“ཚིག་གི་རྒྱ་མཚོ”བརྒལ་བའི་འཕྲིན་ཡིག་ཅིག
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-12-30
ཀློག་གྲངས།:
“ཚིག་གི་རྒྱ་མཚོ”བརྒལ་བའི་འཕྲིན་ཡིག་ཅིག
—ངའི་ཉེ་འགྲམ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད།
གུས་པར་འོས་པའི་དགེ་རྒན་སངས་རྒྱས་ལགས།
ཁྱེད་རང་སྐུ་ཁམས་བདེ་བར་བཞུགས་ཡོད་དམ།
ཁྱེད་ཉིད་ལ་འཕྲིན་ཡིག་འདི་འབྲི་སྐབས། དགུན་ཁའི་ཉི་འོད་སྒེའུ་ཁུང་ལས་ཟགས་ཏེ་ལྗིད་ཏིག་ཏིག་གི་ཚིག་མཛོད་དེ་གསུམ་པོའི་སྟེང་དུ་འཕྲོས།
སྐབས་དེར། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ཀྲུའུ་རེན་ཚེ་རིང་འབུམ་གྱི་གཞུང་ལས་ཁང་དུ། ཁོའི་སྨྱུག་ཁ་ཤོག་ངོས་སུ་བསྒྱུར་བའི་སྒྲ་དེ་ལས་ཐོས་རྒྱུ་མི་འདུག

“ད་ལྟ་བཞུགས་ཚེ།”ཚེ་རིང་འབུམ་གྱིས་དེ་ལྟར་མགྲིན་བརྣངས་ཞོར་དུ“ང་ཚོས་དགེ་རྒན་ལགས་ལ་སྙན་ཞུ་ཕུལ་ཆོག”ཟེར།
ཟིན་བྲིས་འདེབས་མཁན་ཞིག་ཡིན་པའི་ཆ་ནས། ངས་སྨྱུ་གུ་ལག་ཏུ་བླངས་ནས་འབྲི་བར་བརྩམས་པའི་ཚེ་ན། འབྲི་མཁན་ནི་ང་རང་མ་ཡིན་པར་འདས་ཟིན་པའི་ལོ་ངོ་བཅུ་གསུམ་གྱི་ལོ་ཟླ་དེ་དང་། ཡིག་འབྲུ་ཁྲི་སྟོང་གི་བམ་པོ་དེས་ངའི་ལག་པ་གཡར་ནས་ཁྱེད་ཉིད་ལ་བརྗོད་པའི་སྣང་བ་ཞིག་ཤར།
2013ལོའི་ལོ་གསར་རྗེས་སུ«དེང་རབས་རྒྱ་ཡིག་ཚིག་མཛོད»བོད་ཡིག་ཏུ་བསྒྱུར་པའི་བཟོ་འགོད་ཆེན་པོ་དེ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལག་བསྟར་བྱེད་མགོ་བརྩམས། ཚིག་མཛོད་བོད་ཡིག་ཏུ་བསྒྱུར་ན་སྒྱུར་མཁན་ལ་ཆེད་ལས་ཀྱི་བྱང་ཚད་མཐོན་པོ་ཞིག་ཡོད་དགོས། ལྗིད་ཏིག་ཏིག་གི་འགན་ཁུར་འདི་ཁྱེད་ཉིད་ཀྱི་ཕྲག་ཏུ་བབས་པས། ཁྱེད་ཉིད་ལ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གང་མྱུར་གྱིས་མཐོ་རིམ་སློབ་ཆེན་དང་སློབ་གསོ་སློབ་དེབ་ལས་ཁུངས། མི་རིགས་སྐད་ཡིག་དང་སྲིད་གཞུང་གི་ཡིག་སྒྱུར་སྡེ་ཁག་སོགས་འབྲེལ་ཡོད་ལས་ཁུངས་ནས་རྒྱ་བོད་ཡིག་སྒྱུར་གྱི་ཆེད་མཁས་པ13བསྡུས་པའི་རྣམ་པ་དེ་ཁྱེད་ཀྱིས་དྲན་ཁོ་ཐག་རེད།

དཔུང་ཁག་འདིའི་ནང་དུ། ཁྱེད་ཉིད་ལྟ་བུའི་སྲོག་ཤིང་གི་ཆེད་མཁས་པ་ཡོད་ལ། ཁྱབ་ཁོངས་སོ་སོའི་ལས་སྒོའི་རྐང་འཛིན་པ་ཡོད་པར་མ་ཟད། ཤེས་བྱའི་རྨང་མཐུག་པའི་རྗེས་རབས་པ་ཁ་ཤས་ཀྱང་ཡོད། ཁྱེད་རང་དགོད་ཞོར་དུ་དཔུང་ཁག་དེའི་མིང་ལ“ཤི་ཕོད་རུ་ཁག”ཞེས་བཏགས། ཐེངས་འདིའི་འགན་ཁུར་ནི་གངས་རི་ལས་ལྗིད་པ་སྟེ«དེང་རབས་རྒྱ་ཡིག་ཚིག་མཛོད»པར་གཞི7པ་དེ་མ་ཕྱི་བྱས་ཏེ། དེང་རབས་རྒྱ་ཡིག་གི་གནས་བབ་དང་རྣམ་པ་ཡོངས་སུ་མཚོན་པ་དང་། རྒྱ་བོད་ཀྱི་སྐད་ཡིག་མཉམ་འདྲེས་གཏིང་ཟབ་འབྱུང་བ་མངོན་འགྱུར་ཐུབ་པའི་ལག་ཆའི་དཔེ་དེབ་ཅིག་ཏུ་གྲུབ་ནས་སྐད་ཡིག་གཉིས་ཀྱི་སྦྲེལ་ཟམ་ཡངས་པོ་ཞིག་བཏོད་དགོས་པ་ཚང་མས་གསལ་པོར་ཤེས་ཡོད།
ཁ་ཤས་ཤིག་གིས་ཡིག་སྒྱུར་མཉེན་ཆས་ཁྱབ་གདལ་དུ་སོང་ཡོད་པས་ད་རུང་ལམ་རྙིང་དུ་འགྲོ་དགོས་དོན་ཅི་ཡིན་ཞེས་འདྲི།“དགོས་མཁོའི་དབང་གིས་ཡིན”ཞེས་ཚེ་རིང་འབུམ་གྱིས་ང་ལ་དེ་ལྟར་འགྲེལ་བཤད་བྱས། ཁོས་དེའི་རྒྱབ་ལོགས་སུ་བོད་འབྲེལ་ས་ཁུལ་གྱི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་འདོད་ཀྱི་མདུན་པ་དེ་ཡོད་ལ། རིག་གནས་ཀྱི་བདག་དབང་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པའི་བསམ་གཞིགས་ཟབ་མོ་ཡང་ཡོད། ཚིག་མཛོད་འདི་ལག་ཆའི་དཔེ་དེབ་དཀྱུས་མ་ཞིག་མིན་པར་དེ་ནི་རྨང་རྡོ་ཞིག་དང་འདྲ་བར། མི་རིགས་གཉིས་ཀྱིས་ཕན་ཚུན་གྱི་སེམས་གཏམ་གོ་བྱེད་ཡིན།
དེ་ནས། ཁྱེད་འཁོར་དང་བཅས་པས་འགན་ཁུར་ཕྲག་ཏུ་བླངས་ཏེ་མུ་མཐའ་བྲལ་བའི“ཚིག་གི་རྒྱ་མཚོའི”ཀློང་དུ་ཆས།

ཚིག་མཛོད་སྒྲིག་པ་ནི་གངས་རིར་འགོས་པ་དང་མཚུངས་ལ། གོམ་པ་རེ་རེ་སྤོ་བར་གངས་ཀྱི་ཐེམ་སྐས་རེ་རེ་བཟོ་དགོས། དཔུང་ཁག་གིས་ཡིག་སྒྱུར་གྱི་རྩ་དོན་དང་ཞིབ་ཕྲའི་ལག་བསྟར། སྒྲིག་སྲོལ་གཏན་འབེབས། ནན་ཏན་གྱི་འགྲོ་རིམ་བཅས་བཟོས་ཤིང་། དེ་ཡང་སོ་སོས་ཐོག་མར་ཞུས་པ་དང་བསྣོལ་མར་བཟོ་བཅོས་བྱེད་པ། གཅིག་བསྡུས་གྲོས་ཞིབ་བྱེད་པ། བསྐྱར་ཞུས་དག་བཅོས་བྱེད་པ། གཅིག་བསྡོམས་མཐའ་ཞུས་བྱེད་པ་བཅས་བརྒྱུད་ནས་བུ་ཡིག་གི་ནང་དོན་གཅིག་གྱུར་ཚད་ལྡན་ཡོང་བར་ཁག་ཐེག་བྱས།
མ་ཡིག་དག་སྒེའུ་ཁུང་འགྲམ་དུ་བརྩིགས་འདུག་ལ། དེ་ནི་དུས་ཚོད་ཀྱི་བཞུར་རྒྱུན་མཐོང་བའི་མེ་ལོང་ཞིག་དང་མཚུངས། ཚེ་རིང་འབུམ་གྱིས་མ་ཡིག་སྐོར་ཞིག་བླངས་ནས་ང་ལ་སྟོན་སྐབས་མྱོང་བ་དེ་ལྷག་ཏུ་ཟབ། ཤོག་ངོས་གཅིག་གི་སྟེང་དུའང་སྨྱུ་གུ་དམར་པོའི་བཅོས་ཤུལ་མང་པོ་མཐོང་བས། གྲགས་འགུལ་མེད་པའི་དམག་འཁྲུག་ཅིག་བརྒྱབ་མྱོང་བ་དང་མཚུངས།
“班门弄斧ཞེས་པའི་ཐ་སྙད་འདི་ལ་གསལ་ཆ་ཡོད་དམ”ཞེས་ཚེ་རིང་འབུམ་གྱིས་སྐད་དམའ་མོས“ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པའི་ཐ་སྙད་འདི་རིགས་བསྒྱུར་སྐབས་ང་ཚོས་དུས་ཚོད་མང་པོ་འདོན་དགོས”ཟེར།

སྔོན་ཆད་ཐ་སྙད་འདི་རིགས་བསྒྱུར་སྐབས། མང་ཤས་ཀྱིས་ཉི་མ་ལ་སྒྲོན་མེ་ཞེས་སུ་བསྒྱུར། དེ་ནི་མ་ཡིག་གི་བསྟན་དོན་དང་མཐུན་ལ་གསོན་ཉམས་ལྡན་པ་ཞིག་ཀྱང་ཡིན་མོད། དེ་ནི་དཔུང་ཁག་ལ་མཁོ་བ་དེ་མ་རེད། ཆ་ཚང་དང་ཡང་དག སྟབས་བདེ། བེད་ཆོད་ཀྱི་རྩ་དོན་དང་མ་འགལ་བའི་ཐོག་ནས། ཚང་མས་རྒྱ་ཡིག་གི་རིག་གནས་ནང་དོན་སྲུང་འཛིན་གང་ཐུབ་བྱེད་པ་དང་། བོད་སྐད་ཀྱི་ཀློག་པ་པོ་རྣམས་ཀྱིས་ཀྱང“མཁས་པའི་མདུན་དུ་ཡོན་ཏན་ངོམ་པའི”དགོད་བྲོ་བའི་ཉམས་དེ་མྱོང་ཐུབ་པར་བྱས།
ད་རུང“胸有成竹”ཞེས་པའང་དེ་བཞིན་རེད། ཁ་ཤས་ཀྱིས“ཁོང་དུ་ཆུད་པ”ཞེས་བསྒྱུར་ན་མི་ལེགས་སམ་ཟེར། འོན་ཀྱང་ཚང་མས་ཁོག་ན་མྱུག་མའི་རི་མོ་བཀྲ་བའི་བབ་བརླིང་གི་ངང་ཚུལ་དེ་ཇི་མ་ཇི་བཞིན་དུ་བོད་ཡིག་ལ་ཐོན་ན་བཟང་བར་སྙམ།
ཆེས་དཀའ་བ་ནི་རྒྱ་ཡིག་གི“鱼”དང་འབྲེལ་བའི་མིང་དེ་དག་ཡིན་སྲིད། བོད་ཡིག་ཏུ་དེ་དག་ལ་ཉ་ཞེས་པའི་ཐུན་མོང་གི་མིང་གཅིག་མ་གཏོགས་མེད། ཚིག་མཛོད་བསྒྱུར་སྐབས། ལོ་ཙཱ་བ་རྣམས“ཉ་བ”དང་འདྲ་བར། རི་མོར་གཤིབ་བསྡུར་བྱས་ཏེ་ཉ་རིགས་སྣ་ཚོགས་ཀྱི་དབྱེ་བ་སོ་སོར་བསྒྱུར། དེའི་དམིགས་ཡུལ་ནི་སྐད་ཡིག་གཞན་ཞིག་གི་ས་གཤིན་སྟེང་དུ་ཡང་ཉ་རིགས་མི་འདྲ་བ་རེ་རེར་སོ་སོའི་མིང་རེ་འདོགས་རྒྱུ་དེ་ཡིན།

མ་ཕྱི་རེ་རེ་ནི་ཡིག་རིགས་མི་འདྲ་བའི་བར་གྱི“གྲོས་མོལ”སྣ་ཚོགས་ཀྱི་ཟིན་ཐོ་དང་འདྲ། ཚེ་རིང་འབུམ་གྱིས་བཤད་ན། ཁོའི་སྣང་ངོར་དེ་འདྲའི་བརྒྱུད་རིམ་བགྲང་ལས་འདས་ཟེར། ཆེད་སྤྱོད་ཀྱི་མིང་ཚིག་དང་ཚན་རྩལ་གྱི་བརྡ་ཁྱད། དཔེ་ཆོས་ཀྱི་གཏམ་རྒྱུད་སོགས་ཁ་ཚོན་མི་ཆོད་པའི་མིང་ཚིག་མང་པོ་ཞིག་ཚོགས་འདུའི་སྟེང་དུ་བསྣམས་ཡོང་སྟེ། ཡང་དང་བསྐྱར་དུ་བསམ་གཞིག་བཏང་ཞིང་རྩད་བསྡུར་བྱས།
གོ་ཐོས་ལྟར་ན་ཁྱེད་ཉིད་ཀྱི་ཆུང་མར་གྲུམ་བུའི་ནད་བྱུང་ནས། རྒྱུན་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་ཆུ་ཁོལ་དུ་སྡོད་སྐབས། ཁྱེད་ཀྱིས་མོར་འདུག་རོགས་བྱས་ཡོད་རུང་། ཅོག་ཙེ་དང་མལ་ཁྲིའི་སྟེང་དུ་ཚིག་མཛོད་ཡིག་བསྒྱུར་གྱི་ཟིན་བྲིས་ཀྱིས་ཁེངས་ཡོད་ཟེར། ཡི་གེ་མི་ཤེས་པའི་འབྲོག་པ་ཞིག་གིས་ཁྱེད་རང་ཉེས་ཅན་ཞིབ་བཤེར་བྱེད་མཁན་གྱི་ཉེན་རྟོག་པ་ཞིག་མིན་ནམ་ཞེས་དྲིས་པ་ན། ཁྱེད་ཉིད་དགོད་ཞོར་དུ་རང་ཉིད་ལ“ཡི་གེའི་ཉེན་རྟོག་པ”ཞིག་ཡིན་པས། མིང་ཚིག་དང་ཐ་སྙད་རེ་རེ་དམ་པོར་བསྲུང་དགོས་ཞེས་བཤད།

2022ལོར། དཔུང་ཁག་གིས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་སྟེ། «དེང་རབས་རྒྱ་ཡིག་ཚིག་མཛོད»(རྒྱ་བོད་སྐད་གཉིས་ཤན་སྦྱར)དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་ནས། ཕྱོགས་སོ་སོ་ནས་བསྟོད་པའི་མཐེ་བོང་བསྒྲེངས། ཚང་མས་བརྩོན་པ་ལྷུར་ལེན་བྱེད་པའི་སྐབས་ཁྱེད་ཉིད་མི་འདོད་ནད་ཀྱིས་མནར་བའི་གནས་ཚུལ་ཐོས། ནད་ཁྲིའི་སྟེང་གི་ཁྱེད་ཉིད་ཀྱིས་རིད་ཐག་ཆོད་པའི་ལག་ཟུང་གིས་སྨྱུ་གུ་འཆང་ནས་ཆེས་མཐའ་མཇུག་གི་མ་དཔེར་ཞུ་དག་གནང་།
2023ལོའི་དཔྱིད་ཀར། མཐོ་སྒང་གི་ལྕང་མར་ལོ་མ་མ་འབུས་གོང་། ཁྱེད་ཉིད་ཕངས་སེམས་དང་བཅས་ཏེ་མི་ཡུལ་དང་རིང་དུ་བྲལ། ཚེ་རིང་འབུམ་གྱིས་ཕྱིར་དྲན་བྱས་པ་ལྟར། དགེ་རྒན་ལགས་ཀྱིས་ལུས་ཀྱི་ན་ཟུག་བསྲན་ནས་ལོ་ཙཱའི་ནང་དོན་དག་བཅོས་བྱས། དེ་ནི་སྣག་རྗེས་མ་སྐམ་པར་རྩོམ་མཁན་ཚེ་ལས་འདས་ཟེར་བ་ནང་བཞིན་རེད། རྒྱལ་ཁབ་ལ་ཁྱིམ་ཚང་ལྟ་བུའི་བརྩེ་བ་ཡོད་པ་དང་བཟོ་བོའི་སྙིང་སྟོབས་འདིར་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད།

ཁྱེད་རང་བཞུད་རྗེས། ཚེ་རིང་འབུམ་གྱིས་སྔར་བཞིན་བློ་ཐག་རྦད་ཆོད་ཀྱིས་དཔུང་ཁག་གི་ལས་འགན་ལྗིད་མོ་ཕྲག་ཏུ་ཁུར། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གང་མཁས་གང་བཟང་བསྐོས་ནས་དཔུང་ཁག་གི་སྟོབས་ཤུགས་ཇེ་དྲག་ཏུ་བཏང་སྟེ། གཅིག་བསྡུས་བཀག་སྡོམ་གཞུང་སྒྲུབ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ལས་གཞི་དེ་མཐུད་མར་ལག་ཏུ་བསྟར་བར་ཁག་ཐེག་བྱས། ལོ་ངོ་གཉིས་ཀྱི་རིང་ལ། གཅིག་བསྡུས་གཞུང་སྒྲུབ་བྱ་ཡུལ་གྱི་གློག་སྒྲོན་རྒྱུན་དུ་ནམ་ཕྱེད་བར་དུ་བཀར་ཡོད་ལ། ཆབ་སྲིད་དང་ཚན་རྩལ། གནའ་རྩོམ། མིང་རྐྱང་། ཚིག་ཕྲད་སོགས་དཀའ་གནད་ཆེ་ཤོས་ཀྱི་གནད་དོན་དག་ལ་ཡང་དང་བསྐྱར་དུ་བགྲོ་གླེང་བྱས། མཚམས་རེར་ཚིག་གཅིག་གི་སྒྱུར་ཐབས་ལ་རྩོད་གླེང་བྱས་ནས། ཟ་ཁང་དུ་འགྲོ་དགོས་པའི་སྐབས་ཀྱང་ཡོད།

འགག་སྒྲོལ་དུས་རིམ་དེར། བྲེལ་བ་ཤིན་ཏུ་ཆེ་བས་དུས་ཚོད་དང་བང་འགྲོས་འགྲན་པ་དང་འདྲ། ཆ་སྙོམས་ལོ60ཡིན་པའི་དཔུང་ཁག་དེས་ནམ་ལངས་རག་བར་དུ་ལས་ཡུན་བསྲིངས། གློག་སྒྲོན་འོག་ཏུ་སྐྲ་དཀར་པོར་གྱུར་ཞིང་རྐེད་པ་སྒུར། ཚང་མས་གདོང་གཏོད་དགོས་པ་ནི་ཆེད་ལས་ཀྱི་དཀའ་གནད་ཡིན་པ་མ་ཟད་ལོ་ཟླའི་འགག་སྒོའང་རེད། ཆེད་མཁས་པ་རྒན་པ་ཞིག་གི་སོ་ལྷུང་སྟེ་ཟ་མའང་ཟ་མི་ཐུབ་པར་གྱུར་བས། ཐུན་གསུམ་པོར་རྩམ་པ་ཟོས། ཚེ་རིང་འབུམ་གྱི་མིག་གཡོན་པར་ན་ཚ་བྱུང་བས། མིག་གཅིག་བཀབ་སྟེ་ལོ་ཕྱེད་རིང་ལ“དམག་དཔོན་མིག་གཅིག”བྱས་ཏེ། སྨན་བཅོས་བྱེད་ཞོར་དུ་བྱ་བ་མི་བསྒྲུབས་ཐབས་མེད་བྱུང་། རྡོ་རྗེ་ཐར་གྱིས་ལས་འགན་མང་པོ་ཞིག་ཁུར་ནས་བྱ་བ་སྒྲུབ་ཡུལ་དང་སློབ་གྲྭ་བར་དུ་ཡར་རྒྱུག་མར་རྒྱུག་བྱས་པས། སྙིང་ཁམས་མི་བདེ་བ་དང་ཁྲག་རྩ་འཕར་བ། གཅིན་སྙི་ཟ་ཁུའི་ནད་འཕར་བ་སོགས་ནི་རྒྱུན་ལྡན་ཞིག་ཏུ་གྱུར། སྒེར་གྱི་ན་ཟུག་དང་ཁྱིམ་ཚང་གི་སེམས་ཚེགས་སོགས་ནི་ཚིག་མཛོད་ལོ་ཙཱའི་དོན་དུ་ཕངས་མེད་དུ་འདོར་དགོས་བྱུང་། ནམ་གུང་བར་དུ་བཀར་ཡོད་པའི་གློག་སྒྲོན་གྱི་འོད་ངོགས་སུ་མཐོང་བ་ནི། རྒ་བ་དང་ཕམ་ཁ་ལ་མགོ་བོ་མི་བསྒུར་བའི་སྣང་བརྙན་འབའ་ཞིག་རེད། ཚང་མས་ཁྱེད་ཉིད་དང་འདྲ་བར། ལྷག་བསམ་དཀར་པོ་དང་རང་གི་ཚེ་སྲོག་ལ་བརྟེན་ནས། “སྦྲེལ་ཟམ”དེ་སྦྲེལ་མཐུད་ཡོང་བར་འབད་འབུངས་ལྷོད་མེད་བྱས།

ད་ལོའི་ཟླ་བདུན་པར། “སྦྲེལ་ཟམ”དེ་ཡོངས་སུ་གྲུབ། ཚིག་མཛོད་དཔར་འགྲེམ་བྱས་པ་དེས་རྒྱ་བོད་སྐད་གཉིས་ཀྱི་ཚིག་མཛོད་ཁྱབ་ཁོངས་སུ་དབང་གྲགས་དང་མ་ལག་ལྡན་ལ། ཤན་སྦྱར་བྱས་ཡོད་པའི་ཚིག་མཛོད་མེད་པའི་སྟོང་ཆ་དེ་བསྐངས། ཡིག་འབྲུ་ཁྲི་སྟོང་ལྷག་གི་ཚིག་མཛོད་དེའི་ནང་དུ། རྒྱ་ཡིག་ཁྲི་བདུན་ལྷག་དང་བོད་ཡིག་ཁྲི་ཉི་ཤུ་ཡོད། དེ་ནི་སྒྲ་གཟུགས་དོན་གསུམ་ཚང་བའི་ཚིག་མཛོད་ཅིག་རེད།
འབྲེལ་ཡོད་འོས་སྦྱོར།
