logo

དམར་དགེ་རུ་བར་བསྐྱོད་པའི་རིག་གནས་བརྗེད་ཐོ་སྣ་ཟིན་སྤུ་ཟིན།

རྩོམ་པ་པོ།:ནག་ཤོད་བསྟན་འཛིན་མཚུངས་མེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-02-06 ཀློག་གྲངས།:
ཉིན་དང་པོ། བོད་ཟླ་དྲུག་པའི་ཚེས་དགུ་ཕྱི་མ་དང་སྤྱི་ཟླ་བརྒྱད་པའི་ཚེས་གསུམ། གཟའ་ཉི་མ།
       2025ལོའི་ཟླ8ཚེས3གྱི་ཉི་ཤར་མཚམས་སུ། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»ཡོས་ཆགས་ཤང་གི་ཆེད་དེབ་ཀྱི་གསར་རྩོམ་རྒྱུ་ཆ་འཚོལ་སྡུད་པ་སོག་རུ་ཀརྨ་ཀུན་ཁྱབ་དང་། ར་ས་བསྟན་འཛིན་ཆོས་གྲགས། ལྷ་གཡང་ནོར་བུ། རོང་པོ་རང་འཚོལ། བསྟན་འཛིན་ཟླ་བ། ཕྲན་ནག་ཤོད་བསྟན་འཛིན་མཚུངས་མེད་བཅས་ཆར་རླུང་ཟམ་ཟིམ་ཁྲོད་དབུས་ལྷ་ལྡན་ནས་བྱང་ཕྱོགས་དམར་དགེ་རུ་བར་རྡོག་ཐོན་བྱས་པ་ཡིན། སྔོ་ལྗང་ལྗང་དང་འཇམ་ནེམ་ནེམ་གྱི་དབྱར་ཁ་འདིར། བྱང་ཐང་སྐྱ་མོའང་སྒྱུ་རྩལ་གྱི་བང་མཛོད་ཅིག་དང་འདྲ་བར། སྣོད་བཅུད་གཉིས་ཀ་སྣུམ་ཚོན་རི་མོ་བཞིན་གསོན་ཉམས་དང་འཕྱོར་སྒེག་གིས་རབ་ཏུ་བརྒྱན་ཡོད་ཨང་། འགྲུལ་བཞུད་ཀྱི་འཕྲུལ་འཁོར་གནམ་ལྕགས་ཀྱི་ཐོག་མདའ་དང་འདྲ་བར། སྤྲིན་དང་ན་བུན་གྱི་བུ་ག་བརྟོལ་ཏེ་ཤར་མར་ལམ་ལ་ཞུགས་ཀྱང་། སྒེའུ་ཁུང་གི་མཐོང་ལམ་ནས་སྔ་རབས་ཀྱི་གདན་ས་ཆེན་མོ་དགའ་སྐྱོར་གཉིས་དང་གནམ་རྩེ་ལྡིང་མ། རྒྱལ་བ་འབྲོམ་གྱི་འཁྲུངས་གཞིས་སྟོད་ལུང་ཕུའི་རྩ་སྒྱེ་མོ་ནང་སོགས་ལ་དྲན་པ་ཉེ་བར་བཅར་ཚེ། ངེད་ཅག་གིས་ཆིབས་སུ་སྒྱུར་བཞིན་པ་ནི་འགྲིམ་འགྲུལ་གྱི་ཡོ་བྱད་ཙམ་ཞིག་ག་ལ་ཡིན་ཏེ། དུས་ཚོད་ཀྱི་འཁོར་ལོ་ཡིན་པ་གཞི་ནས་རྟོགས། སྐད་ཅིག་སྐད་ཅིག་གིས་ལོ་ངོ་བརྒྱ་ཕྲག་མང་པོའི་སྔ་རོལ་གྱི་གནས་སྐབས་ལ་ལྡོག་འགྲོ་བའི་སྣང་བ་ཞིག་ཞེ་ནས་སྐྱེ་འོང་། ཐང་ལྷ་ཡར་བཞུའི་འདབས་རོལ་ནས་འདམ་གྱི་ལུང་གཞོང་བརྒལ། འདམ་དབུ་མ་ཏིང་འཛིན་བྲག་དཀར་ནས་གྲུབ་ཆེན་ཏི་ཤྲི་རས་པ་དང་སྟག་ལུང་ཐང་པའི་ཕེབས་རྗེས་བཙལ། འདམ་ཀོ་ཁྱིམ་ནས་འབའ་རོམ་པ་དར་མ་དབང་ཕྱུག་དཔལ་གྱི་རྣམ་པར་ཐར་པའི་གཏམ་ཟུར་དུ་འཕྲོས། འདམ་ཅོག་ཙེ་ལ་མོ་བརྒལ་ཏེ་ལྷོ་ཕྱོགས་གསང་ཆུ་དང་ལུང་དམར་གྱི་རི་བརྒྱུད་དེད་ནས་སྤོད་ཆུ་དང་འདྲེས་མཚམས་སུ་སླར་ཡང་ཁ་བྱང་དུ་བསྒྱུར་ཏེ་ཅུང་ཙམ་བསྐྱོད་རྗེས། ད་གཟོད་དམར་དགེ་རུ་བའི་ད་ལྟའི་སྲིད་འཛིན་གྱི་ལྟེ་གནས་ཡོས་ཆགས་ཤང་དུ་འབྱོར་ཏོ། །ཡོས་ཆགས་ཤང་ཞེས་པ་འདི་ཉིད་ཉེ་བའི་དུས་སུ་ལུང་ཕྲན་གྱི་སྒོས་མིང་སྤྱི་ལ་སྤྱད་པར་སྣང་། སྔར་སྲོལ་གྱི་སྤྱི་མིང་ལྟར་ན་དམར་ཡོན་ནམ་རྨ་ལུང་དང་། རིམ་གྱིས་དམར་ཡོན་དགེ་ལྡན་རུ་བ་སོགས་ལ་འཕོ་འགྱུར་བྱུང་།ཨོ་རྒྱན་གཞན་ཕན་མཐའ་ཡས་ཀྱིས་བརྩམས་པར་གྲགས་པའི«མོན་ལྷའི་གསོལ་མཆོད»དུ་རྨ་ལུང་སུམ་བརྒྱ་དྲུག་ཅུ་ཞེས་གསལ་ཡང་། ཡུལ་མི་རང་བཞིན་པའི་སྐད་དུ་སྨར་ཡོང་སྟེ། སྨར་ཁམས་ནས་ཡོང་བའི་མི་སྡེ་ཚན་པོ་ཆེ་ཞིག་ཡིན་གཤིས་དེ་ལྟར་ཐོགས་ཞེས་གྲགས་པ་ནི་དཔྱད་པར་བྱ་བའི་གནས་སོ། །ཡང་སྔར་གྱི་ཆོས་འབྱུང་དང་བཀའ་གཏན་རྣམས་སུ་དམར་ཡོན་ཞེས་གསལ་བས། སྤྱི་སྒོས་གང་ལ་གཞིགས་ཀྱང་ཕྱི་མ་འདི་ཉིད་ཁུངས་བཙུན་པར་མངོན། ད་ལྟའི་སྲིད་འཛིན་སྡེ་ཚན་དུ་བགོས་པའི་ཡོས་ཆགས་ཤང་ནི་ལུང་ལག་ཆེན་པོ་གསུམ་གྱིས་གྲུབ་ཡོད་དེ། རྒྱས་དང་། ལིང་དང་། སྤོད་བཅས་སོ། །རྒྱས་ལིང་སྤོད་གསུམ་ནི། བརྡ་མི་རྒན་པོ་རྣམས་ཀྱིས་ཐོག་མར་སྦྱར་བའི་བརྡ་རུ་སྣང་། ལུང་ལག་གསུམ་པོ་དེར་འབའ་རོམ་བཀའ་བརྒྱུད་དང་། སྔ་འགྱུར་རྙིང་མ། རི་བོ་དགེ་ལྡན་པ་བཅས་ཀྱི་ཆོས་རྒྱུད་གྲུབ་མཐའི་ཁ་འཛིན་གཙོ་བོ་བྱེད། རྒྱས་ཀྱི་ལུང་ཆེན་དེ་ཉིད་ལ་ཕྱིས་ནས་དགེ་ལྡན་རུ་བ་ཞེས་གྲགས་ཏེ། དགེ་ལྡན་པའི་གདན་ས་ཆེན་མོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་འབུལ་སྡུད་མི་སེར་གྱི་འབྲོག་སྡེ་ཡིན་པས་སོ། །ལུང་ཚན་དེའི་སྟོབས་ཤུགས་དང་དབང་ཐང་ཇེ་ཆེར་རྒྱས་པས། ལུང་པ་སྤྱི་ལའང་དམར་ཡོན་དགེ་ལྡན་རུ་བ་ཞེས་སྤྱི་མིང་དང་སྒོས་མིང་ལྷན་དུ་བསྡེབས་ཏེ་སྤྱད་པར་སྣང་།
       དམར་དགེ་རུ་བའི་ནུབ་བྱང་དུ་ཐང་ལྷ་ཡར་བཞུ་དང་། བྱང་ཕྱོགས་སུ་བསམ་གཏན་གང་བཟང་། ལྷོ་ནུབ་ཏུ་སྤོད་ལྷ་མོ་ནམ་སོགས་རི་ཆེན་རྣམས་ཀྱིས་བཙན་ས་འཛིན་ཞིང་རི་ཕྲན་རྣམས་ཀྱིས་མཐའ་ནས་བསྐོར་ཡོད། དེ་ལས་སྤོད་ལྷ་མོ་ནམ་དེ་ཉིད་ཡུལ་འདིའི་ཡུལ་ལྷ་གཉན་པོར་གཙིས་ཏེ་མནངས་ཆེར་བྱེད། སྤོད་ལྷ་ཞེས་པ་ཐོག་མར་སྦྱར་བའི་བརྡ་རུ་སྣང་སྟེ། ཆུ་ལ་སྤོད་ཆུ་དང་ཀླུང་ལ་སྤོད་གཞུང་ཞེས་ད་ལྟའང་ཡུལ་མིའི་ངག་གི་དྲོད་ལས་མ་ཡལ་པར་སྤྱད་དང་སྤྱོད་མུས་སུ་སྣང་མོད། སྤོ་དའམ་སྤོད་ཏ་ལྟ་བུ་ནི་སྤོད་ལྷ་ཞེས་པའི་སྒྲ་ཟུར་ཆག་པ་ཡིན་ལས་ཆེ། མོ་ནམ་དང་མོན་ལྷ་སོགས་དག་ཆའི་ཁྱད་པར་ཅུང་ཟད་འབྱུང་ཡང་། གདགས་གཞི་ནི་སྤོད་ལྷར་སྣང་བས། སྤོད་ལྷ་ནི་ཐོག་མར་སྦྱར་བའི་བརྡ་དང་། མོ་ནམ་དང་མོན་ལྷ་སོགས་ནི་ཕྱིས་ནས་དཔྱོད་པའི་ཐ་སྙད་དུ་སྣང་།
       ལྷ་དང་རྒྱལ། ཇོ་བོ་དང་ཇོ་མོ་སོགས་ནི། བོད་ཀྱི་གདོད་མའི་རིག་གནས་རྗེས་ཤུལ་གསལ་བྱེད་ཀྱི་བརྡ་ཆད་ཁྱད་པར་ཅན་འགའ་ཡིན་ཏེ། དེ་དག་རི་ལ་འཇུག་པ་དང་མི་ལ་འཇུག་པ། གཉིས་ཀར་འཇུག་པ་བཅས་ཁག་དང་རྣམ་པ་གསུམ་ཙམ་ལས། རི་ལ་འཇུག་སྐབས་རི་ཕྲན་རྣམས་ཀྱི་གཙོ་བོ་དང་། མི་ལ་འཇུག་སྐབས་མི་མང་གི་གཙོ་བོ་སྟོན་པ་དང་། མི་ཆེན་དང་རི་ཆེན་གཉིས་ཀའི་དོད་དུ་འཇུག་པ་བཅས་སོ། །དང་པོའི་དཔེ་ལ། ཡར་ལྷ་ཤམ་པོ་དང་། ཐང་ལྷ་ཡར་བཞུར། དྭགས་ལྷ་སྒམ་པོ་ལྟ་བུ་སྲིད་པའི་ལྷ་དགུ་སོགས་དང་།
 སྐབས་སུ་བབ་པའི་སྤོད་ལྷ་མོ་ནམ་ལྟ་བུའང་དེར་གཏོགས་པ་ཡིན། གཉིས་པའི་དཔེ་ལ། ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་ལྷ་བླ་མ་ཡེ་ཤེས་འོད་ལྟ་བུ་དང་། གསུམ་པའི་དཔེ་ལ། སྲིད་པའི་ལྷ་དགུ་སྟེ། འོ་དེ་གུང་རྒྱལ་གྱི་སྲས་རྣམས་སོ། །དོན་ལ། རི་དང་ཡུལ་ལྷའི་མིང་གི་ཟུར་དུ་ལྷ་དང་རྒྱལ་དང་ཇོ་བོ་དང་ཇོ་མོ་སོགས་ཡོད་ཚེ།ཡུལ་ཕྱོགས་དེར་གདོད་ནས་རྒྱལ་ཁབ་གོང་གི་མགོ་པའི(Chiefdoms,酋邦)ལམ་ལུགས་ཏེ། ཁྲག་རྒྱུད་འབྲེལ་བ་རྨང་གཞིར་བྱས་པའི་སྒྲིག་འཛུགས་ཀྱི་རྣམ་པ་བྱུང་ཟིན་པ་དང་། མགོ་པ་རང་ཉིད་ལ་ཆོས་དབང་དང་སྲིད་དབང་གཉིས་ཀའི་སྟངས་འཛིན་གྱི་དབང་ཆ་ལྡན་ཞིང་། རང་གི་དབང་རིས་སུ་མི་གྲངས5000ནས20000ཙམ་ཡོད་པ། སྤྱི་ཚོགས་ཀྱི་གྲལ་རིམ་རྣམ་པའང་རིམ་བཞིན་དོད་པ། དེ་བཞིན་ཐུན་མོང་གི་བསམ་པའི་འདུ་ཤེས་དང་། གཅིག་སྡུད་རང་བཞིན་གྱི་ཡུལ་ལྷའི་དད་མོས་སོགས། མདོར་ན། མིའི་རིགས་ཀྱི་ཤེས་རིག་གི་དཀྱོགས་མཚམས་གལ་ཆེན་དུ་གྱུར་ཡོད་པ་ཡིན། རི་ཆེན་དང་མི་ཆེན་གཉིས་གཅིག་ཏུ་འཁྲུལ་པའི་རྣམ་གཞག་ཀྱང་། ཕ་མེས་དང་པོ་གནམ་གྱི་ལྷ་ལས་དོག་གི་ས་ལ་བྱོན་པ་དང་། ཐོག་མར་ཡང་རི་ཕྲན་རྣམས་ཀྱི་གཙོ་བོ་དང་ཆུ་ཆེན་རྣམས་ཀྱི་མགོ་བོ་རུ་གྲགས་པའི་རི་རབ་ཀྱི་རྩེར་བྱོན་ཏེ་སྣོད་དང་བཅུད་ལ་དབང་སྒྱུར་མཛད་ཅིང་། མཐར་ཡང་རི་མཐོ་ས་བཙན་ནས་དགུང་དུ་གཤེགས་པའི་ཆོ་ག་སྟེ། མདོར་དྲིལ་ན། གནམ་གྱི་དད་མོས་ནས་བྱུང་བ་ཡིན། གནམ་ས་གཉིས་ཀྱི་འབྲེལ་ཐག་དང་། ལྷ་མི་གཉིས་ཀྱི་དམུ་ཐག་ལྟ་བུར་གྱུར་པའི་རི་རབ་ལྷུན་པོ་ནི་མེས་པོ་དང་པོ་ཚོའི་ལོག་མལ་ཏེ། སྤུར་གྱི་བང་སོ་དང་། མདད་ཀྱི་ཆོ་ག་གཏོང་སའང་དེ་ལ་བྱས་པས། རི་བོ་གཉན་པོ་རྣམས་ཀྱང་ཡུལ་གྱི་ལྷ་དང་། གཞིས་ཀྱི་བདག་ཏུ་བཀུར་བ་ནི། དོན་ལ་རང་གི་ཕ་མེས་དང་པོའམ་སྤྱི་མི་ཐོག་མ་ལ་དད་གུས་ཡི་རངས་བྱེད་པའི་རྣམ་འགྱུར་བཟང་པོ་ཞིག་ཡིན་པ་ལས། འཇིག་རྟེན་པའི་རྨོངས་དད་ཀྱི་བགྱི་བ་ཙམ་པོ་བ་ཞིག་ག་ལ་ཡིན་ཏེ། གཞར་ཡང་མ་ཡིན་ནོ། །
       ད་ནི་དཀྱུས་ལ་གཞུག་པར་བྱ། ཉི་མ་དྲོ་ལ་བབ་པའི་སྐབས་སུ། ངེད་ཅག་ཡོས་ཆགས་ཤང་དུ་འབྱོར། ལས་སྒོ་འདིའི་ཞལ་ཏ་པ་རྣམས་ཀྱི་བཀོད་སྒྲིག་ལྟར་དཀར་གཙང་དར་ཡུག་གིས་སྒོ་ཁ་ནས་བསུས། དཀར་དམར་ཟས་བཅུད་ཀྱི་ལོངས་སྤྱོད་བསྟབས། ཤང་སྲིད་གཞུང་དང་ཕྱོགས་ཉེ་བ་ཤར་ལྷོ་སྤོད་ཆུའི་འགྲམ་གྱི་སྤང་ཐང་མིག་ལྟས་གསལ་ས་ཞིག་ནས་ཡུལ་དང་ལུང་པའི་ཆགས་དབྱིབས་གནས་སྟངས་མིག་ཡིད་ཀྱི་ཡུལ་དུ་བསྟན། གླུ་ཡི་ལམ་ནས་རི་བཤད་ས་བཤད་ཀྱང་བསྡུས་པ་བྱས། སྲོལ་རྒྱུན་གྱི་ས་དཔྱད་གནམ་དབྱིབས་ལྟར་ན། ཤང་སྲིད་གཞུང་གི་ས་དཔྱད་ནི་ཤར་རྒྱ་སྟག་ཁྲ་བོ་སྟེ། ལམ་ཆེན་ཤར་དུ་སྐྱ་ལམ་མེར་ཡོད་པ་དང་། ལྷོ་གཡུ་འབྲུག་སྔོན་མོ་སྟེ། སྤོད་ཆུ་སྔོན་མོ་ལྷོ་ནས་རྒྱུ་བ་དང་། ནུབ་བྱ་དམར་མོ་སྟེ། གཙམ་གྱི་ཡུལ་དམར་ནུབ་ཀྱི་ཕྱོགས་སུ་ཡོད་པ་དང་། བྱང་རུས་སྦལ་སྐྱ་བོ་སྟེ། བྱང་ཕྱོགས་རོག་མོའི་ཕུ་ནས་ཧར་པོ་སོགས་ཀྱི་བྲག་རི་སྐྱ་ཁྲོམ་མེར་དཔུང་གདང་ཤིག་ཤིག་ཏུ་ཡོད་པ་སོགས་ས་དཔྱད་ལེགས་པ་དང་། ཕྱོགས་བཞིའི་ལུང་ཆེན་དང་ལུང་ལག་རྣམས་སུ་རི་ཆེན་དང་རི་ཕྲན་རྣམས་ཀྱི་རྩེ་མོའི་གཟེངས་མཐོ། སྐེད་པའི་གཏོས་ཆེ། རྩ་བའི་དབྱེས་ཆེ་བ་ཡིན་པས། རང་བཞིན་ཉིད་ནས་གནམ་དབྱིབས་ལེགས་པར་མཐོང་ངོ་། །
ཉིན་གཉིས་པ། བོད་ཟླ་དྲུག་པའི་ཚེས་བཅུ་དང་སྤྱི་ཟླ་བརྒྱད་པའི་ཚེས་བཞི། གཟའ་ཟླ་བ།
       ཞོགས་པའི་ཆུ་ཚོད་བཅུ་པ་ཙམ་ལ་ཡོས་ཆགས་ཤང་གི་བྱང་རྒྱུད་རོག་མོ་ཞེས་པའི་ལུང་དུ་བསྐྱོད་པ་ཡིན། རོག་མོའི་ཕུ་ལ་ཧར་པོ་དང་སྲང་སེར་ཞེས་པའི་ལུང་ལག་གཉིས་ཀྱི་འདུས་མདོ་ནས། དམིགས་འབེན་བྱང་ཤར་ཧར་པོའི་ཕྱོགས་ལ་གཏད། ཧར་པོ་ཞེས་པ་རྒྱང་ནས་བལྟས་ཚེ་བྲག་ཕྲོམ་སྐྱ་ཁྲོམ་ཁྲོམ་ཧར་གྱིས་བྱེ་བ་ལྟ་བུ་ཞིག་ཡོད་པས་མིང་ལའང་དེ་ལྟར་ཐོགས་སམ་སྙམ། ཀླུང་རྒྱ་ཆེ་ལ་རྩྭ་ཆུ་འཛོམས་པས། བྱང་འབྲོག་གི་དགེ་ཡོངས་སུ་ཚང་། དབྱར་མཚེར་ཐར་རེ་ཐོར་རེ་ལ་ནོར་ནག་ཚོམ་བུ་ཚོམ་བུ་བྱས་ཏེ་རི་ཀླུང་སྒང་གསུམ་དུ་གྲམ་འདུག་པར་བལྟས་ཚེ། བརྒྱ་ནོར་མེད་པའི་ཁྱིམ་དུད་ཅིག་ཧ་ལམ་མེད་པ་ལྟར་སྣང་། ལུང་པའི་ཕུ་ཐག་དེ་ཙམ་མི་རིང་ནའང་། ལམ་ལ་ས་རོང་རྡོ་རྩུབ་མང་བས། ཕུ་ཡི་འབྲོག་མཚེར་རྫ་ལྷས་སུ་ཐོན་སྐབས་ཆུ་ཚོད་བཅུ་གཉིས་ཟིན་ལ་ཉེ། འབྲོག་པ་རྣམས་ཀྱང་ཡར་དྲུས་ལྷས་ལ་བསྡུས་ཏེ་ནོར་དྲོ་སྐོར་བའི་སྐབས་དང་ཁེལ། ཡར་དྲུས་ཞེས་པ་ཡར་མ་དང་དྲུས་མའི་ཚིག་སྡུད་དང་། ནོར་དྲོ་ཞེས་པ་དབྱར་དུས་རྩྭ་ཆུ་འཛོམས་སྐབས། འབྲོག་པ་རྣམས་ཀྱིས་ཉིན་ཞག་ཕྲུགས་གཅིག་ལ་འོ་མ་ཐེངས་གསུམ་འཇོ་བ་ལས། འཇོ་ཐེངས་བར་པ་སྟེ། ཉིན་གུང་གི་སྐབས་སུ་འཇོ་བ་ལ་དེ་ལྟར་བྱའོ། །རྫ་ལྷས་ནས་རྐང་ཐང་དུ་ཕྲན་ཙམ་བསྐྱོད་ན། གནའ་ལྷས་ཞེས་པའི་ས་དམིགས་ཁྱད་པར་ཅན་དེའི་ཁ་གཏད་དུ་ཕ་བོང་ཆེན་པོ་འབྲོང་རྒོད་རྫ་ལ་ཆས་འདྲ་ཞིག་ཀྲོང་ངེར་འགྱིང་ཡོད་པ་དེ་ལ། ཡུལ་མིའི་ངག་ཏུ་ཕ་བོང་ཀླུ་ཚོགས་ཞེས་ཀླུ་རྣམས་ཀྱི་འདུ་ར་ཡིན་པར་བཤད་ཅིང་། ང་ཚོའང་ཕ་བོང་དེ་ལ་གཟས་ནས་ཡོང་བ་ཡིན་པས། ཚང་མ་ཅི་ཞིག་འཐོབ་འདོད་ལྟར་བང་འགྲན་པའི་ཚུལ་གྱིས་ཕྱོགས་དེར་བསྐྱོད་པ་ཡིན།
ཕ་བོང་ཀླུ་ཚོགས།
       ཕ་བོང་ཀླུ་ཚོགས་ནི་གོ་ལའི་འཕྲེད་ཐིག30°42’5དང་། གཞུང་ཐིག91°46’11ལ་ཁེལ། རྒྱ་མཚོའི་མཐོ་ཚད་ལ་རྨིད5049ཙམ་ཡོད་པར་སྣང་། ཕ་བོང་གི་ཤར་ངོས་སུ་གནའ་བོའི་བྲག་རིས་ཀྱི་ཚོགས་ཆེན་པོ་ཞིག་ཡོད་པ་དེ་ནི་ཡུལ་འདིར་རྡོ་ཆས་དུས་སྐབས་སུ་མིའི་རིགས་ཀྱི་རྗེས་ཤུལ་རྙེད་དུ་ཡོད་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཁུངས་བཙུན་དུ་གྱུར་ཡོད་སྙམ། ངེད་ཅག་ཆེད་ལས་མ་ཡིན་པ་རྣམས་ཀྱི་མཐོང་ལམ་དུ། བྲག་ལ་དབྱིབས་དང་གཟུགས་བརྙན་ཐ་དད་དུ་བྱས་པའི་རི་མོ་ཉི་ཤུ་ནས་སུམ་ཅུའི་བར་དུ་སྣང་བྱུང་། དེ་ལས་ཚོད་དཔག་གིས་ངོས་གཟུང་དུ་རུང་བ་ལ། མིའམ་ལྷའི་གྲངས་གསུམ་ཙམ་དང་། ཁྱིའམ་སྤྱང་ངམ་ཝ་ཡི་གྲངས་ལྔ་ཙམ་དང་། འབྲོང་ངམ་གཡག་གི་གྲངས་གསུམ་ཙམ་དང་། གནའ་གཡག་ཡིན་ངེས་པ་གསུམ་ཙམ་དང་། རྟ་ཡིན་ངེས་པ་ལྔ་ཙམ་དང་། སྡོམ་མམ་རྐང་ལག་བརྒྱད་ལྡན་གྱི་ས་འབུ་གཅིག་དང་། ར་སྐོར་རམ་རྩྭ་རྩི་ཅི་ཆ་མ་ངེས་པ་གདུང་མ་ལྟ་བུའི་འཕྲེད་ཐིག་གཅིག་ལ་ལྕམ་ལྟ་བུའི་གཞུང་ཐིག་བཅུ་ཡིས་བསྔས་ནས་བསྡད་པ་གཉིས་བཅས་སོ། །
       གལ་ཏེ་རི་མོ་སྤྱི་ལ་སྡེ་ཚན་གྱིས་རྣམ་པར་དབྱེ་དགོས་ཚེ། སྡེ་ཚན་ཆེན་མོ་བཞི་ཙམ་སྣང་སྟེ། གཡོན་གཞོགས་ཀྱི་བྲག་ཐེམ་ལྟ་བུར་ལྷ་འདྲེ་གང་རུང་ངམ། བོན་པོའམ(འདིར་རྒྱའི་སྐད་ཀྱི“巫”ཞེས་པའི་སྐད་དོད་ལ་གོ)བོན་མོ(འདིར་རྒྱའི་སྐད་ཀྱི“觋”ཞེས་པའི་སྐད་དོད་ལ་གོ)གང་རུང་ཡིན་ངེས་པའི་གཟུགས་བརྙན་ལྟོས་ཆེ་ཤོས་དེ་ཉིད་གཅིག་པུ་ལོགས་སུ་བྲིས་ཡོད་པ་དང་། གཡས་གཞོགས་སུ་མི་གཉིས་ལག་གདངས་སྦྲེལ་ཏེ་འབྲོང་ངམ་གཡག་ཅིག་འདེད་པའམ་བསྐོར་ནས་བསྡད་པའི་གཟུགས་བརྙན་གྱི་ཚོམས་ལ་མཐའ་སྣེ་མི་འཆོལ་པའི་ཐིག་གིས་བཅུད་ཡོད་པ་དང་། དེའི་གཡས་གཞོགས་སུ་ཁྱི་སྤྱང་རྟ་དང་། འབྲོང་གི་གཟུགས་བརྙན། དེ་བཞིན་གོང་དུ་བཤད་པའི་ར་སྐོར་རམ་རྩྭ་རྩི་ཅི་ཆ་མ་ངེས་པ་དེ་གཉིས་བཅས་ལའང་མཐའ་སྣེ་མི་འཆོལ་བ་སྣེ་ཐིག་གི་རྒྱ་བཏབ་ཡོད་པ་བཅས་དང་། ལྷག་མ་རྣམས་དེ་གཉིས་ཀྱི་གོང་དུ་ཐར་རེ་ཐོར་རེའི་རྣམ་པར་ཡོད་པ་ལ་གཞིགས་ན། བདག་ཏུ་བཟུང་དང་མ་བཟུང་། ཡང་ན་དབང་རིས་ཀྱི་ཁྱབ་ཚད། དེ་མིན་ན་སྔ་ཕྱིའི་རྣམ་དབྱེ་སོགས་མཚོན་པར་སྣང་ཡང་བརྟག་པའི་གཞི་ལས་མ་འདས།  
       འཛམ་གླིང་ལོ་རྒྱུས་ཁུངས་མ་རྣམས་ཀྱི་འཆད་སྒྲོས་ལྟར་ན། མིའི་རིགས་ཀྱི་སྒྱུ་རྩལ་གྱི་ས་བོན་དུ་གྱུར་པའི་བྲག་རིས་ཐོག་མ་ནི། ལོ་ངོ་ཁྲི་ཚོ་བཅུ་ཡི་གོང་རོལ་ཙམ་ལ་ལྷོ་ཨ་ཧྥེ་རི་ཁ་ནས་རྙེད་དུ་ཟིན་ཀྱང་། ལོ་ངོ་ཁྲི་ལྔ་ཡི་གོང་དུ། ཅི་ཇི་སུ་གང་ངོས་གཟུང་དུ་ཡོད་པའི་སྣང་བརྙན་ཞིག་ཕལ་ཆེར་རྙེད་མེད། ལོ་ངོ་ཁྲི་བཞིའི་གཡས་གཡོན་ཙམ་ལ། ད་གཟོད་མིའི་ལག་རིས་དང་། སྲོག་ཆགས་བཞི་བརྒྱ་ལྔ་བཅུ་ཙམ་གྱི་གཟུགས་བརྙན་བྲག་ལ་བྲིས་པའི་དཔང་རྟགས་ནུབ་ཕྱོགས་སི་ཕན་དང་། ཤར་ཕྱོགས་ཧིན་རྡུ་ཉེ་ཤི་ཡའི་རིག་གནས་རྗེས་ཤུལ་ལས་རྙེད་ཡོད་པར་མ་ཟད། ལོ་ངོ་ཁྲི་གཉིས་ཙམ་གྱི་ཡར་སྔོན་དུ། འཛམ་གླིང་ཡུལ་ཕྱོགས་གང་སར་བྲག་རིས་སྒྱུ་རྩལ་གྱི་རྣམ་གྲངས་རྒྱ་ཆེར་དར་ཏོ། །
ཕ་བོང་ཀླུ་ཚོགས་བྲག་རིས།
       སྤྱིར་བྲག་རིས་ལ་བརྐོས་ནས་བྱུང་བ་དང་བྲིས་ནས་བྱུང་བ་གཉིས་ལས། ཧར་པོའི་བྲག་རིས་ནི་ཕྱི་མར་གཏོགས་ཤིང་། འབྲི་རྫས་སུའང་གཙག་དམར་པོ་སྤྱད་པར་སྣང་། ཕ་བོང་ཀླུ་ཚོགས་ཀྱི་ཉེ་འཁོར་དུ་བྲག་དམར་དང་ས་དམར་ཕལ་ཆེར་མཐོང་དུ་མེད་པས། འབྲི་རྫས་ཀྱང་མ་གཞི་ནས་གནའ་མི་ཚོའི་ལུས་ལ་ཐོགས་ནས་ཡོད་པ་རྗེས་སུ་དཔོག་ནུས་སྙམ། རྒྱུ་མཚན་དེའི་ཕྱིར། རི་མོ་དེ་དག་ཀྱང་འགྲོ་ཞོར་འདུག་ཞོར་ལ་བྱུང་རྒྱལ་དུ་བཀོད་པ་ཞིག་མ་ཡིན་པར། གནའ་མི་ཚོའི་དགའ་སྐྱོ་ཆགས་སྡང་ངམ། དབང་རིས་དང་ཐོབ་ཐང་ངམ། ས་མཚམས་ཆུ་མཚམས་སམ། དད་པ་དག་སྣང་ངམ། འཚོ་བའི་དཀོར་ནོར་སོགས་གོ་ཐང་ལྡན་པའི་དངོས་པོ་རྣམས་དཔང་རྟགས་སམ། བརྗེད་ཐོའམ། སྨོན་སྐུལ་ལྟ་བུའི་ཚུལ་དུ་བརྡ་རྟགས་ཀྱི་རྣམ་པ་ཅན་དུ་གསར་རྩོམ་བྱས་ཡོད་པའང་ཤུགས་ལ་རྟོགས་འོང་བས། དོན་སྙིང་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་དོ། །
       ཕྱོགས་གཞན་ཞིག་ནས་བསམས་ན། གནའ་བོའི་བྲག་རིས་དེ་དག་ཀྱང་ཡི་གེ་མ་དར་བའི་ཡར་སྔོན་ཏེ། ལོ་རྒྱུས་སྔོན་གྱི་ཡིག་ཚང་རྨ་མེད་པ་ཞིག་ཡིན་གཤིས། དེ་དག་ཉམས་སུ་མྱོང་བ་ནི། དོན་ལ་གནའ་མིའི་སྐྱིད་སྡུག་ལ་དྲན་པ་ཉེ་བར་འཇོག་པ་མ་ཡིན་ནམ། བྲག་དང་རྡོ་ནི། གནའ་མི་ཚོའི་སྐྱིད་སྡུག་གསལ་བྱེད་ཀྱི་མེ་ལོང་དུ་གྱུར་ཡོད་པས། ས་བར་ཆུ་མཚམས་སུ་རྡོ་ཡི་མཐོ་བཙུགས། བྲག་སྐྱིབས་དང་བྲག་ཕུག་ཁྱིམ་དུ་བཅོལ། རྡོ་ལ་རྣོ་བཏོན་ལག་ཆར་བཀོལ། ཆགས་སྡང་གི་རི་མོ་རྡོ་ལ་བྲིས། བང་སོ་དང་དུར་ཁང་རྡོ་ཡིས་བསྐོར་བས། མིའི་རིགས་ཀྱི་ཤེས་རིག་གི་ལམ་ཚད་ཀྱང་རྡོ་ཆས་གསར་རྙིང་ནས་དབུ་བརྩམས་པ་མ་ཡིན་ནམ།
       བོད་ཀྱི་ཡུལ་འདི་ཐོན་སྐྱེད་ངལ་རྩོལ་ལམ། ས་བབ་གནས་སྟངས་ཀྱིས་ལྷོ་བྱང་གཉིས་སུ་འབྱེད་པ་ཡིན། གཏམ་རྙིང་པ་དག་ལས་ཀྱང་། སྤྲེའུ་དང་བྲག་སྲིན་གྱི་རྒྱུད་པ་རྣམས་ས་བབ་མཐོ་ཞིང་གྲང་ངད་ཆེ་བའི་བྱང་ཕྱོགས་ནས་རིམ་གྱིས་ལྷོ་ཕྱོགས་ནགས་མ་ཚལ་དུ་སྐྱས་སྤོས་ཏེ། ཞིང་ལས་ཐོན་སྐྱེད་དོན་དུ་གཉེར་ཚུལ་བརྗོད་ཡོད། དོན་ལ། བོད་དུ་བྱུང་བའི་རྡོ་ཆས་རྙིང་མའི་རྗེས་ཤུལ་ཁག་ཀྱང་། བྱང་ཐང་གནམ་སའི་འབྲེལ་མཚམས་ནས་མ་གཏོགས་ལྷོ་ཕྱོགས་ནས་རྙེད་པའི་སྐལ་བ་ཕྲ། གདོད་མའི་བྲག་རིས་ཁག་གིས་ཀྱང་བྱང་ནས་བྱང་དུ་ཡོད་པའི་འཚོལ་འགྲོ་རྔོན་རྒྱག་པ་རྣམས་རིམ་གྱིས་འབྲོག་ལས་ཐོན་སྐྱེད་ལ་བསྐྱོད་ཡོད་པའི་ལོ་རྒྱུས་ཀྱི་གསང་བ་གབ་པ་མངོན་དུ་ཕྱུང་ཡོད་ལ། ལྷོ་ནས་ལྷོ་རུ་བསྐྱོད་པ་རྣམས་ཀྱིས་རྫ་ཆས་སྣོད་དུ་བཀོལ་ཏེ་འབྲས་དྲུག་གསོག་འཇོག་བྱས། སྐྱིད་སྡུག་གི་རི་མོའང་རིམ་གྱིས་རྫ་ལ་འབྲི་བའི་སྲོལ་དེ་བྱུང་ཡོད་པར་སྣང་ངོ་། །
ཕ་བོང་ཀླུ་ཚོགས་བྲག་རིས།
       དཔྱོད་འཇུག་པའི་དཔྱད་འབྲས་ལ་གཞིགས་ན། བྲག་རིས་ཁག་ལས་སེམས་ཅན་གྱི་སྣང་བརྙན་ཧྲིལ་གྱིས་མཚོན་པ་དང་ཕྱོགས་ཙམ་མཚོན་པ་གཉིས་ལས། ཧྲིལ་གྱིས་མཚོན་པ་ནི་ཇི་བཞིན་བཀོད་པས(写实)དུས་ཀྱི་ཆ་ནས་སྔ་བ་དང་། ཕྱོགས་ཙམ་མཚོན་པ་ནི་རིམ་གྱིས་བརྡ་དོན་ཅན་ནམ་དོན་སྤྱིའི(概念化/抽象化)རྣམ་པ་ལ་འཕོ་འགྱུར་བྱུང་བར་མངོན་པས། དུས་ཀྱི་ཆ་ནས་ཕྱིས་པ་ཡིན་ཞེའོ། །དེ་ལྟར་ན། ཧར་པོའི་བྲག་རིས་ནི་སྔ་མར་གཏོགས་པས། དུས་ཀྱི་ཆ་ནས་ཀྱང་སྔ་བ་ཡིན་ནོ། །
       ཧར་པོ་ནས་བྲག་རིས་དེ་དག་ལ་བརྟེན་ཏེ་གནའ་མི་ཚོའི་རེ་དོགས་བློའི་ཡུལ་དུ་བྱས་ཡོད་སྙམ་ཡང་།
  ཁོང་ཅག་གིས་འདོད་པ་དང་ངེད་ཅག་གིས་བསམ་པ་གཉིས་གཞི་གཅིག་ཏུ་འབབ་མིན་སུ་ཡིས་ཤེས་སམ། བདག་གིས་བྲག་རིས་དེ་དག་པར་དུ་བླངས་ཏེ་སླར་ཡང་གཏམ་རྒྱུད་ཅིག་གི་དབུ་ཁྱུད་འདི་ལྟར་བརྩམས་པ་ཡིན་མོད། བདག་ཀྱང་གནའ་མི་ཚོའི་བཀའི་ཕོ་ཉ་མིན་པས། ཀློག་མཁན་ཁྱོད་ཀྱིས་ས་ཡུལ་དངོས་ལ་བཅར་ཏེ་ཉམས་སུ་མྱང་རྒྱུའི་འདུན་པ་ཆེ་ཨང་།
       ཧར་པོའི་མདའ་རུ་རྫ་ལྷས་ནས་འབྲོག་པ་རྒད་པོ་ཞིག་གིས་མཐིང་སྨུག་སྦྲ་ནག་གི་ནང་དུ་འབྱོན་དགོས་ཞེས་བོས་པ་ལྟར། ངེད་ཅག་སྦྲ་ཡི་ཕུག་ཏུ་ཕྱིན། གཏམ་དང་སྐད་ཆ་སྣ་ཚོགས་བྱས། སོག་རུ་ཀརྨ་ཀུན་ཁྱབ་ལགས་ཀྱིས་སྦྲ་ནག་གི་རིག་གནས་ལོ་རྒྱུས་བསྡུས་པ་ཞིག་ཀྱང་མཚམས་སྦྱོར་མཛད། ད་ར་ཐོན་དར་ཏེ། འོ་མ་དཀྲོགས་ནས་མར་བཏོན་མ་ཐག་པའི་ད་ར་གསར་པ་བཏུངས། རོག་མོའི་ཕུ་ནས་ཕྱིར་མདོ་ལ་ཡོང་སྐབས། ཁོ་བོའི་འདུག་སའི་རླངས་འཁོར་ནི་ལམ་སྣེ་འཁྲིད་མཁན་ལྟར་ཐོག་མར་འགྲོ་མཁན་དུ་གྱུར་ལ། ཁ་ལོ་བས་ཅུང་ཟད་མགྱོགས་སྟབས་ཀྱིས་བསྐྱོད་པས། ཧར་པོ་དང་སྲང་སེར་གཉིས་ཀྱི་འདུས་མདོ། ཁ་ནུ་སྐེ་ཞེས་པའི་འབྲོག་མཚེར་དུ་ཡོད་པའི་བྲག་རིས་རྣམས་ཉིན་དེར་ལྟ་སྐལ་མ་བྱུང་།
       རོག་མོའི་མདའ་རྡོ་སྙི་གྲོང་ཚོར་འབྱོར་སྐབས། ལས་སྒོ་འདིའི་ཞལ་ཏ་པ་རྣམས་ཀྱི་ངག་བཀོད་དམ། ཡུལ་མི་རྣམས་ཀྱི་རང་མོས་གང་ཡིན་མ་ཤེས་ཀྱང་། ངེད་ཅག་ལ་བསང་དང་དར། ཕྱེ་མར་དང་མཆོད་ཆང་གིས་སྒོ་ཁ་ནས་བཀྲ་ཤིས་པའི་བསུ་མ་རྒྱ་ཆེར་གནང་བྱུང་བས། ཤིན་ཏུ་ངོ་ནོངས་ཤིང་ཁ་སྐྱེངས་དགོས་པ་ཞིག་བྱུང་། རྡོ་སྙི་གྲོང་གི་རྒས་པོ་དགུང་ལོ་དོན་བདུན་ལ་ཕེབས་པ་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་སྣེ་ཁྲིད་དེ། གཞོན་སྐྱེས་ཕོ་མོ་བཅའ་བཅུ་ཞིག་གིས་དམར་ཡོན་དཔོན་རབས་གཉིས་ཀྱིས་གསར་དུ་བཏོད་པའི་གླུ་བྲོ་གནའ་ཉམས་ཅན་ཞིག་ངེད་ཅག་གི་ལྟད་མོར་བསྟན་བྱུང་ལ། རྒས་པོ་དགུང་ལོ་གྱ་གཉིས་ལ་ཕེབས་པ། དཔྲལ་རུ་གྲགས་པ་དཀོན་མཆོག་གིས་གནའི་དུས་སུ་བྱང་ལ་ཚྭ་པ་ཐེངས་དགུ་ཕྱིན་པའི་ལོ་རྒྱུས་བསྡུས་པ་ཞིག་དང་། བྱེ་བྲག་ཏུ་ཚྭ་ལམ་དང་ཚྭ་སྐད། ཚྭ་པའི་སྒྲིག་སྲོལ་སོགས་ཀྱི་སྐོར་བསྡུས་ཙམ་ཞིག་ངོ་སྤྲོད་བྱས་པས། རྒད་པོ་ཚོའི་འདས་དོན་ལ་རྨི་ལམ་ལྟ་བུའི་བག་ཆགས་སད་སུད་ཅིག་བཞག་གོ །
ཉིན་གསུམ་པ། བོད་ཟླ་དྲུག་པའི་ཚེས་བཅུ་གཅིག་དང་སྤྱི་ཟླ་བརྒྱད་པའི་ཚེས་ལྔ། གཟའ་མིག་དམར།
       ཞོགས་པ་སྔ་པོར་ཆུ་ཚོད་གཉིས་ཙམ་སྔ་བསྣུར་གྱིས་ལྗོངས་དེའི་རིག་པ་སྨྲ་བ་འཇམ་སེང་གྲོགས་སུ་བསྡོངས་ནས། སླར་ཡང་རོག་མོའི་ཕུ་དང་ཧར་པོའི་མདའ་སྟེ། ཁ་ནུ་སྐེ་རུ་ཡོད་པའི་བྲག་རིས་དེ་དག་ཞིབ་ཏུ་བལྟ་བར་ཕྱིན་པ་ཡིན། ཁ་ནུ་སྐེ་ཞེས་པ་འབྲོག་མཚེར་གནས་སའི་མིང་དང་། ནུབ་ཏུ་ཡོད་པའི་རི་བོ་ལ་ཁ་ནུ་ཞེས་བྱ། རི་བོ་དེའི་མར་གཤམ་ལ་ཕ་བོང་སྤང་ལ་ཟུག་འདྲ་ཞིག་ཁ་ནུབ་ཏུ་གཏད་པའི་ངོས་སུ་གཙག་གིས་བྲིས་པའི་བྲག་རིས་ཚོམ་བུ་ཞིག་གསལ་ལེར་མིག་ཏུ་ཤར་ཡོང་། དེ་དག་ཉི་ལེན་དང་ཆར་ལེན་ཆེ་སར་ཁེལ་ཡོད་སྟབས། ཧར་པོའི་བྲག་རིས་ལ་བལྟོས་ན་ལྡབ་ཀྱིས་རབ་རིབ་ཏུ་གྱུར་འདུག རྗེས་དཔག་དང་བསམ་ཚོད་ཀྱིས་ངོས་གཟུང་དུ་ཡོད་པ་ནི། ཉི་མ་ལྟ་བུ་གསུམ་དང་། གཡུང་དྲུང་གཡོན་འཁྱིལ་གཅིག འབྲོང་ལྟ་བུའི་སེམས་ཅན་གཅིག མི་ལ་རྟ་ཆིབས་པ་ལྟ་བུ་གཅིག མི་འགྲེང་བ་ལྟ་བུ་གཅིག གསལ་པོར་མ་ངེས་པ་དུ་མ་སྣང་།
 ཕལ་ཆེར་ཆུ་ཚོད་ཕྱེད་ཙམ་ཞིག་ལ་ཟུར་མི་འདྲ་བ་དང་ཕྱོགས་མི་གཅིག་པ་ནས་ཡང་ཡང་བལྟས་པ་ཡིན། ཧར་པོའི་བྲག་རིས་དང་བསྡུར་ན། ཁ་ནུ་སྐེར་ཡོད་པའི་བྲག་རིས་ཁག་ཅུང་ཟད་རྟོག་བཏགས་དང་བློ་བཟོའི་རྣམ་པ་ཅན་ཞིག་མངོན་རྒྱུ་ཡོད་པ་ནི། གཡུང་དྲུང་གི་རི་མོ་ལྟ་བུ་ཡིན་ནམ་སྙམ། རྒྱུ་མཚན་དེ་ལ་གཞིགས་ན། ཕྱི་མའི་བྲག་རིས་དུས་ཀྱི་ཆ་ནས་ཅུང་ཟད་འཕྱིས་པ་ཡིན། གཡུང་དྲུང་གི་རིས་འདི་འཛམ་གླིང་རང་བཞིན་གྱི་བརྡ་རྟགས་ཤིག་ཏུ་གྱུར་ཡོད་ཚུལ་ཕྱི་ནང་གི་དཔྱད་འབྲས་ཁག་ནས་རྒྱ་ཆེར་འབྱུང་བས། འདིར་བསྐྱར་དུ་བཟློ་བའི་དགོས་པ་མ་མཆིས་ཀྱང་། ཕྲན་གྱི་རྣམ་པར་རྟོག་པར་ལྟར་ན། གཡུང་དྲུང་གཡས་འཁྱིལ་གཡོན་འཁྱིལ་གང་ལྟར་ནའང་། དེ་ནི་བོད་ཀྱི་གདོད་མའི་མི་རྣམས་ཀྱི་སྲིད་པ་འཇིག་རྟེན་གྱི་ལྟ་བའམ(རྒྱའི་སྐད་ལྟར་ན“宇宙观”ཞེས་པའི་དོད་ཡིན)སྣོད་ཀྱི་འཇིག་རྟེན་མཚོན་བྱེད་ཀྱི་བརྡ་རྟགས་ཁྱད་པར་ཅན་ཞིག་ཡིན་ཏེ། གནའི་བརྡ་ལྟར་ན། དེ་ནི“ཆུ་སྲིད”གཉིས་ཀྱི་མཚོན་རྟགས་ཏེ། སྒྲ་ཡངས་འཇུག་དབང་དུ་བྱས་ན། སྣོད་ཀྱི་འཇིག་རྟེན་ཧྲིལ་པོ་དང་། སྒྲ་དོག་འཇུག་དབང་དུ་བྱས་ན། ཆུ་སྲིད་གཉིས་ནི་ཕྲེད་གཞུང་དུ་རི་ཆུ་གཉིས་ཏེ། སྡོམ་རྟགས་ཀྱིས་ཆུ་བོ་མཚོན་ལ། མཐའ་སྣེ་སོ་སོའི་འཕྲེད་ཐིག་གིས་རི་བོ་མཚོན་པས། དྲིལ་ན། རི་མཚམས་ཆུ་མཚམས་ཏེ། ཡུལ་གྱི་དབང་རིས་མཚོན་པ་ཡིན་གཤིས། ཆབ་སྲིད་ཅེས་པའི་བརྡའང་དེ་ནས་བྱུང་། ཡིག་ཚང་རྙིང་པ་རྣམས་སུའང་། “ཆབ་སྲིད་ཆུར་ནྀ་བསྲིངས། ཞེང་དུ་ནྀ་བསྐྱེད་བསྐྱེད་ན”ཞེས་དང་། “ཆོས་བཟང་སྲྀད་མཐོ”ཞེས་དང་། “ཆབ་སྲིད་གནམ་བས་མཐོ། དབུ་རྨོག་རི་བས་བརྩན”ཞེས་དང་། “ཆབ་སྲིད་གཡུང་དྲུང་བཞིན་དུ་བརྟན”ཞེས་དང་། ཕྱིར་མི་ལྡོག་པའི་དཔའ་བོ་ལ“དཔའ་བོ་ཆུ་གང”ཞེས་པ་སོགས་མང་ངོ་། །
       ཕ་བོང་ཀླུ་ཚོགས་དང་ཁ་ནུ་སྐེའི་བྲག་རིས་ནི། བྱང་གི་གནམ་མཚོ་བཀྲ་ཤིས་དོའི་རིག་གནས་ཀྱི་ཚོམས་སུ་འདུ་བའི་ཚུལ་ནི། སྒྱུ་རྩལ་གྱི་རྣམ་པ་དང་ཁྱད་ཆོས་སོགས་ཀྱིས་ལེགས་པར་རྟོགས་ནུས་པ་ཡིན་མོད། དུས་ཀྱི་རིམ་དབྱེའི་དབང་དུ་བྱས་ན། སངས་རྒྱས་ཀྱི་ཆོས་བོད་ལ་མ་དར་པའི་ཡར་སྔོན་ཏེ། བརྒྱ་ལོ་བདུན་པའི་ཡན་ལ་ཡིན་གཤིས། བཀྲ་ཤིས་དོའི་སྔ་དུས་ཀྱི་རི་མོའི་གནས་སྐབས་དང་ཕལ་ཆེར་མཚུངས་པ་ཡིན།
ཁ་ནུ་སྐེའི་བྲག་རིས།
       དེ་ལྟར་བྲག་རིས་ཁག་ལ་ཞིབ་ལྟ་བྱས་ཏེ་ཕྱིར་ལྡོག་པའི་ཚེ། དྲན་པའི་ཡོལ་བའི་ངོས་སུ། “འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ། ཤ་བ་ཕོ་མོ་ནི་བ་གླང་དུ་བཏུལ། རྒོ་བ་ཕོ་མོ་ལུག་ཏུ་བཏུལ། གླ་བ་ཕོ་མོ་ནི་རར་བཏུལ། རྐྱང་ཕོ་མོ་ནི་རྟར་བཏུལ། སྤྱང་ཀི་ཕོ་མོ་ནི་ཁྱིར་བཏུལ”པའི་གཏམ་རྒྱུད་ཅིག་གི་སྣང་བརྙན་གསལ་ལེར་ཤར་བྱུང་ལ། གནའ་མི་ཚོས་ཇི་ལྟར་དཀའ་བ་དང་དུ་བླངས་ལྕི་བ་ཕྲག་ཏུ་ཁུར་ནས་རང་བྱུང་ཁམས་དང་ཉེ་བར་བཅར་ཚུལ་གྱི་ལོ་རྒྱུས་ལ་རྟོག་བཏགས་སྣ་ཚོགས་བྱས།
       ཕྱིར་འཁོར་རྗེས་འཆར་ཅན་ལྟར་སྤོད་ཆུའི་རྒྱུག་ཕྱོགས་དང་ལྡོག་སྟེ། སྤོད་ཀྱི་ལུང་པའི་ཕུ་རུ་ལིང་ལ་ཞེས་པའི་ལ་མཚམས་བར་དུ་བསྐྱོད། ལམ་བར་ནས་དགེ་ལྡིང་ཞེས་པའི་ལུང་པར་ཡོད་པའི་ཤྭ་བ་མགོ་ཆེན་ཞེས་པ་བྲག་རི་དཀར་ལ་བོང་ཆེ་བ་ཞིག་མིག་རྒྱང་གིས་བཟོད་ས་ཞིག་ནས་གནས་བཤད་བྱས་པའི་གཏམ་ལ་རྣ་བ་བླགས། བྲག་དཀར་པོའི་རི་རྒྱུད་ཤར་ནུབ་རྒྱ་དཀར་ནག་གི་བར་ལ་ཟུག་ཅེས་ཡུལ་དེའི་རྒན་རབས་ཚོས་ངོ་མཚར་བ་བྱེད། དེ་འདྲ་བའི་གཏམ་མདོ་སྟོད་ཕྱོགས་ཀྱི་རི་ཆུའི་བཤད་པ་ལས་མང་དུ་འབྱུང་ངོ་། །
གཞན་ཡང་མི་ཆེན་ཁྱི་དང་། ཟངས་སྣའི་ཁྱུང་གི་སྣ་ཁྲག་སོགས་འདྲ་བ་རྒྱུ་མཚན་དུ་བྱས་པའི་རི་ཆུའི་གཏམ་རྒྱུད་མང་དུ་ཐོས། ཤྭ་བ་དང་། ཁྱི། ཁྱུང་སོགས་དང་འབྲེལ་བའི་ཡུལ་མིང་སྐོར་གཤམ་ནས་ཀྱང་སྤྲོ་བར་བྱའོ། །སྤོད་ཕུར་ལིང་ལའི་གཤམ་དུ་ཚ་ཕོག་སྟབས་བདེ་ཞིག་བརྒྱབ། དབྱར་མཚེར་དུ་ཡོད་པའི་འབྲོག་པ་རྣམས་ཀྱིས་འོ་མ་དང་ད་རའི་སྐོམ་པ་བླུད་པས་སྣང་བ་རྒྱས། སྤོད་ཕུ་ནས་སླར་ལྡོག་སྟེ། དམིགས་པའི་གཏད་སོ་གཞུ་ཆུང་སྒང་དུ་ཡོད་པའི་བཀའ་འགྱུར་ལྷ་ཁང་དུ་བསྐྱོད་པ་ཡིན། བཀའ་འགྱུར་ལྷ་ཁང་གི་ཐོག་མའི་གནས་གཞིས་ལིང་གི་ལུང་པར་ཡིན་པར་གྲགས་ཀྱང་། དུས་རབས་གོང་མའི་ནང་དུ་འཁྲུལ་ཞིག་རིན་པོ་ཆེ(1915-1988)ཞེས་ཡུལ་ལུང་དེའི་མགོན་སྐྱབས་སུ་འཛིན་པའི་སྐྱེས་ཆེན་དེས་ཕྱོགས་དེར་སྤོས་པར་གྲགས། ཉིན་དེར་གཞུ་ཆུང་སྒང་གི་རབ་བྱུང་ངུར་སྨྲིག་ཅན་དང་། གོས་དཀར་ལྕང་ལོ་ཅན། མི་སྐྱ་བོད་ལྭ་ཅན་བརྒྱ་ཕྲག་གཅིག་ཙམ་གྱིས་མཐའ་ནས་བསྐོར་བ་དང་སྔུན་ནས་བསུ་བ་སོགས་ཆིབས་བསུའི་རྣམ་པ་ཤིན་ཏུ་རྒྱས་དྲགས་པས། ཁོ་བོ་མི་ཆུང་བློ་ཆུང་ཤིན་ཏུ་སྐྱེངས་པས་གོམ་པའི་གདེང་འཇོག་གི་གོ་རིམ་འཛོལ་བ་ལྟར་རྟབ་རྟབ་པོར་གབ་པའི་ཚུལ་གྱིས་གུར་མོ་ཆེ་དེར་མི་འཛུལ་ཀ་མེད་བྱུང་། ཐོག་མར་རྒྱས་ལིང་སྤོད་གསུམ་སོ་སོར་བཀའ་འགྱུར་ལྷ་ཁང་རེ་ཡོད་མྱོང་ཡང་། ད་ཆ་སྤོད་ཀྱི་བཀའ་འགྱུར་ལྷ་ཁང་ཉམས་གསོ་གང་ལེགས་བྱུང་ཡོད་པ་ཕུད། ལིང་དུ་བཀའ་འགྱུར་གྲོང་ཚོ་རུ་ལྷ་ཁང་གི་ཤུལ་ཙམ་ལས་མཇལ་དུ་མེད། རྒྱས་ཀྱི་སྟོད་དུ་ལྷ་ཁང་ཉམས་གསོའི་སྟ་གོན་ལེགས་པར་བྱས་འདུག་ཀྱང་། ཡོངས་སུ་འགྲུབ་པར་དཀའ་བའི་གནས་སུ་གྱུར་འདུག བཀའ་འགྱུར་ལྷ་ཁང་ཞེས་མིང་གི་ཐོགས་དོན་ཡང་། ལྷ་ཁང་སོ་སོར་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཚར་གཅིག་བཞུགས་པ་དེ་ཉིད་ལོ་རེའི་དུས་ཚིགས་ངེས་ཅན་ལ་ཀློག་འདོན་བྱེད་པའི་སྲོལ་ལས་བྱུང་བར་གྲགས།
       ཉིན་དེར། བཀའ་འགྱུར་ལྷ་ཁང་གི་ཐུན་མོང་མ་ཡིན་པའི་རིག་གནས་སྲོལ་རྒྱུན་ཏེ། གཅོད་འཆམ་ཞེས་པ་དཔའ་བོ་དང་མཁའ་འགྲོའི་རྟགས་སུ་སྔགས་པ་ཕོ་མོ་བརྒྱད་ཅུ་ལས་གྲུབ་པ། ཕྱག་གཡས་ཐབས་སྙིང་རྗེ་ཆེན་མོའི་མཚོན་བྱེད་དུ་ཌ་མ་རུ་དང་ཕྱག་གཡོན་ཤེས་རབ་སྟོང་ཉིད་ཆེན་མོའི་མཚོན་བྱེད་དུ་དྲིལ་བུ་བསྣམས་པ། དབུ་ཞྭ་མཁའ་འགྲོའི་ཕྱག་མཚན་མཚོན་བྱེད་དུ་མཁའ་འགྲོའི་གྲི་གུག་དང་། སྐུ་སྟོད་ངུར་སྨྲིག་སྐུ་སྨད་དཀར་པོའི་ཆས། ཆོས་ཉིད་མི་འགྱུར་མཚོན་བྱེད་ཤམ་ཐབས་སྔོན་པོའི་མཐའ་རྒྱན་གྱི་ཆ་བྱད་ཡིན་པ། རིག་འཛིན་འཇིགས་མེད་གླིང་པས་མཛད་པའི«གཅོད་ཡུལ་མཁའ་འགྲོའི་གད་རྒྱངས»ཀྱི་དགོངས་པ་ལྟར། དབུས་ཕྱོགས་ལྷུན་པོའི་རྩེ་ཡི་མཐའ་བཞིར་ཞི་རྒྱས་དབང་དྲག་གམ། གླིང་བཞིའི་མཚོན་རྟགས་སུ། ཤར་ཕྱོགས་ཟླུམ་པོ་ལྷོ་ཕྱོགས་ཟུར་གསུམ་དང་། ནུབ་ཕྱོགས་ཟླ་གམ་བྱང་ཕྱོགས་གྲུ་བཞིའི་རི་མོ་བཀོད་ཡོད་ཅིང་།
 གླིང་བཞི་དང་དབུས་ཀྱི་བྱིན་ཆགས་སོ་སོར་སྔགས་པ་ཕོ་མོ་བཅུ་དྲུག་རེ་ཡོད་པ། སྟངས་སྟབས་ལ་རྡོ་རྗེའི་གར་ཞེས་རྡོ་རྗེ་རྒྱ་གྲམ་གྱི་ཞབས་རྗེས་ལྟར་རིམ་བགྲོད་བྱེད་པ། དཀྱིལ་དུ་བྱིན་ཆགས་ཞེས་འཆམ་སྣེ་དཔའ་བོ་དང་མཁའ་འགྲོ་རྣམས་གཞི་གཅིག་ཏུ་འདུ་སའི་བྲོ་ར་ཡོད་པ་ཤིན་ཏུ་བརྗིད་ཅིང་བྱིན་ཆེ་བའི་ཆ་ལུགས་དེར་ངོ་མཚར་བར་གྱུར། གཅོད་འཆམ་གྱི་དབུ་མ་བརྩམས་པའི་གོང་ལ། ཌ་མ་རུ་རིམ་ཅན་གྱིས་རྩེ་གཅིག རིམ་གཉིས། སྐུ་གསུམ། གདེང་བཞི། རིགས་ལྔ། ཕྱིན་དྲུག ཉག་གཅིག་བཅས་ཐར་ཆགས་སུ་བསྐྲོགས་རྗེས་ད་གཟོད་རྡོ་རྗེའི་རྒྱ་གྲམ་གྱི་གར་སྟབས་དང་བཅས་ཏེ་འཆམ་པ་ཞིག་ཡིན།
       གཅོད་ཀྱི་ལུགས་འདི་མ་ཅིག་ལབ་ཀྱི་སྒྲོན་མེས་གསར་དུ་བཏོད་པའི་བོད་ཆོས་ཤིག་ཡིན་པ་རྣམ་ཐར་ལས་འབྱུང་སྟེ། “བདུད་བཞི་རང་སར་གཅོད་པའི་ཉམས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མྱོང་ཆོས་ཤིན་ཏུ་ཟབ་པ་མ་ཅིག་གིས་མཛད་པའི་གཅོད་ཀྱི«བཀའ་ཚོམ་ཆེན་མོ» «ཡང་ཚོམ་ཆེན་མོ» «ཉིང་ཚོམ་ལེའུ་ལག» «གནད་ཐེམས» «ཁོང་རྒོལ»གསང་བ་བརྡ་ཆོས་ལ«བཟླ་སྐོར་གསུམ» «གཞི་ལམ་དུ་སློང་བ» «ཁྱད་པར་གྱི་གདམས་ངག་དང་བཅུ»རྒྱ་གར་དུ་བསྐུར་བས། རྒྱ་གར་བ་ཐམས་ཅད་ཆོས་ལ་ཡིད་ཆེས་ནས་ཐམས་ཅད་ཀྱིས་ཉམས་སུ་བླངས་ཏེ། བོད་ཆོས་རྒྱ་ལ་དར་བར་བྱས་སོ”ཞེས་འབྱུང་། གཅོད་འཆམ་པའི་ཞྭ་གོས་གྱོན་པ་རྣམས་དང་། གདངས་དབྱངས་ཚིག་གསུམ་བོད་ཀྱི་ལུགས་ལྟར་གར་གྱི་སྟངས་སྟབས་སུ་བསྒྱུར་བའི་སྒྱུ་རྩལ་གྱི་རྣམ་གྲངས་འདི་འདྲར“བོད་ཆོས”ཞེས་སྨོས་ཀྱང་ཐལ་མི་ཆེ་བའི་ཚད་དུ་ཟད།
       གཅོད་འཆམ་དཔའ་བོ་དང་མཁའ་འགྲོའི་གད་རྒྱངས་ལ་ཞིབ་ཏུ་བལྟས་རྗེས་སླར་ཡང་གུར་མོ་ཆེ་རུ་ལྡོག་སྟེ། ཡུལ་དེའི་རྒན་རབས་ཤེས་ཅན་ཚོ་དང་བླ་བོ་བྱས། ཀུན་གྱིས་ངོ་མཚར་དུ་བྱེད་པའི་ས་རྡོ་ཡན་ཆོད་ལ་བཤད་པ་མཛད་ཅིང་། དེ་དང་འདི་སོགས་ལོ་རྒྱུས་ཀྱི་དེབ་ཐེར་དུ་འགོད་རོགས་ཞེས་ངེད་ཅག་འཁྱོག་པོའི་གཏམ་གྱིས་རྩོམ་རིག་ཏུ་གྲགས་པའི་མིང་ཆེན་དེ་ལ་རེ་སྙེག་བྱེད་མཁན་ཚོར་ནན་གྱིས་བསྐུལ་བར་བསམས་ན། ཡུལ་དེའི་མི་རྣམས་ཕ་མེས་ཀྱི་གནའ་གཏམ་ལ་དྲང་པོའི་སྤྱན་གྱིས་ལྟ་བའི་མི་རབས་མཐའ་མ་དེ་ཡིན་པ་ཞེ་ནས་གོ་ཡོང་ལ། དུས་ཀྱི་ཡོ་ལང་ཁྲོད་དུ་མི་རབས་གསར་པ་ཚོར་ལོ་རྒྱུས་ཀྱི་དྲན་པ་ཅི་ཞིག་གཞག་རྒྱུར་བྲེལ་རྟབ་ཚབ་ཚུབ་ཀྱིས་རྟག་འགྲུས་བྱེད་བཞིན་པའི་ཚུགས་ཀར་ཤིན་ཏུ་སྙིང་ཉེ་བར་གྱུར་ཏོ། །
       དྲོ་ལྟོའི་རྗེས་སུ། མདུང་བྲོ་ཞེས་པ། གླུ་བྲོ་གཏམ་གསུམ་ལས་འདུས་པའི་སྒྱུ་རྩལ་གྱི་འཁྲབ་སྟོན་ཞིག་ཀྱང་ཀུན་གྱི་གཟིགས་མོར་བསྟན། ངག་སྒྲོས་ལྟར་ན། གླིང་གི་ཕུ་ནུས་ལྷོ་མོན་ཕྱོགས་ཀྱི་ནག་པོའི་ལས་བྱེད་ཤིང་ཁྲི་འཁོར་བཅས་ཆམ་ལ་ཕབ་རྗེས། ཆོས་ལུ་དར་འཕེན་ཡུལ་དེར་གཞིས་ཆགས་ཏེ། རིམ་གྱིས་མདུང་བྲོ་བརྡུང་བའི་སྲོལ་དེ་བྱུང་བར་གྲགས། མདུང་བྲོ་དེ་ཉིད་སེར་སྐྱ་ཕོ་མོ་ལྔ་བཅུ་ལྷག་གིས་མདུང་དང་ཕུབ་ཁྱེར་ཏེ་འཁྲབ་སྟོན་བྱེད་པའི་རྣམ་པ་ཞིག་ཡིན་མོད། དུས་ནམ་ལ་ཚུལ་ཇི་ལྟ་བུའི་སྒོ་ནས་ཐོག་མར་ཡུལ་དེར་དར་ཚུལ་ངེས་པ་མ་རྙེད། མདའ་གྲི་མདུང་གསུམ་ལུས་ལ་ཐོགས་ཏེ་གཡུལ་ནང་དུ་འཐབ་པ་ནི་འཚོ་བའི་དགོས་མཁོ་ཡིན་གྱི། སྒྱུ་རྩལ་དང་མཛེས་ཚོར་གྱི་དགོས་མཁོ་མ་ཡིན་ཀྱང་། གཡུལ་ལས་རྣམ་པར་རྒྱལ་རྗེས། དྲག་ཆས་ཀྱི་རྣམ་པའི་ཐོག་ནས་རྒྱལ་ཁའི་ཉིན་མོ་ལ་དགའ་སྟོན་བྱེད་པ་ནི། སྒྱུ་རྩལ་དང་མཛེས་རྟོག་གི་ཕྱོགས་ལ་མངོན་པར་ཕྱོགས་པ་ཡིན་པས། མིའི་རིགས་ཀྱི་རིག་གནས་བྱེད་སྒོ་ཕལ་ཆེར་ཚུལ་དེ་ལྟར་བྱུང་བ་ཡིན་ནམ་སྙམ་པའི་རྣམ་རྟོག་སྐྱེས།
       དེ་ལྟར་གཞུ་ཆུང་སྒང་དུ་ཉིན་ཕྱེད་ཀྱི་དུས་ཚོད་བསྐྱལ་རྗེས་རིམ་གྱིས་དཀར་ལྡེམ་དགོན་དུ་བསྐྱོད་པ་ཡིན། དགོན་གྱི་དབུ་བླའི་གསུང་ལྟར་ན་དཀར་ལྡེམ་དགོན་པ་ནི་དུས་རབས་བཅུ་བཞི་ཙམ་ལ་འགྲོ་མགོན་དུང་མཚོ་རས་པས་ཐོག་མར་ཕྱག་བཏབ་པར་གྲགས་ཤིང་། འབའ་རོམ་བཀའ་བརྒྱུད་ཡིན། དགོན་པ་དེ་ཉིད་ངང་སེར་ཞེས་པའི་བྲག་དཀར་ཚོམ་བུའི་དབུས་ཀྱི་རི་ལྡེབས་སུ་ཆགས་ཡོད་ལ། ལྷོ་ནུབ་ཀྱི་ཕྱོགས་སུ་ཡུལ་གྱི་སྤྱི་ལྷ་སྤོད་ལྷ་མོ་ནམ་གྱི་ཟེ་བ་མཁའ་ཡི་སྤྲིན་རུམ་དུ་ཟུག་པའི་རྣམ་པ་སྙིང་དུ་སྡུག་པ་ཞིག་མིག་ལམ་དུ་ཤར་འོང་བ་ནི། ཡུལ་ལྷ་གཉན་པོ་རྣམས་ཀྱང་ལྷ་མི་གཉིས་ཀྱི་ཕོ་ཉའི་ཚུལ་དུ་གནམ་སའི་འབྲེལ་མཚམས་སུ་གཟི་བྱིན་དང་སྒམ་བརླིང་ཆེན་པོས་ཀྲོང་ངེར་འགྱིང་བའི་སྣང་བརྙན་གསོན་པོ་དེ་མ་ཡིན་ནམ། དེ་བས་གཞན་དུ། དཀར་ལྡེམ་དགོན་དུ་སྤོད་ལྷ་མོ་ནམ་གྱི་སྐུ་བརྙན་བྲིས་པའི་ཐང་ག་ཞིག་ཀྱང་མཇལ་སྐལ་བྱུང་། དེ་ནི་གདོད་མའི་ཆོས་ལུགས་ལས་རང་བྱུང་ཁམས་ཀྱི་དངོས་པོ་བླར་འདུ་ཤེས་པ་ནས་རིམ་གྱིས་ཆོས་ལུགས་མི་གཤིས་ཅན་ལ་འཕེལ་འགྱུར་བྱུང་བའི་རྟགས་ཟང་མར་མཐོང་།
རྐྱང་རྡོ་བོང་ནག་པོའི་བྲག་རིས།
       ཉི་མ་ནུབ་ལ་ཉེ་བའི་མཚམས་སུ། ཕྲན་དང་ཆོས་གྲགས་ཞེས་པ་ཡུལ་དེའི་གཞོན་ནུ་ཞིག་གྲོགས་སུ་བསྡོངས་ཏེ། སྤོད་ཆུའི་སྲིབ་ཕྱོགས་རྐྱང་ཞེས་པའི་ལུང་ལག་ཅིག་ཏུ་ཡོད་པའི་གནའ་བོའི་བྲག་རིས་ལ་རྟོག་དཔྱོད་བྱ་བར་བསྐྱོད་པ་ཡིན། ལུང་པའི་ཕུ་ཐག་ཅུང་རིང་ལ། འགྲིམ་འགྲུལ་དེ་ཙམ་མི་བདེ་བས། སྦག་སྦག་བཞོན་ཏེ་མི་འགྲོ་ཀ་མེད་བྱུང་། རྐྱང་ལུང་གི་ཕུ་རྐྱང་བྲག་ནག་ཅེས་པ་ཇོ་བོ་མོ་ནམ་དང་རི་རྒྱུད་གཅིག་ཏུ་ཡོད་པ་དེའི་གཤམ་དང་། རྐྱང་ཕུ་ལ་བྲག་ལུང་གོང་འོག་བར་གསུམ་ཡོད་པ་ལས། བྲག་ལུང་གོང་མའི་སྟོད་ཙམ་ལ། ཡུལ་དེའི་ངག་སྒྲོས་སུ་རྡོ་ཕོང་ནག་པོ་ཞེས་པ་རྡོ་ཕ་བོང་ནག་པོ་བ་གམ་ཅན་གྱི་ཁང་བརྩེགས་ལྟ་བུ་དཀྱིལ་ནས་ཕྱོགས་གཉིས་སུ་གས་པ། གས་སྲུབས་ཕུག་པ་ལྟར་ཡོད་པ། ཕུག་སྒོ་ཤར་ནུབ་གཉིས་སུ་ཡོད་པའི་རྒྱ་ཁྱོན་ལ། ཤར་གྱི་སྒོ་ལ་རྨིད་3.55ཙམ་དང་། ནུབ་ཀྱི་སྒོ་ལ་རྨིད4.47ཙམ་དང་། ལྷོ་ངོས་ཀྱི་རིང་ཚད་ལ་རྨིད18.7ཙམ་དང་། བྱང་ངོས་ཀྱི་རིང་ཚད་ལ་རྨིད11.89ཙམ་སྟེ། གཏན་ཚིགས་མ་ངེས་པའི་དབྱིབས་མཉམ་འགྲོ་མཐའ་བཞི་མ་ལྟར་འདུག བྲག་རིས་འབྲི་བྱེད་ཀྱི་རྫས་ལ་གཙག་དམར་ནག་གཉིས་ཀ་སྤྱད་པ་ལྟར་སྣང་ཡང་།
 དོན་ལ་ནག་པོ་པད་གདན་དབྱིབས་ཅན་ཞིག་ཡོད་པ་ཕུད། གཞན་རྣམས་ཕལ་ཆེར་དམར་པོའི་མདོག་ཏུ་ཡོད་དོ། །བརྗོད་བྱའི་ནང་དོན་འདི་ཡིན་སྙམ་པ་ལ། མཆོད་རྟེན་གྱི་གཟུགས་བརྙན་གསུམ་དང་། རྟ་ལ་མི་ཆིབས་པ་ལྟ་བུའི་གཟུགས་བརྙན་གཅིག་དང་། ཀ་སྡེའི་ཡི་གེ་བཞི་པོ་ཚར་གཅིག་དང་། ཁྱི་གུ་རྔ་མ་རྒྱབ་ཏུ་འཁུར་བ་གཅིག་དང་། མ་ཎི་ཚར་གཉིས་དང་། ཨོཾ་ཡིག་གླང་ཆེན་འགྱིང་བ་ལྟ་བུ་ཚར་གཅིག་དང་། ཨོཾ་མ་ཎ་ཞེས་མ་ཎི་ཆ་མ་ཚང་པའི་ཡིག་ཆུང་ཚར་གཅིག མི་གཟུགས་ཕོ་མཚན་ཅན་གཏོས་ཆེ་བ་གཅིག་ལ་ཕོ་བའི་སྟོད་སྨད་ལ་དབུ་ཅན་དང་དབུ་མེད་གང་ཡིན་ངོས་གཟུང་དཀའ་བའི་ཡི་གེ་ཐར་ཐོར་བྲིས་པ་གཅིག་བཅས་སོ། །དེ་ལས་མཆོད་རྟེན་གྱི་རི་མོ་ཁྱད་པར་ཅན་གཉིས་སྔ་ཕྱིར་ཁ་པར་གྱིས་བླངས་པའི་པར་རིས་དང་། མིས་བཟོས་རིག་ནུས(AI)ཀྱིས་བསྐྱར་འགོད་བྱས་པའི་སྣང་བརྙན་ལྷན་དུ་བསྡེབས་ཏེ་ཀུན་གྱི་དཔྱོད་རྟེན་དུ་ཕུལ་ཡོད་པ་གཤམ་གསལ་ལྟར་ཡིན།
རྐྱང་རྡོ་བོང་ནག་པོའི་བྲག་རིས།
       རྐྱང་ལུང་དུ་ཡོད་པའི་བྲག་རིས་ཀྱི་ཚོགས་ནི། སྤུ་རྒྱལ་བཙན་པོའི་སྔ་གཞུག་ཏུ་བྱུང་བའི་བྲག་རིས་ཡིན་པ་ཤིན་ཏུ་རྟོགས་སླ་བ་ནི། མཆོད་རྟེན་དང་ཡི་གེ་སོགས་ཀྱིས་གསལ་བར་ཤེས་ནུས་པ་ཡིན། དེ་བས་སྣ་མང་གཅིག་སྡུད་རང་བཞིན་གྱི་མཆོད་རྟེན་རི་མོ་ནི། གནམ་མཚོའི་བཀྲ་ཤིས་དོ་ནས་བྱུང་ཚུལ་གནའ་དཔྱོད་མཁས་པའི་དཔྱད་འབྲས་སུ་གསལ་ལ། དེ་དག་ཀྱང་བཙན་པོའི་རྒྱལ་རབས་རྗེས་སམ་སངས་རྒྱས་ཀྱི་ཆོས་བོད་དུ་དར་བའི་རྗེས་སུ་བྱུང་ཚུལ་གསལ་བར་སྤྲོས་ཡོད། གནམ་མཚོའི་བཀྲ་ཤིས་དོ་ཡི་བྲག་རིས་ལ་དུས་རིམ་གྱི་དབང་དུ་བྱས་ན་གཅོད་མཚམས་ཆེན་པོ་གསུམ་དུ་ངེས་ཏེ། དུས་རིམ་དང་པོ་ནི་རྡོ་ཆས་དུས་སྐབས་ཀྱི་གནའ་བོའི་བྲག་རིས་དང་། དུས་རིམ་གཉིས་པ་ནི་སྲིད་པའི་བོན་གྱི་རིག་གནས་དུས་སྐབས་ཀྱི་བྲག་རིས་དང་། དུས་རིམ་གསུམ་པ་ནི་སངས་རྒྱས་ཀྱི་ཆོས་བོད་ལ་དར་བའི་རྗེས་ཀྱི་བྲག་རིས་བཅས་སོ། །སྔ་མའི་དཔེ་ལ་ཤྭ་རྐྱང་འབྲོང་སོགས་རི་དྭགས་ཀྱི་རི་མོ་དང་། བར་མའི་དཔེ་ལ་གཡུང་དྲུང་དང་ཉི་ཟླ་གཟའ་སྐར། བོན་པོ་བོན་མོའི་རི་མོ་དང་། ཕྱི་མའི་དཔེ་ལ་ཡི་གེ་དང་མཆོད་རྟེན་སོགས་ཡིན་པ་ནི་ཕྱི་ནང་མཁས་པའི་དཔྱད་འབྲས་ལས་རྟོགས་ནུས་པ་ཡིན། རྒྱུ་མཚན་དེ་ལ་གཞིགས་ན། དམར་དགེ་རུ་བའི་བྲག་རིས་ཁག་ཀྱང་གནམ་མཚོའི་རིག་གནས་ཀྱི་སྡེ་ཚན་དུ་གཏོགས་པ་གང་ཞིག དུས་རིམ་ཡང་རྣམ་པ་གསུམ་དུ་དབྱེ་རུང་སྟེ། ཧར་པོའི་བྲག་རིས་དང་པོར་གཏོགས་པ་དང་། ཁ་ནུ་སྐེའི་བྲག་རིས་གཉིས་པར་གཏོགས་པ་དང་། རྐྱང་ལུང་གི་བྲག་རིས་གསུམ་པར་གཏོགས་སོ། །
       ང་ཚོ་རྐྱང་ལུང་ནས་ལྡོག་དུས་ཉི་མ་ལ་རྒྱབ་ཏུ་བཞུད་སོང་། མཐོ་དམའ་མི་གཅིག་པའི་རི་ཚོགས་ཀྱི་གྲིབ་སོ་སླར་ཡང་མདུན་གྱི་རི་ཚོགས་སུ་འཕོས་འདུག ཉི་མ་འཆར་ནུབ་བྱེད་ཐེངས་རེ་རེར། གདགས་སྲིབ་གཉིས་ཀྱིས་ཕན་ཚུན་པང་དུ་ལེན་རེས་བྱེད་པར་བསམས་ན། འཇིག་རྟེན་པས་རྣམ་པར་བཞག་པའི་དཀར་ནག་ཀྱང་ཅི་འདྲའི་འཁྲུན་ཆོད་པར་དཀའ་བ་ཞིག་མ་ཡིན་ནམ། རྐྱང་ལུང་གི་རི་ཕུག་ནས། ཁ་དཀར་རྐྱང་གི་རྨིག་རྗེས་མ་མཐོང་། རྐྱང་ཕོ་མོ་རྟ་རུ་བཏུལ་ཤུལ་མ་རྙེད། རྐྱང་ལུང་ནི། མི་ཚོགས་ཀྱིས་མཐའ་འཁོབ་ཏུ་བསྐྱུངས་པའི་ཁེར་རྐྱང་གི་འཇིག་རྟེན་ཆུང་ཆུང་ཞིག་སྟེ། གསལ་བྱེད་སུམ་ཅུའི་གྲངས་མི་ཚང་བའི་ཡི་གེ་ཐར་ཐོར་འགའ་དང་། གཟུངས་གཞུག་གི་སྙིང་པོས་སྟོང་པའི་མཆོད་རྟེན་རེ་གཉིས་ཀྱིས་སྲ་ཞིང་འཐས་པའི་རྡོ་བ་ལ། སྣོད་བཅུད་ཀྱི་ཆོས་ཉིད་བསྒྲགས་ནས་མི་ལོ་སྟོང་གཅིག་ཙམ་སོང་ཡང་། མིའི་རིགས་ཀྱིས་སྣང་ལ་མ་ངེས་པར་ལོགས་སུ་འདོར་བཞིན་པའི་ལུང་པ་ཆུང་ཆུང་ཞིག་གོ །
ཉིན་བཞི་པ། བོད་ཟླ་དྲུག་པའི་ཚེས་བཅུ་གཉིས་དང་སྤྱི་ཟླ་བརྒྱད་པའི་ཚེས་དྲུག གཟའ་ལྷག་པ།
       ཞོགས་པ་སྔ་མོར་སྔ་ཉིན་གྱི་བརྒྱུད་ལམ་སྤོད་ཆུའི་རྒྱུག་ཕྱོགས་དང་ལྡོག་སྟེ། སྤོད་ཕུ་ནས་ལིང་ལ་དམར་འབལ་ཞེས་པའི་ལ་ཆུང་བརྒལ་རྗེས་ལིང་གི་ལུང་པར་འབྱོར། ཉིན་དེར་ཨ་བི་ཥའམ། དུག་མེད་དམ། གཡའ་གྲོའམ། དཀར་པོ་ཆིག་ཐུབ་བམ། ལུ་གུ་སྙིང་ངམ། གངས་ཀྱི་སྒོམ་ཆེན་ནམ། བདུད་རྩི་ནད་འཇོམས་སམ། ཨའུ་རྩིའམ། ཀླུ་བདུད་ནག་པོའམ། འོ་མ་འཛིན་པ་སོགས་མིང་གི་རྣམ་གྲངས་སྙན་ལ་མང་བའི་སྨན་རྩ་དེ་ཉིད་རྐོ་བའི་དུས་ལ་བབས་པས། ཡུལ་མི་གཞིས་སྡོད་ཕལ་ཆེར་རྫ་རིའི་པང་དུ་ནོར་ནག་གྲམ་པ་ལྟར་ཚོམ་བུར་བྱས་ནས་དགྱེ་དགུའི་རྣམ་འགྱུར་རྒྱང་རིང་ནས་མཐོང་ཐུབ། ང་རང་བྱིས་པ་མནོ་ཤེས་ལ་མི་ཤེས་པའི་སྐབས་སུ། རི་མགོ་ནས་བྱུང་རྒྱལ་དུ་གཡའ་གྲོ་བརྐོས་ན་གཞི་བདག་ཁྲོས་ཏེ་ཐོག་བརྒྱབ་ནས་འཚེ་བར་བྱེད་ཚུལ་རྒན་རབས་ཚོའི་ངག་ནས་ཐོས་ཀྱང་ཐོས་ལ། ཡུལ་མི་ཀུན་གྱིས་ཤིན་ཏུ་འཛེམ་པ་ཡིན་མོད། ད་ཆ་དཔལ་འབྱོར་མཁོ་སྒྲུབ་ཀྱི་བགྱི་བ་ཁོ་ན་མཆོག་དང་དམ་པར་འཛིན་པའི་དུས་སྐབས་འདིར། གཞི་བདག་གི་ཚོགས་ཀྱང་རེ་ཞིག་ལོ་རྒྱུས་ཀྱི་དེབ་ཐེར་དུ་སྒམ་དཀྱེལ་ཆེན་པོས་བཞུགས་སྡོད་པ་ལས་ཐབས་གཞན་ཅི་ཡོད་ཨང་།
       ལིང་ལའི་རྩེ་མོ་ནས་སྤོད་དང་ལིང་གི་ཡུལ་ལ་རྒྱང་ལྟ་བྱས། གཉན་ཆེན་ཐང་ལྷའི་སྲས་ཕོ་འབྲོག་ཕྲུག་སྣབས་འཛར་ཞིག་ཕྱུར་བ་འགམ་གྱིན་སྟོར་གྱིན་བྱེས་ནས་གཞིས་ལ་ལོག་འགྲོ་བའི་དོན་སྤྱི་ཙམ་ཞིག་བློའི་ཡུལ་དུ་གྱུར། སྤོད་ལྷ་མོ་ནམ་གྱི་རི་རྒྱུད་དུ་དཀར་ཕྲོམ་མེར་ཐོར་བའི་བྲག་རི་དག་ཐང་ལྷའི་སྲས་ཀྱིས་བསྟོར་བའི་ཕྱུར་བ་ཡིན་ཚུལ་ཡུལ་དེའི་མི་རྣམས་ཀྱིས་བཞེད། ལིང་ཕུ་ནས་གླིང་འབྲུག་མོའི་སྦྲ་ཡན་དུ་གྲགས་པའི་རྩིག་རྨང་འགའ་ཡང་མཐོང་ཆོས་སུ་གྱུར། བཀའ་འགྱུར་གྲོང་ཚོ་ཞེས་ཐོགས་པའི་གྲོང་སྡེ་ཆུང་ཆུང་དེ་ནས་ལྷ་ཁང་གི་ཤུལ་ཡང་རྙེད། གཞི་ལ་བསམས་ན། དམར་དགེ་རུ་བ་ནི། འབྲོག་སྦྲ་སྒོ་ཅན་གྱི་རུ་སྡེ་ཞིག་ཡིན་པས། འབྲོག་པ་ཚོར་མཚོན་ན། “གྲོང་པ”དང“གྲོང་ཚོ”ལྟ་བུ་ཡུལ་མི་རང་བཞིན་པའི་སྐད་དུ་མ་གྲུབ་པའི་ཐ་སྙད་གསར་པ་ཞིག་ཡིན་གཤིས། ལྷ་ཁང་དུ་བཞེངས་པའི་ཁང་པ་རེ་རེ་ལ། རྒན་རབས་ཚོས“གྲོང”ཞེས་གསར་དུ་བཏགས་ཏེ་སྙན་པར་སྨྲ་བ་ཡིན་ནོ། །རྒན་པོ་ཤེས་ཅན་ཞིག་གིས་ན་རེ། ལིང་གི་བཀའ་འགྱུར་ལྷ་ཁང་དུ་སྔར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གཅིག་དང་། འབུམ་གསེར་བྲིས་མ་ཚར་གཅིག མཆོད་རྟེན་ཆུང་ཆུང་གཉིས། མནྡལ་གཅིག ཚ་ཁང་གཅིག་བཅས་གསུང་དང་ཐུགས་ཀྱི་རྟེན་དེ་འདྲ་བ་བཞུགས་མྱོང་ཟེར།
       ལིང་གི་ལུང་པ་ནས་ལིང་ཆུ་དང་གོམ་པ་མཉམ་གཤིབ་ཀྱིས་ཐུར་དུ་ཅུང་ཟད་ཕྱོགས་ན། ཡར་ལུང་གཙང་པོའི་ཆུ་ལག་གལ་ཆེན་ཏེ། སྐྱིད་ཆུ་སྔོན་མོའི་ཆུ་མགོ་རུ་གྲགས་པ་སྨྲི་ཏི་གཙང་པོའི་འགྲམ་དུ་འབྱོར་བ་ཡིན། སྨྲི་ཏི་གཙང་པོ་ནི་དབུས་ཁམས་གཉིས་ཀྱི་སའི་ལྟེ་བར་གྲགས་པ་བྱང་སྨྲི་ཏི་ཁ་ཞེས་རི་རབ་ལྷུན་པོ་རྣམས་ཀྱིས་མཐའ་སྣེ་ཡུག་གཅིག་ཏུ་འཁྱུད་པ། སྤང་དང་ན་ཁའི་དབུས་སུ་མཚོ་དང་མཚེའུ་དགུང་གི་སྐར་ཚོགས་ལྟར་བཀྲག་མདངས་ཆེ་བ། ཕྱོགས་བཞིའི་མཐའ་དང་མཚམས་ནི་སྐྱེས་བུའི་ཆུ་བུར་མིག་གིས་མི་བཟོད་པ། གནམ་དབྱིབས་དང་ས་དབྱིབས་ལེགས་པའི་ས་ལྒང་འཛིན་མའི་ཟེ་བ་དེ་ནས་འབབ་བོ། །ལོ་རྒྱུས་ཀྱི་ཡིག་ཚང་རྣམས་སུའང་། དབུ་རུའི་བྱང་སྣེ་དང་སུམ་པ་རུའི་ལྷོ་སྣེ་ཆུ་བོ་དེ་ལ་གཏུག་པ་ཡིན། དེ་ལ་སྟོད་སྨད་བར་གསུམ་ནས་འབོད་པའི་ཐ་སྙད་འགའ་ཞིག་མཆིས་པ་སྔ་ཕྱིར། སྨྲི་ཏི་གཙང་པོ་དང་། གསེབ་རོང་གཙང་པོ། རྭ་སྒྲེང་གཙང་པོ། ཀླུང་ཤོད་གཙང་པོ། སྐྱིད་ཆུ་སྔོན་མོ་བཅས་སོ། །
       ངེད་ཅག་ལིང་གི་མདའ་རུ་ལིང་ཆུ་དང་སྨྲི་ཏི་གཙང་པོའི་འདྲེས་མཚམས་ནས་ཁ་བྱང་དུ་བསྒྱུར་ཏེ་རྒྱས་ཀྱི་ལུང་པར་བསྐྱོད་པ་ཡིན། ཐོག་མར་ཡང་རྒྱས་ཆུ་དང་སྨྲི་ཏི་གཙང་པོའི་འདྲེས་མཚམས་སུ་ཡོད་པའི་རྒྱས་ཀྱི་རིག་གནས་ཁང་ནས་ཉིན་གུང་གི་ཟ་མ་བཟས། ཡུལ་དེའི་ཤེས་ཅན་འགའ་དང་བགྲོ་གླེང་དྲི་སྡུར་ཅུང་ཟད་བྱས། ས་མིང་ཁྱད་པར་ཅན་མང་པོ་ཟིན་དུ་བཀོད། རིམ་གྱིས་རྒྱས་ཆུའི་རྒྱུག་ཕྱོགས་དང་ལྡོག་སྟེ་རྒྱས་གཞུང་དུ་བསྐྱོད། ས་གནད་དང་ཆུ་གནད་ཕལ་ཆེར་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་དམྱལ་ཁམས་བཅོ་བརྒྱད་ལ་སྦྱར་འདུག་པ་དེ་འདྲ། ཕྱིས་སུ་བྱོན་པའི་སྐྱེས་བུའི་བློ་བཟོ་ཡིན་པ་ཤེས་སླ། རྡོ་དབྱིབས་དང་ས་དབྱིབས་ངོ་མཚར་ཅན་མང་དུ་མཐོང་། ཁྱད་པར་དུ། རྒྱས་ཚ་ཁ་ནས་ཆུ་དུ་བ་ཅན་ཏེ། རང་བྱུང་གི་ཚ་ཆུ་ལྷོག་ལྷོག་ཏུ་གདུ་བཞིན་ཁ་རླངས་དུ་བ་ལྟར་དགུང་ལ་ལང་ལིང་གིས་འཕྱོ་བའི་ཆུ་མིག་དུ་མས་ངེད་ཅག་འགྲུལ་བཞུད་ཀྱི་གོམ་ཁ་བཀག་སྟེ་ལྟད་མོ་བའི་མགྲོན་དུ་བཀུག
       རྩེད་དགའ་དང་ཤེས་འདོད་ཅན་གྱི་ཁ་ལོ་བས། “བྱང་གི་སྨན་མོ་སྤྲིན་དང་སྨུག་པས་རྒྱན། རྒྱས་གཞུང་བུ་མོ་གླུ་དང་ལ་ཤགས་དགའ”ཞེས་ཟེར་ཡང་། ལོ་འདིའི་དབྱར་ཁར་སྤྲིན་དང་སྨུག་པ་ལྷོ་ནས་ལྷོ་རུ་བཞུད་པས། བྱང་ཐང་ཕྱོགས་སུ་གུང་ཐན་གྱི་ནམ་ཟླ་ཚེས། རྒྱས་ཕུའི་བྷ་དའི་མཚོ་མོ་ཆུང་ངུར་བྲི། སྟོན་མགོ་མའི་སྤང་ལ་གསེར་གྱི་ཐིག་ལེ་བཞད། རྩི་མེ་ཏོག་ཕལ་ཆེར་སྐམ་ཞིང་རྙིད་པར་གྱུར། ནམ་ཟླའི་དྲོ་གྲང་དང་ཆར་ཆུའི་འབེལ་དཀོན་ལ་གཏན་ཚིགས་མི་འདུག་ཅེས་མང་པོའི་ངག་ནས་ཐོས། རྒྱས་གཞུང་བུ་མོའི་གླུ་དང་ལ་ཤགས་ཀྱང་རི་ཚོགས་ཀྱི་ཕག་ན་གབ་ཀྱང་ངེད་ཅག་གི་མཉན་བྱར་མ་གྱུར།
མཆད་པའི་བང་སོ།
       རྒྱས་གཞུང་ནས་གླང་དོང་རི་ཁྲོད་ལ་མཇལ། དེ་འོག་ནས་ལྷ་ཁང་སྟོང་པ་མཐོང་། རྒྱས་མདོ་ནས་གཙང་ངོགས་ཞེས་པའི་ཡུལ་ལ་བལྟས། དུས་ཚོད་ཀྱི་འཁོར་ལོས་ལམ་འགྲོ་བའི་གོམ་སྟབས་དལ་དུ་མ་བཅུག ངེད་ཅག་རྟབ་རྟབ་པོར་མཆད་པ་ཞེས་པའི་གྲོང་ཚོར་འབྱོར། སོག་རུ་བས“མཆད་པ”ཞེས་པའི་ཐ་སྙད་ལ་བརྡ་ཁུངས་ཕུ་འདེད་ཀྱིས་ཡུལ་དེར་བང་སོ་ཡོད་ངེས་པར་ཚོད་དཔགས་བྱས་པ་ལྟར། མི་མེད་འཕྲུལ་འཁོར་གྱིས་མཁའ་པར་བླངས་པ་ལས། བང་སོ་ཡིན་ངེས་ཅན་གྱི་ས་འབུར་སྤང་འབུར་མང་པོ་མཐོང་། དེ་མ་ཉིད་དུ་བང་སོ་རེད་ཅེས་མང་ཁ་གཅིག་ཏུ་གྲགས་ཀྱང་། དགོན་པ་ག་གེ་མོ་ཞིག་གི་ཤུལ་ཡང་དེ་རུ་ཡོད་ཚུལ་སྨྲ་བས་ཅི་ཡིན་འདི་ཡིན་མ་ངེས་སོ། །
       ཕྱིར་ལོག་ཡོང་སྐབས། རྒྱས་གཞུང་ནས་ཟིན་དུ་བཏབ་པའི་ཡུལ་མིང་ཁྱད་པར་ཅན་འགའ་ལ་དོགས་དཔྱོད་བྱ་རྒྱུའི་མགོ་བརྩམས། རྒྱའི་སྐད་ཀྱི“地名”ཞེས་པའི་སྐད་དོད་དུ་ས་མིང་ཞེས་སྦྱོར་བའི་ཚུལ་འདི་ཉེ་བའི་དུས་སུ་བྱུང་བའི་བརྡ་ཞིག་ཡིན་མོད། ད་ཆ་ཡུལ་མི་རང་བཞིན་པའི་སྐད་དུ་གྱུར་ཟིན། ཡུལ་མིང་ནི་གདོད་མའི་རིག་གནས་ཀྱི་རྗེས་ཤུལ་ལམ་ལྷག་རོ་ལྟ་བུ་ཞིག་ཡིན་གཤིས། གནའ་བོའི་རང་བྱུང་ས་ཁམས་དང་སྤྱི་ཚོགས་ས་ཁམས་ཀྱི་འཕེལ་འགྱུར་བརྟག་ལ་དཔྱད་གཞིའི་རྒྱུ་ཆ་དང་པོར་གྱུར་ཡོད། ཁྱད་པར་དུ། གདོད་མའི་མི་རྣམས་ཀྱིས་སྣོད་ཀྱི་འཇིག་རྟེན་བདག་ཏུ་བཟུང་བའི་དཔང་རྟགས་ཐོག་མའང་རི་ཆུ་ཀླུང་གསུམ་སོ་སོར་མིང་འདོགས་པའི་སྲོལ་འདི་ལས་བྱུང་བ་སུས་ཀྱང་བསྙོན་དུ་མེད་པས། མི་རིགས་དང་མི་རིགས། ཚོ་པ་དང་ཚོ་པའི་ས་མཚམས་ཆུ་མཚམས་ཀྱང་རི་ཆུ་ཀླུང་གསུམ་གྱི་མིང་གི་བྱུང་བ་དང་། གྲུབ་ཚུལ། ནང་དོན། འཕེལ་འགྱུར། ཆོས་ཉིད་སོགས་ཀྱིས་རྣམ་པར་འབྱེད་ཐུབ་པ་ཡིན་ལ། དམག་སྲིད་ཀྱི་དབང་སྒྱུར་དང་རིག་གནས་ཀྱི་ནང་འདྲེན་ཇི་ལྟར་བྱུང་ཚུལ་གྱི་རྗེས་ཤུལ་ཁག་ཅིག་ཀྱང་ཡུལ་མིང་གི་ཐོགས་ཚུལ་ལས་མངོན་པ་ཡིན།ཡུལ་མིང་གང་ཡང་རུང་བ་ཞིག་ཐོག་མར་གསར་དུ་འདོགས་མཁན་ནི། སྐྱེས་བུ་སྒེར་པའམ་མི་ཚོགས་ཆུང་ངུ་ཞིག་ཡིན་མོད། ཕྱོགས་དེར་མི་དང་མིའི་དབར་ཟམ་མ་ཆད་པའི་འབྲེལ་འདྲིས་བྱས་པ་བརྒྱུད་ད་གཟོད་རིམ་གྱིས་ཡོངས་ཁྱབ་ཅན་དུ་འགྱུར་བ་ཡིན། ཡོངས་ཁྱབ་ཅན་དུ་གྱུར་པའི་ཡུལ་མིང་རྣམས་དུས་རབས་སོ་སོའི་སྐྱེ་བོ་རྣམས་ཀྱི་མི་ཆོས་བསམ་བློ་དང་། ཡུལ་གོམས་གཤིས་ལུགས་ལ་བསྟུན་ཏེ། སླར་ཡང་གཏན་ཚིགས་དང་ཁུངས་ལུང་མི་འདྲ་བའི་ཡུལ་མིང་གི་ཚོམས་གཞན་དང་གཞན་འབྱུང་བའང་ཆོས་ཉིད་ཡིན་པས། ཡུལ་མིང་ཞིག་གསར་དུ་བཏགས་པ་དེས་ཀྱང་། གནས་སྐབས་དེའི་མི་ཚུལ་ས་ཁམས་སམ་རང་བྱུང་ས་ཁམས་ཀྱི་དོན་བསྟན་དུ་ཡོད་དོ། །
       དམར་དགེ་རུ་བའི་ཡུལ་མིང་ཁག་ལས། གཡུང་དུ་མ་ཕབ་པའི་རི་དྭགས་དང་གཅན་གཟན་གྱི་མིང་འགའ་ཞིག་ཡུལ་གྱི་མིང་དུ་སྦྱར་ཡོད་པ་དཔེར་ན། རྐྱང་དང་། རྐྱང་རག རྐྱང་ཐང་། རྐྱང་གསོད་ཤོར། གསའ་ཚང་། འཚིང(གླག་གི་ཡུལ་སྐད)ཚང་། ནེའུ་ཚང་། དྲེད་ཚང་། སྤྱང་ཚང་། འབྲོང་ལུང་། དགེའུ་ལུང་། ཤེའུ་ལུང་། ཤྭ་དེལ། ཤྭ་བཀག་སའི་ངོས། ཁྱུང་རི་ལྟ་བུའོ། །སྲོལ་དེ་ཉིད་བོད་མདོ་དབུས་མཐོ་སྒང་དུ་འཚོས་ཤིང་གཞེས་མྱོང་བའི་མེས་པོ་རྣམས་ཀྱི་ཐུན་མོང་གི་བློ་གྲོས་ཤིག་ཡིན་སྙམ། ཡུལ་མིང་བྱུང་བ་རིག་པའི་ངོས་ནས་བཤད་ན། དེ་དག་ཀྱང་ཡུལ་མིང་གི་ཚོམས་ཆེན་པོ་ཞིག་ཏུ་གྱུར་ཡོད། སེམས་ཅན་གྱི་མིང་ནས་དྲངས་ཏེ་ཡུལ་ལ་སྦྱོར་བའི་ཚུལ་དེ་འདྲ་སྐྱེ་ཁམས་ཁོར་ཡུག་དང་། ལོ་རྒྱུས་ཀྱི་དྲན་པ། རིག་གནས་ཀྱི་མཚོན་དོན་སོགས་ནས་འགྲེལ་བརྗོད་བྱར་བཏུབ་པ་ཡིན་ཏེ། སྐྱེ་ཁམས་ཁོར་ཡུག་གི་ངོས་ནས་བཤད་ན། ཕྱོགས་དེར་གདོད་ནས་སེམས་ཅན་དེ་རིགས་འབེལ་པོ་ཡོད་པའམ། ཡང་ན་ཤིན་ཏུ་དཀོན་པས་མཆོག་ཏུ་འཛིན་པའམ། ཡང་ན་དབྱིབས་དང་ཁ་དོག་འདྲ་བའི་རྒྱུ་མཚན་གྱིས་སམ། ཡང་ན། རྔོན་རྒྱག་སའི་ས་གནད་གལ་ཆེན་ཡིན་པས་སོ། །ད་ཆ་རྐྱང་དང་འབྲོང་སོགས་བྱང་ནས་བྱང་དུ་གནས་སྤོས་ཟིན་པས། ཡུལ་མིང་དེ་དག་ནི་སྐྱེ་ཁམས་ཁོར་ཡུག་གི་འཕོ་འགྱུར་བརྟག་པའི་རྒྱུ་ཆ་འགངས་ཆེན་དུ་གྱུར་ཡོད། ལོ་རྒྱུས་ཀྱི་དྲན་པའི་ངོས་ནས་བཤད་ན། སྐྱས་འདེགས་སྐབས་སམ། རྔོན་རྒྱག་སྐབས་སམ། ལྷ་ཀླུ་མཆོད་སྐབས་སོགས་ཀྱི་དོན་རྐྱེན་གང་ཡང་རུང་བ་ཞིག་བློའི་ཡུལ་དུ་བྱ་ཕྱིར་དེ་ལྟར་བོས་སམ་སྙམ་པ་དང་། རིག་གནས་ཀྱི་མཚོན་དོན་ལ་ཡང་། སེམས་ཅན་གང་ཞིག་ཡུལ་ལུང་སོ་སོར་ལེགས་ཉེས་བཟང་ངན་གྱི་ལྟས་བརྟག་ཐབས་སུ་འཛིན་པའི་བསམ་ཚུལ་སྣ་ཚོགས་ཡོད་ངེས་པ་ལྟར། ལྷ་ཀླུ་གཉན་བཙན་གྱི་མཚོན་བྱེད་དུ་སྒྲོ་བཏགས་པའི་སེམས་ཅན་རྣམས་ཀྱིས། ཡུལ་དང་ལུང་པའི་རྐྱེན་ངན་ཞི་ཞིང་རྐྱེན་བཟང་འཛོམ་པའི་རྟེན་འབྲེལ་གྱི་དོད་དུ་མིང་ལའང་དེ་ལྟར་བཏགས་སམ་སྙམ་པ་སོགས་བསམ་བྱའི་དོན་མང་ངོ་། །
       དེ་ལྟར་བསམ་གཞིག་དང་གཏམ་གླེང་གི་ཁྲོད་ལམ་གྱི་ངལ་བའང་སྣང་མེད་དུ་གྱུར། སྤྲིན་དང་ན་བུན་གྱིས་གནམ་སའི་བར་ཐག་ཉེ་བར་བསྟུངས། རྒྱང་རིང་གི་རི་ཚོགས་མིག་གི་མཐོང་ལམ་ནས་ཡལ། ལིང་ལ་དམར་འབེལ་རྒོལ་སྐབས་ཆར་པ་ཟམ་ཟིམ་ཞིག་ཀྱང་འབབ་མགོ་བརྩམས། མཚམས་དེར། སྟོང་བསམ་དང་རེ་དོགས་ཀྱི་སེམས་པའང་རང་བྱུང་ཁམས་ཆེན་མོའི་མལ་སྟན་དུ་ལྷུང་བ་ལྟར་དབུགས་དབྱུང་ཐེངས་ཤིག་བྱས། རྒྱས་ལིང་སྤོད་གསུམ་གྱི་རི་ཆུ་ལ་གློ་བ་ཉེ་བར་གྱུར།
ཉིན་ལྔ་པ། བོད་ཟླ་དྲུག་པའི་ཚེས་བཅུ་གསུམ་དང་སྤྱི་ཟླ་བརྒྱད་པའི་ཚེས་བདུན། གཟའ་ཕུར་བུ།
       ཞོགས་པའི་ཉི་མ་དྲོ་ལ་བབས་རྗེས། ང་ཚོས་གཞིས་པ་རྣམས་ལ་གྱེས་གཏམ་བྱས་པ་ཡིན། སྙིང་ཉེ་བའི་མི་རྣམས་ཀྱིས་དཀར་གཙང་དར་ཡུག་རེ་རེས། ངེད་ཅག་འགྲུལ་པ་རྣམས་ལ་སྐྱེལ་མ་གནང་བྱུང་། དེ་ལྟར་ལམ་གྱི་གོམ་སྣེ་རེ་ཞིག་དབུས་སུ་བསྲིངས། སྤོད་ཆུ་སྔོན་མོའི་བཞུར་རྒྱུན་བདས་ཏེ་དབུས་སུ་བསྲིངས། སྤོད་ཆུ་དང་གསང་ཆུ་འདྲེས་མཚམས་སྦྲ་ཁ་ནས་མུ་འབྱམས་ཏེ་ལྷོ་ནུབ་གསང་ཆུའི་ཆུ་རྒྱུན་བདས། རོང་དོག་གི་འཕྲང་བརྒལ་རྗེས་གསང་ཆུ་དང་སྨྲི་ཏི་གཙང་པོའི་འདྲེས་མཚམས་ནས་ཁ་ནུབ་ཏུ་ཕྱོགས་ཏེ་རྭ་སྒྲེང་གཙང་པོ་དང་དཔུང་གདང་མཉམ་གཤིབ་བྱས། སྤྱི་ལེ་བཅའ་བཅུ་རེའི་མཚམས་སུ་རྩྭ་ཁ་ཇེ་སྟུག་དང་རྩི་ཤིང་ཇེ་མང་དུ་འགྲོ་བའི་རྣམ་པ་མིག་ལམ་དུ་གསལ་ལེར་འཆར་འོང་། ལམ་བར་ནས་བྱང་ཤ་ར་སྣ་ཞེས་བཀའ་གདམས་པའི་དགེ་བཤེས་ཤ་ར་བ་ཡོན་ཏན་གྲགས་ཀྱི་འཁྲུངས་གཞིས་ལ་ཕྱོགས་ཙམ་མཇལ་ནས། རོང་སྨད་ནས་བཀའ་གདམས་བསྟན་པའི་ཆུ་མགོ་བྱང་རྭ་སྒྲེང་དགོན་པ་ལས། «དཀར་ཆག་ཉི་མའི་འོད་ཟེར»ཐོག་མར་བླུ་སྐལ་བྱུང་། རྭ་སྒྲེང་གཙང་པོའི་སྲིབ་ཕྱོགས་ནས་ཕོད་མདོ་ཆུ་མཛོད་བརྒྱུད། སླར་ཆག་ལ་བརྒལ་ཏེ་འཕན་ཡུལ་ཀླུང་སྐྱེས་སུ་འབྱོར། འཕན་ཡུལ་ཀླུང་སྐྱེས་ནས་རྒྱལ་བ་བཀའ་གདམས་པའི་གདན་ས་ཁག་ཅིག་དང་། ཕྱི་དར་བསྟན་པའི་གནས་དགོན་འགའ་ལ་རྒྱང་མཇལ་ཞུ་བཞིན་རིམ་གྱིས་བོད་གངས་ཅན་པའི་དབུས་འགྱུར་རྡོ་རྗེ་འཆང་ལ་བདེ་བར་འཁོད་དོ། །

རྩོམ་ཁུངས། ༢༠༢༥ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»ཡོས་ཆགས་ཆེད་དེབ།
འབྲེལ་ཡོད་འོས་སྦྱོར།