logo

བྲག་རྡོ། གཡུ་ཐོག་སྒོ་ཆེན་འོག་གི་མི་རབས།

རྩོམ་པ་པོ།:བྲག་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-01-22 ཀློག་གྲངས།:
གཡུ་ཐོག་སྒོ་ཆེན་འོག་གི་མི་རབས།
                 —རྐང་ཚ་རྫོང་མི་རིགས་སློབ་འབྲིང་སྐོར་གྱི་དྲན་ཐོ་རང་བསྐོར།
བྲག་རྡོ།

       ལོ་ཟླ་བ་རིམ་གྱིས་འདས་སོང་། ང་ཡི་གཡུ་ཐོག་སྒོ་ཆེན་ད་ལྟ་སྐུ་ཁམས་བདེའམ།
       མཚོ་སྔོན་པོའི་བྱང་རྒྱུད་ལ་ཙག་དང་རླུང་གི་ཕ་སར་འབོད། དེ་ཡང་ཁ་རྒྱབ་ས་འདིར་བཅོལ་བའི་ཕྱི་ཡོང་མི་ཡི་འབོད་སྟངས་ཤིག་རེད་མོད། ང་ཡི་གཡུ་ཐོག་སྒོ་ཆེན་ཙག་རླུང་འདི་ཡི་ཁྲོད་ན་དུས་བཞིར་ཀྲོང་ངེར་འགྱིང་ཡོད།
       གཡུ་ཐོག་སྒོ་ཆེན་གླེང་དུས་མི་ལོ་མང་པོའི་སྔོན་གྱི་དྲན་པ་མང་པོ་ཞིག་ཅིས་ཀྱང་བསྔོག་དགོས་བྱུང་བ་རེད། ཆུ་ཡི་མགོ་ཁུངས་སྙེག་པ་ནང་བཞིན་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་བའི་སྨད་དང་དྲུག་ཅུ་བའི་སྟོད་དུ་ཕྱིར་ལྡོག་ཅིག་བྱ་དགོས་ཤིང་། དེ་ཡང་དགེ་བའི་བཤེས་གཉེན་ཆེན་མོ་གསུང་རབ་རྒྱ་མཚོ་མཆོག་གིས་མཚོ་སྔོན་མངའ་ཁོངས་སུ་སྦྲ་གུར་སློབ་གྲྭ་ཐོག་མར་བཙུགས་པའི་རྒྱུན་དེ་དང་འདྲེས་ཡོད་ལ། ཡོངས་གྲགས་སུ་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུའི་སྟོད་དུ་ད་ལྟའི་གཡུ་ཐོག་སྒོ་ཆེན་ཅན་གྱི་སློབ་གྲྭ་བཙུགས་པར་བཞེད་མོད། ཡིན་ནའང་ཐོག་མའི་སྦྲ་གུར་སློབ་གྲྭ་ནས་བར་གྱི་ས་ཁང་སློབ་གྲྭ། མཐའ་མའི་གཡུ་ཐོག་སྒོ་ཆེན་དུ་གྱུར་བའི་གོ་རིམ་དེ་དག་རེ་ཞིག་འུ་ཚོས་ལོ་རྒྱུས་རིག་པ་སྨྲ་བའི་དེད་དཔོན་དག་གི་དྲུང་དུ་བསྐྱུར་བར་བྱ།
       མི་ལོ་དྲུག་ཅུའི་མཚན་བྱང་ཁུར་བའི་ང་ཡི་མ་ཡུམ་སློབ་གྲྭ་སྟེ། གཡུ་ཐོག་སྒོ་མོའི་གཡུང་དྲུང་འཁྱིལ་བའི་རིག་པའི་དགའ་ཚལ། རིག་པའི་བུ་ཆུང་སྟོང་ཕྲག་ཅིག་ཁྱེད་ཀྱི་པང་ནས་ལམ་དུ་ཆས། སྟོན་ཟླ་ར་བའི་ལྷོ་བཞུད་ཁྲུང་ཁྲུང་ནང་བཞིན་རྒྱང་དུ་བཞུད་ཅིང་། ཡང་ན་ལྷོ་བཞུད་མགོ་འཁོར་ཁྲུང་ཁྱུ་ནང་བཞིན་ནམ་མཁའི་དབྱིངས་ནས་ཡང་བསྐོར་བསྐྱར་བསྐོར་གྱིས་རང་ལམ་འཚོལ་ཞོར་རང་ལམ་ཡང་བོར། ཡིན་ནའང་། སྐྱིད་སྡུག་ཕུང་པོའི་ཀློང་གི་ང་ཡི་མ་ཡུམ་སློབ་གྲྭའི་མི་ལོ་དྲུག་ཅུ་བརྒལ་བའི་ལོ་ཟླ་མཐའ་དག་ཡིད་དུ་འོང་ཞིང་སྙིང་དུ་སྡུག
       མདོ་སྨད་དགུ་འགྱུར་པད་མོ་རོང་གི་རིག་པའི་དཔའ་བོ་དཔལ་དོན་གྲུབ་རྒྱལ་མཆོག་ཀྱང་སྤྱི་ལོ1983ལོར་གནས་འདིར་དུས་ཐུང་གི་དཔེ་ཁྲིད་དུ་ཕེབས་ཤིང་། ཁོང་གི་སློབ་བུའི་གྲས་སུ་རྐང་ཚའི་མི་སྣ་སྐོར་ཞིག་ཡོད་ཅིང་། ཁོ་ཚོར་དམིགས་བསལ་གྱི་རྩོམ་འབྲིའི་ཤུགས་རྐྱེན་ཆེན་པོ་མ་ཐེབས་ཀྱང་། ཡུལ་འདིའི་རིག་པའི་དགའ་ཚལ་དུ་ཁོང་གིས་རིག་པའི་བུ་ཆུང་སྐོར་ཞིག་བསྐྱངས་པ་འདི་ལོ་རྒྱུས་ངོས་ཀྱི་འོད་ཐིག་ཅིག་ཀྱང་ཅི་ལ་མིན། དབུ་དཀར་མི་རྒན་ཞིག་དང་ན་མཉམ་ཡིན་པའི་མ་ཡུམ་སློབ་གྲྭའི་མཚར་སྡུག་གི་གཏམ་རྒྱུད་ཅིག་ཀྱང་ཡིན་ནོ། །
       དཔལ་དོན་གྲུབ་རྒྱལ་མཆོག་རྐང་ཚ་མི་རིགས་སློབ་འབྲིང་དུ་དུས་ཐུང་གི་དཔེ་ཁྲིད་ལ་ཕེབས་པ་དེས། གཡུ་ཐོག་སྒོ་ཆེན་འོག་གི་མི་རབས་ཤིག་གི་འཚར་ལོངས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ཅིང་། ད་ལྟའི་བོད་ཀྱི་རྩོམ་སྟེགས་སུ་མངོན་པའི་རང་རེའི་རྩོམ་མཁན་སྐོར་ཞིག་ལ་ཁོང་གི་སྐབས་དེའི་དཔེ་ཁྲིད་སོགས་ཀྱི་ཤན་ཤུགས་ཀྱང་ཐེབས་ཡོད་ངེས་པས། གཡུ་ཐོག་སྒོ་ཆེན་འདི་ཡི་འོག་གི་མི་རབས་འདི་དག་གུས་པར་འོས་སོ། །
       དགེ་བའི་བཤེས་གཉེན་མང་པོས་འདི་དང་འདི་ལྟར་རང་རེ་རིག་པའི་དགའ་ཚལ་འདི་ནས་རིག་པའི་སློབ་བུ་མང་པོ་བསྐྱངས། ཡུལ་འདིའི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་གང་ཞིག་རྒྱུད་ཀྱི་གཏིང་ལ་བཞག ཕ་ས་ཕ་ས་ཞེས་པའི་འདུ་ཤེས་གང་ཞིག་བསམ་པའི་ནང་དུ་བྱུགས། རིག་པ་དོན་དུ་གཉེར་བའི་སྐྱེས་མཆོག་མང་པོ་ཡུལ་འདིའི་རྒྱན་དུ་གྱུར། འདི་དག་ཐམས་ཅད་མདོར་བསྡུས་ན་གཡུ་ཐོག་སྒོ་མོ་འདི་ཡི་བཀའ་དྲིན་ཡིན་པས། ལོ་ཟླ་བ་ཆུ་མོ་བཞིན་རྒྱང་དུ་བཞུར་ནའང་། ང་ཚོས་ནམ་ཡང་བརྗེད་དུ་མི་འོས་པའི་བཀའ་དྲིན་དེ་དྲན་དགོས།
       ང་རང་རྐང་ཚ་རྫོང་མི་རིགས་སློབ་འབྲིང་དུ་ཡོང་ནས་མི་ལོ་གསུམ་ལས་མ་འགོར་ཡང་། ཅིའི་ཕྱིར་འདི་འདྲའི་བརྩེ་འདང་ཟབ་མོ་ཞིག་ཆགས་པ་རེད། རང་གིས་རང་ལ་གྲངས་མེད་དུ་དྲིས་པའི་དྲི་ཚིག་ཅིག ཡང་ན་སྨྲ་བསམ་བརྗོད་འདས་སུ་ཆགས་པའི་བརྩེ་འདང་གི་སྐད་ཆ་ཞིག བརྗོད་དུ་མེད་ཀྱང་སྨྲ་བར་སྤོབས། དེ་ནི་རང་གི་དྲན་ཤེས་ཀྱི་གཏིང་རིམ་དུ་འཐིམ་པའི་བག་ཆགས་ཙམ་མ་ཟད། སེམས་ཐག་ཤིན་ཏུ་ཉེ་བའི་བརྩེ་བ་ཞིག་ཀྱང་ཅི་ལ་མིན་ཨང་།
       གཞན་དཔལ་དོན་གྲུབ་རྒྱལ་མཆོག་ལས་ད་དུང་མཁས་ཆེན་མང་པོ་དཔེ་ཁྲིད་མི་སྐྱོང་དུ་དུས་ཐུང་ངང་རིག་པའི་དགའ་ཚལ་འདིར་ཕེབས་མྱོང་ཡོད་ལ། མཐོན་པོ་ཁྲི་ལ་གསོལ་བའི་བླ་སྤྲུལ། དཔེ་ཁྲིད་མི་སྐྱོང་སྟེགས་སུ་འཁོར་བའི་སློབ་དཔོན། སྲིད་ཀྱི་སྟེགས་ལ་བཞུགས་པའི་དཔོན་པོ། འབྱོར་བའི་མངའ་དབང་ཐོབ་པའི་ཁེ་ལས་པ། ཡངས་པའི་ས་མཐའ་འགྲིམ་པའི་རྒྱལ་ཁམས་པ། ཕ་ས་གོར་མོ་སྲུང་བའི་འབྲོག་ཕྲུག ལས་ཀྱིས་གྲུ་ག་སོ་སོར་བསྐོས་པ་མཐའ་དག་རིག་པའི་གཡུ་ཐོག་སྒོ་མོ་འདི་ལས་གཉོམ་ལག་རྒྱས། གཡུ་ཐོག་སྒོ་མོ་འདི་ཡིས་ཤེས་འཇོན་དཔའ་མཛངས་ཆེ་བའི་སློབ་བུ་ཁྲི་ཕྲག་ཅིག་ལ་བརྩེ་བའི་གོ་ཁ་གནང་མྱོང་བ་དྲན་ཚེ་དྲན་གདུང་ལ་མཐའ་ཡོད་མི་སྲིད་ཨང་སྙམ་བྱུང་།
       ད་ལྟ་ད་དུང་ངའི་དྲན་པའི་ངོགས་སུ་སྔར་བཞིན་གསལ་ལྷང་ངེར་མངོན་ཡོང་བ་ནི། རྡོ་ཡི་སེང་གེ་དཀར་མོ་གཉིས་སྒོ་ཆེན་དཀྱིལ་མའི་གཡས་གཡོན་དང་། མཐའ་ཡི་སྒོ་ཆུང་གཉིས་ཀྱི་བར་དུ་ཀྲོང་ངེར་འགྱིང་། ཉིས་བརྩེགས་གཡུ་མདོག་ཅན་གྱི་རྒྱ་ཕིབས། སྒོ་ཡི་གཡས་གཡོན་གཉིས་སུ་ནགས་ཀྱི་ལྕང་ལོ་འཁྱིལ། སྒོ་ཆེན་དཀྱིལ་མའི་གཡས་གཡོན་གྱི་རྡོ་བའི་ངོས་སུ་ཚོན་མདངས་མང་པོས་བྲིས་པའི་གཡུ་འབྲུག་སྔོན་མོ་གཉིས་ཁ་གཏད་དུ་བཞུགས། སྒོ་ཆེན་དཀྱིལ་མའི་གོང་དུ་རྐང་ཚ་རྫོང་མི་རིགས་སློབ་འབྲིང་ཞེས་པའི་ཡིག་འབྲུ་དེ་དག་འབུར་མའི་ངང་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་བྲིས་རྒྱུན་དབུ་ཅན་ཡིག་གཟུགས་ཀྱིས་བྲིས་ཧ་ཅང་ལེགས་པའི་ངང་བརྐོས་ཡོད་ཁར། ཕྱོགས་བཞིའི་པ་ཏྲའི་མཐའ་རྒྱན་དག་ཀྱང་འབུར་མར་བཏོད། ད་དུང་དེ་ཡི་ཕྱོགས་བཞིར་མེ་ཏོག་སེར་ཆེན་ལྟ་བུ་དང་བོད་ལུགས་ཀྱི་རི་མོ་བཞི་ཡང་ཚོན་མང་བསྡེབས་ནས་ཡོད་པ་དེ་ཡིས་མིག་དབང་རབ་ཏུ་འཕྲོག མཐའ་ཡི་སྒོ་ཆུང་གཉིས་ཀྱི་གཡས་གཡོན་དུའང་སེར་མདོག་ཤིན་ཏུ་ཆེ་བའི་བོད་ལུགས་རི་མོ་རེ་ཡང་སྟེང་འོག་བྱས་ཏེ་ཡོད། རྒྱང་ནས་བལྟས་ཚེ་གཡུ་ཐོག་སྒོ་ཆེན་འདི་ཡི་རྩ་བའི་དབྱིབས་དང་ཞིབ་ཆའི་རི་མོ་རེ་རེ་ཡིད་དུ་འོང་། མིག་ཏུ་ཡག། བློ་ལ་འབབ། སེམས་སུ་འཕྲོད། རི་མོ་མཁན་གྱི་པིར་གྱིས་བྲིས་པའང་འདི་ལས་ཅི། གཡུ་ཐོག་སྒོ་ཆེན་འདི་ལས་འཛུལ་ཡོང་བའི་སྐར་མའང་དེ་དང་དེ་བཞིན་ནོ། །
       འདི་ནས་ཕྱིར་བརྩིས་པའི་མི་ལོ་བཅུ་དགུའི་སྔོན་གྱི་སྟོན་ཁ་དེར་ང་ཡང་གཡུ་ཐོག་སྒོ་མོ་འདི་ཡི་ནང་དུ་འཛུལ། ཏག་ཏག་སྐར་མ་ངེད་གཉིས་མཉམ་དུ་སྒོ་མོ་འདི་ཡི་ནང་དུ་གོམ་ཁ་དང་པོ་སྤོས།
       དུས་སྐབས་ཤིག་ལ་རིག་པའི་དགའ་ཚལ་འདིར་རྩོམ་འབྲིའི་ཚ་རླབས་ཟེར་རམ། ཡང་ན་རྩོམ་འབྲིའི་འགྲན་རྩོད་ལྟ་བུའི་སྣང་ཚུལ་ཞིག་ཅིག་ཅར་མཆེད། གུས་པ་ཡང་ཏག་ཏག་སྐབས་དེར་ཁེལ། རེད་མོད། སྐབས་དེར་རྩོམ་འབྲི་ལས་བྱའི་འགན་འཁུར་ཡང་ཕྲག་ནས་ཕོག་ཏུ་མེད་པས། རྩོམ་འབྲིའི་ཚ་རླབས་དེ་ཡི་ཀློང་དུ་ཇི་ལྟར་འཐིམ་ཨང་བསམ་མོད། ཤེས་མེད་ཚོར་མེད་དུ་ལོ་ངོ་གསུམ་ལ་རྩོམ་འབྲིའི་ཀློང་དུ་ཞུགས་དྲགས་པའང་འདྲ། སེམས་ལ་ཅི་བྱུང་བྲིས། ཡིད་ལ་ཤར་ཚོད་དུ་བྲིས། སྙན་ངག་ཡིན་པ་ལྟ་བུ་བྲིས། དུངས་བརྗོད་ལྟ་བུའི་བརྩེ་དུང་གི་ཡིག་ཚོགས་སྤུངས། འབྲི་དེབ་ཀྱི་ཉིན་དང་སྲིབ་ལ་བྲིས། ཉིན་དང་མཚན་ལ་བྲིས། མཚན་གྱི་གློག་སྒྲོན་འོག་ནས་བྲིས། ཞོགས་པའི་སྐྱ་མདར་འགྲོགས་ནས་བྲིས། ཞོགས་སྦྱོང་སྐབས་སུ་བྲིས། ཕ་མ་དྲན་པ་བྲིས། བྲོ་ཁ་ཚར་བ་བྲིས། སྨྱུག་ཁ་དལ་ཅག་གེར་ཁོམ་པའི་དུས་ཤིག་མ་ཡོད་པའང་འདྲ།
       མཚམས་ཤིག་ལ་རང་མོས་གླེང་སྟེགས་ཞེས་པ་ཞིག་ཀྱང་དར། སོ་སོས་སོ་སོའི་ཚོད་ཀྱི་སྐད་ཆ་ཅི་རིགས་བཤད། ཁམས་དང་མོས་པའི་སྐད་ཆ་བཤད། བདེ་སྡུག་ལྟ་བུའི་སྐད་ཆ་བཤད། རང་གི་ལྟ་ཚུལ་ལྷུག་པོར་བཤད། གཞན་གྱི་སྐད་ཆ་དགག་པའི་ཆེད་དུ་སྐད་ཆ་བཤད། སྐད་ཆའི་ཆེད་དུའང་སྐད་ཆ་བཤད། ལྟ་ལུགས་གཅིག་ལ་མཐོང་ལུགས་བརྒྱ་ཡི་སྐད་ཆ་བཤད།
       ཡང་མཚམས་ཤིག་ལ་ཚང་མར་ཚགས་དེབ་དཔར་བའི་འདྲོགས་ཤིག་ལངས། རང་གི་སྙན་ངག་ཏུ་རློམ་པ་དག་ཚགས་དེབ་ཏུ་དཔར། རང་གི་བརྩམས་ཆོས་སུ་བསམ་པ་དག་ཚགས་དེབ་ཏུ་དཔར། སྒེར་གྱི་སྙན་དེབ་དཔར།གཞུང་གི་ལོ་དེབ་དཔར། སྣ་མང་ཚགས་པར་དཔར། འགྲོ་སོང་རང་གིས་བཏང་ནས་དཔར། གཞན་ལ་བསླངས་ནས་དཔར། ཐབས་བཀོད་ཅི་རིགས་བཀོལ་ནས་དཔར། ཡིག་ནོར་ཡོད་ཡོད་དུ་དཔར། ཡིག་ནོར་ཡོད་ཡོད་དུ་བཀྲམ། སོ་སོས་ལག་ལ་ཆུད་ཚོད་དུ་བཀླགས། དམིགས་ནས་བཙལ་ཏེ་བཀླགས། མཚར་མཚར་དུ་བཀླགས། སྣ་མང་ཤེས་བྱའི་རྒྱ་མཚོའི་ཀོ་གྲུར་བསྡད་པ་མ་རེད་དམ།
       «བྱ་ཁྱུའི་ལང་ཚོ»ཞེས་པའི་མཐར་ཕྱིན་དེབ་ཁག་ཅིག་ལོ་རེར་རིམ་བཞིན་ཐོན། «སྐྱ་མདའ»ལྟ་བུ་སྔ་མའི་ལུགས་ནས་གསར་པའི་ཆ་ལ་ཡོངས་སུ་བརྒལ་བར་བརྩོན་པའི་ཕྱི་རིམ་གྱི་དེབ་ཁག་ཅིག་ཀྱང་ཐོན། དེ་དག་མཚམས་ཤིག་ལ་ལོ་ཐོ་ལྟ་བུར་ཆགས་མོད། ཕྱི་མའི་ཕྱི་མ་དག་གིས་དེ་ལུགས་ཡོངས་སུ་བོར། སྔ་མའི་སྔ་མ་དག་གི་འགྲོ་ལུགས་དང་ལྡོག་སྟེ་སོང་།
       «ཉེས་མེད་ཀྱི་སྐྲ་ལོ»ལྟ་བུའི་བརྩམས་སྒྲུང་ཡང་དཔེ་ཁྲིད་མི་སྐྱོང་གི་ཁྲིད་སྟེགས་སུ་ཡོད་པའི་དགེ་རྒན་དག་གི་ཁྲོད་ནས་རྩོམ་མཁན་བྱུང་། «གནང་ཞུ་ཡི་གེ»ལྟ་བུའི་འཁྲབ་གཞུང་འཁྲབ་ཁྲིད་ཀྱི་ལས་འགན་གཅིག་ལྕོགས་སུ་འཁུར་མཁན་ཡང་ན་གཞོན་དཔེ་ཁྲིད་པའི་དགེ་རྒན་དག་གི་ཁྲོད་ནས་བུད། དགེ་སློབ་གཉིས་ཀ་རྩོམ་རིག་ཅེས་པར་ཅིག་ཅར་དུ་འཇུས། རྒན་པས་ཆུང་བར་སྣེ་ཁྲིད་གནང་། ཆུང་བས་རྒན་པ་མིག་དཔེར་བཟུང་། དཔུང་བ་མཉམ་གཤིབ་ལྟ་བུའི་ལོ་ཟླ་དེ་དག ཡང་ན་གཤིས་ཀྱི་རྒྱུད་དྲང་། སེམས་ཀྱི་ཐག་ཉེ། ཆེ་བར་བཀུར་བརྩི་ཡོད། ཆུང་བར་བྱམས་སྐྱོང་ཆེ། སྲོལ་གྱི་རྒྱུན་དེ་གྲ་མ་ཆག་གྲུ་མ་ཉམས་པར་ཡོད།
       དེ་དུས་ཆེས་འགྲོ་ཐེངས་མང་བ་དེ་བོད་ཡིག་ཁྲིད་དཔྱོད་ཁང་ཡིན། དེ་ཡང་ཚགས་དེབ་ཅིག་རྩོམ་སྒྲིག་བྱ་དགོས་ཚེ། བོད་ཡིག་ཁྲིད་དཔྱོད་གཞུང་ལས་ཁང་གི་དགེ་རྒན་རྣམ་པའི་མདུན་ཅོག་གི་ཟུར་གྱི་གློག་ཀླད་རྙིང་པ་གྲུ་བཞི་གླིང་བཞི་ཅན་དེ་ལས་རེ་ས་གཞན་མེད། སྣུམ་དཔར་གྱི་དུས་ལས་བརྒལ་ཏེ་ལྕགས་དཔར་གྱི་དུས་སུ་བབས་པའི་སྐབས་དེར་ཡི་གེ་གློག་ཀླད་དུ་འཇུག་རྒྱུ་དེ་ཡང་ལག་ཐབས་གསར་པ་ཞིག་ཡིན། མཐེབ་གཞོང་ནས་ཀ་མད་སུམ་ཅུ་འཚོལ་བའི་སོར་བཅུ་དེ་ཡང་དེ་འདྲའི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་།
       བོད་ཡིག་ཁྲིད་དཔྱོད་ཁང་གི་དགེ་རྒན་དག་གིས་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་གི་དགོས་པར་དམིགས་ཏེ། «ཁྲི་ཤོར་རླབས་ཀྱི་ཟེགས་མ»ཞེས་པའི་ཚགས་པར་ཞིག་མུ་འབྲེལ་གྱིས་རིམ་བཞིན་བཏོན།དེ་ནི་སྐབས་དེའི་རྩོམ་རིག་གི་ཞིང་ས་སྣུམ་གོར་རེ་བ་དེ་ཡིན།
       སྐབས་དེར་ཆེས་རྒྱུགས་ཆེ་བ་དེ་བླ་དཔེ་ཚོགས་དང་བདག་དཔེ་ཚོགས་སོགས་ཡིན་པ་འདྲ། ཡང་ལྟ་བསྐྱར་ལྟ་བྱས་པའི་དཔེ་དེབ་དེ་དག་དམའ་འབྲིང་སློབ་མ་ཞིག་གི་བཀླག་བྱའི་དེབ་ཏུ་འོས་མིན་མི་ཤེས་ལ། ཡང་ན་ཅི་ཡང་གོ་བ་ལོན་གྱིན་མི་འདུག་པ་འདྲ་མོད། ཅི་ཡང་གོ་སོང་བའི་ཟོལ་གྱིས་དེབ་ལས་ལུང་ཚིག་རེ་འགའ་གཞན་ལ་ངོམ་སོ་བྱེད། དེ་ནི་རང་གིས་སྔ་ནས་དེབ་དེར་བལྟས་ཟིན་པའི་བརྡ་རྟགས་སྟོན་པའང་རེད། གཞན་སྒེར་དེབ་དག་གི་བསྟན་པ་ཆེས་ཆེར་དར་བའི་དུས་ཤིག་ཀྱང་ཡིན་ཏེ། མཆན་དུ་བཙིར་བའི་དཔེ་དེབ་གང་དེ་བསླབ་དེབ་དང་འབྲེལ་བ་མེད་ཚེ། དེ་ནི་དཔེ་ཀློག་པའམ་ཡང་ན་རྩོམ་པ་པོ་བྱེད་པའི་ཕུགས་བསམ་ཅན་ཞིག་ཡིན་པ་ཐག་གིས་བཅད་ཆོག་ཅིང་། སྐབས་དེར་རྩོམ་ཡིག་ལ་ལག་ལས་མི་བྱེད་པ་ཞིག་ཀྱང་ཕལ་ཆེར་མེད་པའི་ཚོད་ཡིན།
       དགེ་རྒན་གྱིས་སྒོ་སམ་ངོས་སུ་རང་རང་གི་ཕུགས་བསམ་འབྲི་རུ་བཅུག་ཚེ། དགེ་རྒན་དང་སྨན་པ་ཕུད་མང་ཆེ་ཤོས་རྩོམ་པ་པོ་བྱ་འདོད་མཁན་ཤ་སྟག་ཡིན་ཞིང་། ཕུགས་བསམ་དེ་ག་མངོན་འགྱུར་བྱུང་ཆེད་སྒེར་དེབ་དཔར་དུ་འདེབས་མཁན་མང་པོ་བྱུང་། སྒེར་དེབ་ཅིག་གི་བདག་པོ་ཆགས་ཚེ་དེ་ནི་རྩོམ་པ་པ་ཡིན་ནོ། །
       རིག་པའི་དགའ་ཚལ་འདིར་སྔོན་ནས་བཟུང་དེ་འདྲའི་སྲོལ་ཞིག་དར་བའམ། ཡང་ན་དེ་འདྲའི་ཤུགས་རྐྱེན་ཞིག་གི་རྐྱེན་ནམ། གང་ལྟར། «དཔྱིད་ཀྱི་དཔལ་མོ» «ཕྱིང་ལྭ་དཀར་པོ» «དྲེལ་ལུང» «མེ་རོ» «ལ་གཞས་དུང་རལ་དགུ་ཤོག»སོགས་སྒྲུང་དང་སྙན་ངག་གི་རྩོམ་ལུས་སྣ་མང་འདུས་པའི་དེབ་ཀྱི་རྩོམ་མཁན་སྐོར་ཞིག་ཀྱང་གཡུ་ཐོག་སྒོ་མོ་འདི་བརྒྱུད་ནས་སོང་བ་ཡིན་ལ། «རྐུན་མ»དང«སོ་འབལ་བ» «བཟའ་ཚང་བར་གྱི་གན་རྒྱ»སོགས་རང་རེ་བོད་ཀྱི་གར་ཆུང་སྒྱུ་རྩལ་གྱི་བར་སྟོང་དེར་འོད་དུ་འཚེར་མྱོང་བའི་གར་ཆུང་འདི་དག་གི་བདག་པོ་སྐོར་ཞིག་ཀྱང་། གཡུ་ཐོག་སྒོ་མོ་འདི་ལས་བརྒྱུད་དེ་རྒྱང་དུ་ཆས་པའང་རེད། «ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རངས་ཆུ་ཚོད་བཞི་དང་ཕྱེད་ཀ» «གྲོ་ཞིང་ཁའི་སྲུང་མ»སོགས་འཛམ་གླིང་ཤར་ནུབ་ཀྱི་རིག་གནས་གང་དེ་རང་རེའི་མིག་ཡིད་རྣ་བའི་དགའ་སྟོན་དུ་གསོལ་མཁན་གྱི“འཇིག་རྟེན་མིག”གི་ལས་སྐལ་དང་དུ་ལེན་མཁན་འདི་དག་ཀྱང་། གཡུ་ཐོག་སྒོ་མོ་འདི་ཡི་ནང་ནས་ཐོན་པའང་ཡིན། «བེའུ་རྒྱ་ཐོས་ཁ་འཆང་བཙལ་བ»སོགས་བྱིས་པའི་བློ་ཡིད་སྐོང་བའི་རིས་སྒྲུང་རྩོམ་མཁན་ཡང་གཡུ་ཐོག་སྒོ་མོ་འདི་ལས་ཐོན་པ་ཡིན། ཚེ་འདིར«འཁོར་བའི་རྟ་ཕོ»ཞེས་པའི་དེབ་ཆུང་དེ་ཡི་བདག་པོ་དང«ས་ལྟ་ཡུལ་ལྟ»ཞེས་པའི་དེབ་ཆུང་གཉིས་ཀྱི་བདག་པོ་ཉན་ལ་ཉེ་བའི་རང་ཉིད་ཀྱང་གཡུ་ཐོག་སྒོ་མོའི་ནང་ནས་བུད་པའི་སྨྱུག་འཛིན་པའི་གྲལ་མཐའ་བ་ཙམ་ཡིན་པའང་། ནམ་ཡང་རིག་པའི་དགའ་ཚལ་འདི་ཡི་བཀའ་དྲིན་ཡིན་ཞེས་བཀའ་དྲིན་མ་བརྗེད་སེམས་སུ་ནམ་ཞར་ཉར་ཡོད།
       མཐོན་པོའི་ཁྲི་དང་སྲིད་ཀྱི་སྟེགས་ལ་བཞུགས་པའི་སྐྱེས་ཆེན་དག་ལས་གཞན། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སོགས་སུ་དཔེ་ཁྲིད་མི་སྐྱོང་གི་ཁྲིད་སྟེགས་སུ་བཞུགས་པའི་དགེ་བའི་བཤེས་གཉེན་དག་ཀྱང་གཡུ་ཐོག་སྒོ་ཆེན་འདི་ཡི་ནང་ནས་ཐོན། སྒྱུ་རྩལ་གྱི་རི་སྐས་ལ་དཔའ་གདེང་གིས་གོམ་ཁ་ཕྱོགས་པའི་སྐྱེས་བུ་མང་པོ་ཞིག་ཀྱང་རིག་པའི་དགའ་ཚལ་འདི་ཡིས་བསྐྱངས་ཏེ་གཡུ་ཐོག་སྒོ་ཆེན་ལས་སྒྱུ་རྩལ་གྱི་ས་ཆེན་འགྲིམ་པའི་ལས་སྐལ་བསྩལ་བ་འདི་ཡང་ཨེ་མ་ཧོ། ལས་རིགས་སོ་སོའི་ལས་རྐང་སྟེ། གསོ་རིག་བསྟན་པའི་རྗེས་འཛིན་གོས་དཀར་ལྷ་རྗེ་བ། ཚན་རིག་ཤེས་བྱའི་འོ་མཚོར་ཞུགས་པའི་གསར་གཏོད་པ། བྲིས་ཀྱི་རྒྱུན་ལ་འཇུག་མཁན་གྱི་བྲིས་པ་དང་རི་མོ་བ། ཆ་འཕྲིན་སྨྱན་བྱད་གཉེར་བའི་པར་ལེན་པ་དང་ཇུས་འགོད་པ་སོགས་ད་ལྟའི་སྤྱི་ཚོགས་འདི་ཡི་གྲུ་དང་ཟུར་ནས་མངོན་ཡོང་གིན་པ་དག་ཀྱང་གཡུ་ཐོག་སྒོ་ཆེན་འདི་ལས་ཐོན་པ་རེད་ལ། བསྟན་པའི་རྗེས་འཇུག་ངུར་སྨྲིག་པ་མང་པོའང་གཡུ་ཐོག་སྒོ་ཆེན་འདི་ག་བརྒྱུད་ནས་འགྲོ་མྱོང་བ་དྲན་ཚེ།ང་རང་གཡུ་ཐོག་སྒོ་ཆེན་འདི་ལ་གསེར་དངུལ་སྟོང་ཕྲག་མང་པོ་ལས་ཀྱང་འདང་རྩིས་ཆེ་ཆེར་ཆགས་ཤིང་བསྟོད་བཀུར་གྱི་སྙིམ་པའི་མེ་ཏོག་ཡང་ནས་ཡང་དུ་གཏོར་བར་འདོད་དོ། །
       ཐོག་མའི་སྦྲ་གུར་ལས་བར་གྱི་ས་ཁང་། མཐའ་མའི་ད་ལྟར་གཞིས་སུ་ཆགས་པའི་མ་ཡུམ་སློབ་གྲྭ་འདི་ཡི་སྒོ་འགྲམ་བརྒྱུད་ནས་འགྲོ་ཐེངས་རེར། ང་ལ་མཐའ་མི་མངོན་པའི་ནང་སེམས་སུ་སྐྱོ་ལྷང་ངེ་བའི་ཚོར་སྣང་ཞིག་སྐྱེས་ཡོང་། ཡང་དང་བསྐྱར་དུ་བྲེལ་བྲེལ་རྟབ་རྟབ་ཀྱིས་སྒོ་འགྲམ་བརྒྱུད་ནས་འགྲོ་ཐེངས་རེར། རིག་པའི་སྐྱེས་བུ་སྐོར་ཞིག་གཡུ་ཐོག་སྒོ་ཆེན་ལས་བུད་དེ་རྒྱང་དུ་ཆས་ཤིང་། སླར་ཡང་ཕ་ས་གོར་མོ་འདི་ཡི་པང་དུ་ལོག་པའི་གཏམ་རྒྱུད་རེ་ཡང་དྲན་མི་འོང་ག་ལ་སྲིད།
       ཐ་ན་ལོ་ངོ་གསུམ་ལ་འགྲོ་འདུག་སྤྱོད་གསུམ་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་མྱོང་བའི་དགེ་རྒན་དག་གི་བཀའ་དྲིན་ལས། ད་ལྟའི་ཡིག་ངོ་ཙམ་ཆོད་ཅིང་ཚོར་འདུའི་སྐྱིད་སྡུག་མཐའ་དག་ཡི་གེའི་རིས་སུ་ཕབ་ཐུབ་པ་འདི་ཡང་ཁོང་ཅག་གི་ངང་རྒྱུད་རིང་ཞིང་བརྩོན་སེམས་ཆེ་བའི་ཐུགས་བསྐྱེད་ཀྱིས་སྐྱེད་སྲིང་བྱས་པ་ཡིན་པས། དབུ་ནག་སྐྲ་ལོར་སེ་མདའ་ལྷུང་བའི་སྣང་ཚུལ་དེ་དག་མཐོང་ཐེངས་རེར། སློབ་བུ་ཁྲི་ཕྲག་མང་པོར་རིག་པའི་དགའ་ཚལ་འདི་ནས“འདམ་བག་ཡར་བྱུགས”ཀྱི་བརྩེ་བའི་སློབ་གསོ་གནང་མཁན་དམན་ཚུལ་འཛིན་པའི་དགེ་རྒན་སྐོར་ཞིག་ཅིག་ཅར་དུ་དྲན་ཡོང་ཨང་། ང་ཡི་བརྩེ་བའི་བཤེས་གཉེན་ཚོ། འཇིག་རྟེན་དཀར་ངོགས་འདི་ལས་ཡོངས་སུ་གྱེས་ཟིན་ཡང་། བརྩེ་བའི་བྱས་རྗེས་དཀར་པོ་སྒོ་སམ་ངོས་སུ་ས་སྨྱུག་དཀར་པོས་བྲིས་པའི་ཡིག་ཆུང་བཞིན། འཇིག་རྟེན་དཀར་ངོགས་འདིར་གསལ་ལྷང་ངེར། ལྷག་ཏུ་རིག་པའི་དགའ་ཚལ་འདི་ལས་གཉོམ་ལག་རྒྱས་པའི་སློབ་བུ་དག་གི་སེམས་སུ་སྔར་བཞིན་གསལ་ལྷང་ངེར་གནས་ངེས།
       གཟའ་མཇུག་འཁྱོལ་བའི་ཐབས་སུ་གྲོགས་པོ་ངེད་གཉིས་སྲང་མཐའི་རི་མགོར་འགོས་པ་ཡིན། དེ་རིང་ཡང་སྔར་བཞིན་གྲོགས་པོ་ངེད་གཉིས་གཡུ་ཐོག་སྒོ་ཆེན་བརྒྱུད་དེ་སོང་། རང་གི་བག་ཆགས་སྟེང་དུ་འཐིམ་པའི་གཡུ་ཐོག་སྒོ་ཆེན་དེ་མཐོང་མ་བྱུང་ནའང་། ལོ་ངོ་བཅུ་གསུམ་སྔོན་ལ་རང་གི་རྡོག་ཁྲེས་རྒྱབ་ཏུ་ཁུར་ནས། མི་ཚེ་འདིར་རིག་པའི་དགའ་ཚལ་འདི་ལ་ཡོངས་སུ་བདེ་མོ་བཞག་པ་དེ་ཡང་དྲན་བྱུང་། ང་རང་ནང་བཞིན་མི་ཚེ་གཅིག་ལ་གཡུ་ཐོག་སྒོ་ཆེན་འདིའི་ནང་གོམ་གང་སྤོ་བའི་ལས་སྐལ་མེད་པ་སྐོར་ཞིག་གཡུ་ཐོག་སྒོ་ཆེན་བརྒྱུད་དེ་ཕྱི་ལ་བུད་པའང་དྲན་བྱུང་། ང་ཡི་ལོ་ཟླ་དང་ང་ཡི་དྲན་པ་ཨང་།
       སྲང་མཐའི་རི་ཆུང་གི་རྩེ་ནས་བལྟས་ཚེ། ང་ཡི་མ་ཡུམ་སློབ་གྲྭའི་ཐོག་ཁང་རེ་རེ་ཡི་གྲུ་དང་ཟུར་རེ་རེ། སྒོ་དང་སྒེའུ་ཁུང་རེ་རེ། སྒེའུ་ཁུང་ལས་མཆེད་པའི་འོད་ཟེར་ཕྲ་མོ་རེ་རེ། ལག་མཐིལ་དུ་སྐྱུ་རུ་ར་བླངས་པ་ནང་བཞིན་ཤིན་ཏུ་གསལ་ཨང་།
       ལོ་ངོ་བཅུ་གསུམ་སྔོན་དུ། ང་ཡང་ཁོ་ཚོ་ནང་བཞིན་ཕུགས་བསམ་གྱི་གཤོག་སྣེ་རེ་རེ་བྲག་ལ་གཏད། རྒྱང་དུ་འགྲོ་འདོད་ཀྱི་སེམས་འདུན་ཤིན་ཏུ་རྒོད། ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་གང་ཞིག་འཚོལ་བར་བྲེལ་བ་ལངས། རེད་མོད། མི་ལོ་བཅུ་གསུམ་འགོར་བའི་ད་ཚོད་ཅིག་ལ། ང་རང་ཁོ་ཚོ་ལས་ལོགས་སུ་ལྡོག་སྟེ། ཡང་ན་མི་ལོ་བཅུ་གསུམ་སྔོན་གྱི་རང་ཉིད་དང་རྦད་དེ་མི་འདྲ་བར་གྱུར་ཏེ། ཕ་ས་གོར་མོ་འདི་ཡི་པང་ཁུག་ལས་གང་དུའང་བྲལ་བར་མི་འདོད་ཅིང་། ལྟོ་ཚིས་འབའ་ཞིག་དོན་དུ་ཁོ་ཚོ་དང་འདྲ་བར་རང་ཡུལ་རྒྱབ་ཏུ་བསྐྱུར་བར་མི་ཕོད་ཅིང་། ཁེ་ཕན་ཉི་ཚེ་བ་ཙམ་གྱི་ཆེད་དུ་ཕ་མ་རྒྱང་དུ་བསྐྱུར་བར་ཡང་མི་སྤོབས་སོ། །
       ཕྱི་དྲོའི་ཉི་འོད་ཤིན་ཏུ་དྲོ་བ་འདྲ། སྲོད་ཁའི་ཉི་ཟེར་ཕྲ་མོ་ནུབ་ཁའི་རི་ཚོགས་ལས་གྲོགས་པོའི་ངོ་གདོང་དུ་ཕོག་བྱུང་། ཏུའུ་གྲངས་བཞི་བརྒྱར་ཉེ་བའི་མིག་ཤེལ་དེ་སྟོད་ལྭའི་ཕུ་ཐུང་གིས་ཕྱིས་ཙམ་བྱས་རྗེས། ཉི་ཟེར་འདི་བཙན་པ་ལ་ཨང་ཟེར། ཁྱོད་རང་ཕྱིར་རང་ཡུལ་ལ་མངགས་པ་རེད་ཅེས་ཀུ་རེ་འདྲེས་མའི་སྐད་ཆ་ཞིག་བཤད་རྗེས། ངེད་གཉིས་རི་སྐེད་བརྒྱུད་ནས་རང་རང་གི་ཁྱིམ་དུ་ལོག
       ངས་གྲོགས་པོའི་མིག་ཆུ་རྡོག་གཅིག་ལྷམ་གྱི་སྣ་མགོར་ཟགས་པའི་སྣང་ཚུལ་དེ་ཡིད་ལ་དྲན་གྱིན། དྲན་གདུང་གི་དཀྱིལ་ལ་ལྷུང་བའི་ཁོ་སྙིང་རྗེ་བ་ཞིག་ཏུ་སྣང་ལ།སྙིང་ལ་གཟན་པ་ཞིག་ཏུའང་ཚོར།
       ལོ་ཟླ་མཐའ་མེད་ཅིག་བརྒལ་ན། ཁྱོད་ཀྱང་ང་རང་ནང་བཞིན་གཡུ་ཐོག་སྒོ་ཆེན་འདི་ཡི་གཏམ་རྒྱུད་སྙིང་ལ་རྗེ་བ་དེ་འབྲི་མཁན་དུ་མི་འགྱུར་བའི་ངེས་པ་ཡོད་མི་སྲིད་པས། ཧེ་བག་ཤིན་ཏུ་ཆེ་བའི་སེམས་ཁམས་དང་རིག་གནས་གང་ཞིག་ཁྱེར་ནས་ཁྱོད་ཀྱིས་གཏམ་རྒྱུད་ཅིག་ཇི་ལྟར་འབྲི་ཨང་།
       ཁྱོད་རང་དྲིན་གཟོའི་འདུ་ཤེས་ཤིག་གིས་བསྐྱེད་པའི་སེམས་ཁམས་ཀྱི་ཀློང་ནས་གཏམ་རྒྱུད་འཆད་པར་སྤྲོའམ། ཡང་ན་མཚར་སྣང་གང་ཞིག་གི་སེམས་ཁམས་ཀྱིས་འགྱུར་ལྡོག་གླེང་བར་སྤྲོ།
       གཡུ་ཐོག་སྒོ་ཆེན་འདི་ལས་ལང་ཚོའི་གཉོམ་ལག་རྒྱས་ཤིང་མི་ཚེའི་ཕུགས་འདུན་གྱི་ཁོ་ལག་ཡོངས་སུ་རྒྱས་པའི་སྐྱེས་བུ་དང་། མི་ཚེ་གཅིག་ལ་དཔེ་ཁྲིད་མི་སྐྱོང་གི་ཁྲིད་སྟེགས་ལས་སློབ་གསོའི་ལས་དོན་ལ་གཞོལ་བའི་དགེ་བའི་བཤེས་གཉེན་དག་ཀྱང་། ག་ལེར་ཁྲིད་སྟེགས་དང་གྱེས། གཡུ་ཐོག་སྒོ་ཆེན་དང་གྱེས། འཇིག་རྟེན་དཀར་ངོགས་དང་གྱེས། རེད་མོད། ཁྱེད་ཚོ་རེ་རེ་བཞིན་གཡུ་ཐོག་སྒོ་ཆེན་ནང་བཞིན་ང་ཚོ་སློབ་བུ་ཁྲི་ཕྲག་ཅིག་གི་སེམས་སུ་ཀྲོང་ངེར་བཞུགས་པས། འཇིག་རྟེན་འཁོར་བའི་ལམ་ཆེན་ལམ་ཆུང་བརྒལ་བའི་ཕྱི་ནང་མཐའ་དག་དྲན་པར་ཉར།
       ཕྱིར་དྲན་གྱི་སྒོ་མོ་ཡོངས་སུ་ཕྱེས་ཆོག་ཀྱང་། དྲན་གདུང་ལ་མཐའ་མི་ཟད་པས། འཁང་ར་དང་ལེ་བདའ་ཡང་མངོན་ཡོང་སྲིད། ང་ཚོས་དེ་ཡང་ག་ལེར་དྲན་པར་ཉར། ཡོད་ཚད་ཁུ་སིམ་མེར་དྲན་པར་ཉར་ཨང་།
       རང་ཡུལ་ཕ་ས་གོར་མོ་འདིའི་ཕང་བར་ཡོད་པའི་རིག་པའི་དགའ་ཚལ་གྱི་འདས་སོང་གི་ལོ་ཟླའི་གཏམ་རྒྱུད་མཐའ་དག་ང་ཚོར་དབང་སྲིད་ལ། ཡང་ན་མ་འོངས་པའི་ལོ་ཟླའི་སྐྱིད་སྡུག་མཐའ་དག་ང་ཚོར་དམ་དུ་འབྲེལ་ཡོད་པས། ཕྱི་རབས་པའི་ཡིད་འོང་གི་གཏམ་རྒྱུད་ཀྱང་འདི་ནས་འཁྲུངས་ངེས་ལ། ཐོབ་ཤོར་གྱི་ལས་དབང་ཡང་འདི་རུ་ཡོད་ངེས་པས། རིག་པའི་སྒོ་མོ་འདི་ཡི་བྱིན་རླབས་ལ་བརྒྱུས་པའི་དབྱངས་གསལ་སོ་བཞི། ཕ་ས་གོར་མོ་འདིའི་དཀྱིལ་དྲུང་ནས་ནམ་ཡང་འོད་དུ་འཚེར་བར་ཤོག
       ལོ་ཟླས་རྨེག་མེད་དུ་ལང་ཚོ་བཅོམ། ལང་ཚོ་ལ་བརྒྱུས་པའི་སྐྱིད་སྡུག་མཐའ་དག་ང་ཚོས་ནམ་ཡང་རང་གི་ལོ་ཟླ་དེ་རུ་བསམ་དགོས་པ་མིན་ནམ། ང་ཡི་ཡུལ་མི། ང་ཡི་སློབ་དཔོན། ང་ཡི་སློབ་གྲོགས། ང་ཡི་ཁྱེད་རང་ཨང་།
       གཡུ་ཐོག་སྒོ་མོ་འདི་ཡི་ཤེས་རབ་ཀྱི་བྱིན་རླབས་ཞུགས་པའི་སྐྱེས་བུ་མཐའ་དག ཡང་ན་ཤེས་རབ་ཀྱི་སྒོ་མོ་འདི་ལས་ཐོན་པའི་རིག་པའི་བུ་ཆུང་། རིག་པའི་དགའ་ཚལ་འདི་རུ་ཚེ་དང་ལང་ཚོ་བསྟིམས་པའི་དཔའ་གདེང་སྩོལ་མཁན་གྱི་བཤེས་གཉེན་མཐའ་དག ཁྱེད་ཅག་མཐའ་དག་གཡུ་ཐོག་སྒོ་ཆེན་འདི་ག་ནང་བཞིན་དུས་བཞིའི་འགྱུར་བག་ཀློང་ནས་ཀྲོང་ངེར་འགྲེང་བའི་སྨོན་འདུན་ཞུ། མ་འོངས་ལོ་ཟླའི་ནང་དུ་རིག་པའི་སྐྱེས་བུ་དག་གིས་སྔར་བཞིན་ཤེས་རབ་སྤང་ལ་མེ་ཤོར་དང་བརྩོན་འགྲུས་བྲག་ལ་མདའ་ཟུག་ནང་བཞིན་ཡོང་ཐུབ་པའི་སྨོན་འདུན་ཡང་ཞུའོ། །
       ང་ཡི་གཡུ་ཐོག་སྒོ་ཆེན། ང་ཡི་གཡུ་ཐོག་སྒོ་ཆེན་འོག་གི་མི་རབས།
འབྲེལ་ཡོད་འོས་སྦྱོར།