ་ཡང་ཁྱེད་ཀྱི་དཀར་ཞིང་གཙང་བའི་འགྱུར་མེད་རྟག་བརྟན་གྱི་གཤིས་ཀ་ལ་ལྷག་ཏུ་དུངས་ཨང་།
       འདི་ལྟར། ཁ་བ་དྲན་ཞིང་ཁ་བ་གླེང་ཡོང་ཚེ་ངའི་དྲན་པའི་ཡོལ་གོར་ཁ་བས་བསྐྲུན་པའི་གཏམ་རྒྱུད་ཇི་སྙེད་ཅིག་མུ་འབྲེལ་གློག་བརྙན་བཞིན་རྒྱུན་མུར་འཆར་ཡོང་གིན་འདུག་སྟེ། ཁ་བ་ནི་ངའི་བྱིས་དུས་ཀྱི་གཏམ་རྒྱུད་འབྲི་རོགས་དང་། ང་རྒས་དུས་ཀྱི་ཕྱིར་དྲན་བགྱིད་རོགས་ཡིན་ཕྱིར་ང་རང་ཁ་བ་ལ་འདང་བརྩེ་བླ་ལྷག་ཅིག་ཡོད་དེ།མཚམས་རེར། ཁ་བ་བབས་པའི་ཞོགས་པ་དེར་ས་གཞི་ཐམས་ཅད་དཀར་བོང་བོང་བྱེད་ཅིང་ཉི་འོད་ཕྱོགས་བཅུར་འཕྲོས་པའི་ཚེ་ན། ཁ་བའི་མུ་ཏིག་རྡོག་པོ་རེ་རེ་འོད་ལམ་ལམ་གྱིས་འཚེར་སྟངས་དེ་ནི་འོད་ཟེར་སྟོང་ལྡན་གྱི་ཞིང་ཁམས་ཁྱད་དུ་འཕགས་པ་ཞིག་པས། ཁ་བས་ང་ཚོར་བསྐྲུན་པའི་འཇིག་རྟེན་ནི་ཅི་འདྲའི་མིག་ལ་མཛེས་ཤིང་ཁ་བས་ང་ཚོར་བཞག་པའི་གཏམ་རྒྱུད་དག་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་།
       སྙིང་ཉེ་བའི་ཁ་བ་ལགས། དེ་རིང་ཁོ་བོས་ཞི་བདེ་རྒྱ་མཚོའི་ཉེ་འཁོར་ན་ཁྱེད་རང་དྲན་པར་བགྱིས་ཏེ། ཁྱེད་དང་ང་ཡི་གཏམ་རྒྱུད་སྙིང་རྗེ་མོ་དག་ཡིད་ལ་དྲན་ཚད་ཅིག་དྲན་གདུང་གི་སྐྱོ་བས་མ་ཐེག་པར་ཁ་རོག་གེར་ཡི་གེར་བྲིས་ཏེ་ཡང་ནས་བསྐྱར་དུ་ཁེར་ཀློག་བྱེད་བཞིན་ཡོད། བདག་གི་སྙིང་ཉེ་བའི་ཡི་གེའི་ཚོགས་པ་འདི་ཚོ་ཡོད་པས་ང་དེ་ཙམ་སྐྱོ་བོ་ཆགས་ཀྱིན་མེད་ནའང་། ཁ་བ་ལགས། རབ་ཡིན་ན་ཁྱེད་རང་ང་ཡི་རྨི་ལམ་ནང་དུ་ཐེངས་གཅིག་དབབ་རོགས་ཞུ། རྒྱང་རིང་ན་ཁུ་སིམ་མེར་འབབ་པའི་ཁ་བ་ལགས། ངས་རྒྱང་རིང་ན་ཁྱེད་རང་གླེང་བཞིན་འཁྲེང་སེམས་ཀྱི་མིག་གིས་ཁྱེད་རང་འཚོས་ནས་ཡོད། །

༢༠༢༤ལོའི་ཟླ༡༢ཚེས༡ཉིན་ཞི་བདེ་རྒྱ་མཚོའི་ཉེ་འགྲམ་ནས་སྦྱར།

རྩོམ་ཁུངས། ༢༠༢༥ལོའི«ཤྭ་སྐྱ»དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།