logo

མདའ་བཙན་པོའི་སྙན་ངག གོ་ཁ།

རྩོམ་པ་པོ།:མདའ་བཙན་པོ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2026-01-08 ཀློག་གྲངས།:
གོ་ཁ།
                      —དགེ་རྒན་མཚོ་སྐྱེས་ལགས་སུ།
མདའ་བཙན་པོ།
 
དྲན་སྣང་གིས་ཕུབ་པའི་མགོ་སྦྲ་དེ་ན།
རྒྱུ་འབྲས་ལྟ་བུའི་ཕ་མ་བདེ་ལེགས་སམ།
རྟེན་འབྲེལ་བཅུ་གཉིས་ཀྱི་གཉེན་འབྲེལ་ཚོ་འཛོམས་ཡོད་དམ།

རང་སེམས་ཀྱི་མེ་ལྕེ་ལྷབ་ལྷུབ་འབར་བ་དེ་ལ།
དཔེ་རྒྱན་གཟུགས་རྒྱན་གྱི་ཨོང་བ་རེ་བསྣན་ན།
བྱེད་སྒྲའི་མེ་སྟག་དང་། འབྲེལ་སྒྲའི་ཚ་བ་རིམ་པ་ཞིག་གིས།
གོ་ཁ་དེ་བྱིས་དུས་ཀྱི་རྨི་ལམ་འཁྱིལ་སའི་དྲན་པ་ཡང་མོ་དེ་ཡིན་ནམ།
མིང་ཚིག་དང་བརྡ་སྤྲོད་ལ་ལང་ཚོ་རྒྱས་སའི་དྲན་པའི་ཆིག་ལབ་དེ་ཡིན།
 

སྤྲིན་པ་དམར་སྨུག་ཅིག་སྲོད་ཀྱི་ཆང་ཕོར་དུ་འཁྱིལ་དུས།
ཕོ་ལོ་ཉི་ཤུའི་རྒྱུ་སྐར་གྱི་བརྩེ་དུང་གིས་ཅི་ཞིག་བྲིས་ཤིང་།
ཕོ་ལོ་ཉི་ཤུའི་ཟླ་གཞོན་གྱི་སྣང་བས་གང་ཞིག་རྙེད་བྱུང་།

ཡང་ན། གོ་ཁའི་མེ་ལྕེ་དེས་ཅ་ལག་ཅི་ཞིག་སྟོང་པར་བསྒྱུར་བ་དང་།
ཁ་ཟས་ཅི་ཙམ་ཞིག་གི་མང་ཉུང་བརྗེས་ཤིང་།
ལས་སྲོལ་དང་ལབ་སྲོལ་གང་ཞིག་ལ་འགྱུར་བ་བཏང་སོང་།

གོ་ཁའི་མེ་ལྕེ་དེས། སྙིང་དམར་པོའི་གཟུགས་ཀྱིས་ཇི་ལྟར་སྨྲས་སོང་།
 

ཞོགས་པ་རེ་རེ་སྐད་ཅིག་མ་རེ་རེ་དང་འདྲ་བར།
དུས་ཚོད་ཀྱི་མེ་ལོང་ནས། སེམས་ཀྱི་ཆུ་མིག་ནས།
ག་ལེར་བརྡོལ་ནས་གང་ཞིག་ལ་འགྱུར་བ་ཐེབས་དུས།
རྒན་ལགས། སྔོན་ཐོན་དང་རྗེས་ལུས་ཟེར་བའི་རྨ་ཁ་དེའི་གསེབ་ཀྱི།
རྣག་ཁྲག་གི་ཟབ་ཚད་ནི་མི་རབས་གཅིག་གི་ནོར་འཁྲུལ་ཡིན་ནམ།

ང་ཡིས། འཁྱགས་པ་རིམ་པ་ཞིག་གི་ལག་པས་བཞེངས་པའི།
གངས་རི་ཞིག་ངག་ལ་ཡང་ཡང་བཟླས་རྗེས།
མི་ལ་རས་པ་དྲན་བཞག རྗེ་བདག་ཉིད་ཆེན་པོ་དྲན་བཞག

དེའི་རྗེས་ནས། མིག་གི་སྒེའུ་ཁུང་ལས་ལྡིང་བའི།
སེམས་ཀྱི་ཁེར་རྐྱང་ལ་འཁྱིལ་བའི་མཆི་མ་ཡང་དྲན་བཞག


གོ་ཁ་ནས། ཁ་སང་གི་གཏེར་ཁ་བརྐོ་བའི་སྐད་ཆ་ཞིག་གོ་ཐུབ།
སྐད་ཆ་ལབ་སྟངས་དེ་ཨར་འདམ་དང་རྣོ་ལྕགས་ཀྱི་ཁང་གསེབ་ལ་ཤོར་མེད།
ཐ་སྙད་ཀྱི་གཟི་མིག་ལས་གངས་རི་ཞིག་མཐོང་བཞག

ཡང་ན། གློག་འོད་ཀྱི་གྱང་ཆག་ལ་ཞོན་པའི་མུན་པ་ནད་པ་དག་གིས།
རྒྱུ་སྐར་གྱི་ཟིལ་བ་མ་འཐོར་བའི་ལྷིང་འཇགས་དེ་དྲན་དུས།
གོ་ཁའི་མེ་ལྕེ་དེས་མཚན་རེ་བཞིན་ལབ་པའི་སྐད་ཆ་དག་ནི།
ལོ་རྒྱུས་ངོ་མའི་ནང་གི་བུ་རབ་དག་གི་གློ་གྲི་རེ་རེ་དང་འདྲའོ། །

སེམས་པ་མི་སྐམ་པའི་གོ་ཁའི་ཁ་རླངས་དེ།
ཨ་མའི་ཕྱག་ཟུང་ཡིན་པའི་བརྩེ་བ་དང་འདྲའམ།

ཁ་མི་གྲགས་པ་དང་འདྲ་བའི་བརྡ་མི་འཕྲོད་པའི།
མི་རེའི་སེམས་ན་རྨ་ཁ་ག་ཙམ་གྱི་དྲ་རྒྱ་ཡོད།

ང་ཡིས། རང་གི་གྲིབ་མ་ཙམ་ཡང་འབྱིད་མི་ཐུབ་པའི།
རིག་པའི་ནང་གི་མ་རིག་པ་འདིར་འདང་ཙམ་བརྒྱབ་ན།
གོ་ཁ་དྲོན་མོ་ཞིག་ནས་ཁ་བརྡ་ལྷོད་པོ་ཞིག་ཀྱང་བྱེད་འདོད་དོ། །
འབྲེལ་ཡོད་འོས་སྦྱོར།