logo

འབྲོང་ཕྲུག་གི་སྙན་ངག འབྱོར་ཐབས་མེད་པའི་ཕ་ཡུལ།

རྩོམ་པ་པོ།:འབྲོང་ཕྲུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-01-13 ཀློག་གྲངས།:
འབྱོར་ཐབས་མེད་པའི་ཕ་ཡུལ།
འབྲོང་ཕྲུག

རྫ་རྒན་སྨུག་པོའི་རྩེ་མོ་མཐོན་པོ།
ཐོག་རེག་མེད་པར་བར་སྣང་དུ་བསྲིངས།
ལབ་ཙེ་དང་དར་ལྕོག བསང་དུད་དང་བཅས་པ།
ལྷ་སྒྲུང་ལས་ཕྱིར་བུད་དེ། ཕ་ཡུལ་ཞེས་པའི།
གཏམ་རྒྱུད་ཀྱི་རྒྱབ་ལྗོངས་སུ་འཁྲིལ།
རི་རྩེའི་སྤྲིན་དཀར་དང་རི་རྐེད་ཀྱི་སྨུག་པའང་།
གཏམ་རྒྱུད་གྲུབ་བྱེད་ཀྱི་ཁ་དོག་གཙོ་བོར་སྣང་།

ཁོད་ཡངས་པའི་རྩྭ་ཐང་ཆེན་མོ།
ཐར་བཅད་དེ། སྟོང་ལུག་གི་འབའ་དབྱངས་འཚོས།
འབྲོང་ཁྱུ་གཤར་ས་ཡིན་པའི་རྫ་ལུང་རིང་མོར།
ད་སོ་མར་ཁ་ལོ་བཏུལ་ཟིན་པའི་ཐོ་རུ་རྔོག་བཅད།
སུམ་སྒྲོག་ལས་ཤོར་ཏེ་རྨིག་སྒྲ་ཐག་ཐག་བྱེད།
དུས་རབས་ཤིག་གི་སྟོང་འཇགས།
རྨིག་སྒྲ་ཐག་ཐག་གིས་དཀྲོག་སྲིད་དམ།

དབྱར་ས་དང་དགུན་མཚེར་བསྣོལ་མའི་སྐྱས་ལམ་དུ།
སྦྲ་ནག་གིས་ཆོན་ཐག་ཕྱོགས་བཞིར་བརྐྱངས་ཏེ།
སྒོ་བསང་གི་དུད་པ་ཕྲ་མོ་རྒོད་པོའི་བར་སྣང་དུ་རང་དབང་གིས་སྤུར།
ཐང་མར་བརྡལ་བའི་རྟ་ནོར་ལུག་གསུམ་གྱི་ཁྱུ།
རྩྭ་ལྗང་དང་མེ་ཏོག་གི་ཁུད་ན་ལྷོད་ཀྱིག་གེར་ཐོར།
སྤྲིན་དཀར་ཞོ་བཞིན་ཆགས་ཏེ་མཐོ་ས་ནས་དམར་སར་འབབ།
རླུང་ཐམས་ཅད་ཀྱི་གཤོག་པ་ཡང་མོས་འོ་མའི་དྲི་ངད་འཁུར།
ཆུ་ཐམས་ཅད་ཁྱེད་ཀྱི་སྐོམ་གདུང་ལ་ལྷུང་ལྷུང་འཁྱིལ།

ཆུ་འགྲམ་དང་ནེའུ་གསིང་དུ།
མེ་ཏོག་གི་དུས་ཚིགས་སུ། བེའུ་རྫི་བུ་མོ་ཞིག་ནར་སོན་ཏེ།
འབྲི་མོའི་འོ་མ་འཇོ་ཞོར་སྒྲོལ་མ་དབྱངས་སུ་གྱེར།
སྲོད་ཁའི་ཉི་ནུབ་ལ་ཞེན་ཆགས་ཇི་འདྲ་ཆེ་རུང་།
སྐར་མ་འཐུ་བའི་བུ་མོ་དེ་གཞི་ནས་ནར་སོན་ཟིན།
བརྩེ་དུང་གླེང་ཆོག་ཆོག་གི་ན་ཚོད་ཧྲིལ་པོར།
མཁའ་དབྱིངས་སུ། དངུལ་དཀར་གྱི་རྣ་ལུང་ཆ་གཅིག་དཔྱངས་ཡོད།

རྫི་གླུས་བཀྱགས་པའི་ས་སྲོད་ཅིག་ལ།
ངའི་ཨ་ཕ་ལགས་ཀྱང་ཕོ་ལོ་ཉི་ཤུར་བུད་ཟིན།
ལག་ངར་སྦོམ་པོའི་རྩ་ལམ་དུ་ཟུངས་ཁྲག་ཁོལ་མ་རྒྱུ།
དིང་གླིང་གི་བུ་ག་རེ་རེ་ནས་སྐར་མ་རེ་རེ་འཁྲུངས།
སྟོང་ལུག་ལྷས་སུ་བསྐྱིལ་ཁའི་རྡུལ་སྨུག་རབ་རིབ་ཏུའང་།
སྒོ་ཁྱིའི་ཟུག་སྐད་དང་འབའ་དབྱངས་ཀྱི་མཉམ་སྒྲོག་རོལ་མོ་རྒྱུ།
ཚོད་ཚོད་ལ། ཀི་སྒྲ་གཅིག་གིས་ཉིན་མཚན་ལ་ཧྲག་བར་ཕྱེ།

ཁོ་བོ་ནི་ཉིས་སྟོང་ཉེར་བཞི་ལོའི་ཟླ་བ་གསུམ་པར།
སླེབས་ཐབས་མེད་པའི་ཕ་ཡུལ་ལ་གཞི་ནས་སླེབས།
ཁོ་བོས་བྱིས་དུས་ཀྱི་དྲན་པ་བསྐྱར་དཔར་བྱེད་ཐབས་མེད་པར།
རྣོ་ལྕགས་ཀྱིས་བགོས་པའི་ས་ཁྲ་གོག་པོ་ཞིག་ལས།
ལག་མཐིལ་གྱི་རི་མོ་ཕ་ཡུལ་གྱི་ཕང་བར་ཕབ་རྒྱུ་དྲན།
རྨི་ལམ་དུ་འཁོར་བའི་ཁ་སང་དང་ཁ་སང་གི་ཕ་ས་སྨུག་པོ།
ཨ་མྱེས་ཀྱི་གནའ་གཏམ་དུ་སྦས་ནས་ཡུན་རིང་འགོར་བ་ཚོར།

ས་གཞི་ནས་རུབ་སོང་།
མཐའ་མཇུག་གི་ཉི་འོད་འཁྱག་པོས།
མཐའ་མཇུག་གི་ལག་པ་འཇུ་ས་མ་རྙེད་པར།
མུན་ནག་ནང་ལག་སྙོབ་བྱེད་ཀྱིན་འདུག
ཆར་གྱིས་བསྙལ་བའི་རོལ་དབྱངས་ཆད་སོང་།
ཁ་བས་བྲན་པའི་ས་ཆེན་སྟོང་ཞིང་འཇགས།
ངས་སྙན་ངག་ཁོ་ནས་ཁ་སང་དང་སང་ཉིན་མཐུད་དགོས་པ་དྲན།

རྩོམ་ཁུངས། ༢༠༢༥ལོའི«སྦྲང་ཆར»དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།