logo

གསེར་ས་འོག་ཡོད་ཀྱང་འོད་ནམ་མཁར་འཕྲོ། སོག་རུ་ཀརྨ་ཀུན་ཁྱབ།

རྩོམ་པ་པོ།:སོག་རུ་ཀརྨ་ཀུན་ཁྱབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-03-09 ཀློག་གྲངས།:
གསེར་ས་འོག་ཡོད་ཀྱང་འོད་ནམ་མཁར་འཕྲོ།
                                     —འབྲོག་པའི་རི་སུལ་དུ་གནས་པའི་མཛངས་མ་ཞིག་གི་གཏམ་རྒྱུད་གླེང་བ།
སོག་རུ་ཀརྨ་ཀུན་ཁྱབ།

 
       དེ་རིང་ཡང་ཚེ་རིང་དབང་མོ་སྔར་རྒྱུན་བཞིན་ཟོ་བ་ལག་པ་གཡས་དང་སྒྱིད་ཐག་ལག་པ་གཡོན་དུ་བཟུང་ནས་ལོག་ཡོང་བཞིན་འདུག མོས་ལ་ཁར་བཞུད་ཟིན་པའི་ཉི་འོད་མཁའ་དབྱིངས་སུ་འཕྲོས་པའི་མདངས་ཀྱིས་རི་རྩེ་ལས་ཅུང་མཐོ་བའི་སྤྲིན་པ་དམར་སེར་རལ་བ་གྱེན་དུ་གཟེངས་པ་ལྟ་བུ་ལང་ལོང་དུ་འཕྱོ་བ་མཐོང་བའི་མོད་ལ། འདས་དོན་སྣ་ཚོགས་ཡིད་ཀྱི་མེ་ལོང་ངོས་སུ་འཆར་ཞིང་། རྒྱུ་རྐྱེན་དུ་མ་ཞིག་གིས་རྐྱེན་པས་རང་ཉིད་སློབ་གྲྭར་རིག་གནས་སྦྱོང་བའི་གོ་སྐབས་ཤོར་རུང་། ཕ་མ་དང་རྒན་འཁོགས་ཀྱི་ཞབས་ཕྱི་ཞུས་ཤིང་། སྤུན་ཆུང་རྣམས་སློབ་གྲྭར་འགྲོ་བའི་གོ་སྐབས་བསྩལ་ཐུབ་པར་དགའ་བ་ཚད་ལས་འདས་པ་ཞིག་ཀྱང་སྐྱེས། འབྲོག་ཁུལ་དུ་ཚེ་རིང་དབང་མོ་དང་འདྲ་བའི་འབྲོག་མོ་མང་པོ་ཞིག་གིས་རང་ཉིད་བློས་བཏང་ནས་སྤུན་མཆེད་རྣམས་སློབ་གྲྭར་སྐྱེལ་དུ་བཅུག་པའམ། ཆུང་སྦར་མོ་གང་ནས་ནོར་གནག་གི་རྨིག་རྗེས་སྙེགས་ཤིང་། ཕ་མར་ཞབས་ཞུ་སྒྲུབ་པའི་གཏམ་རྒྱུད་མང་པོ་ཟར་དང་ཟུར་ནས་གོ་མྱོང་དང་ཐོས་མྱོང་ཡོད་རུང་། ཆ་ཚང་བ་ཞིག་ཤོད་མཁན་མ་བྱུང་བའམ། ཡང་ན་རང་ཉིད་ལེ་ལོའི་དབང་གིས་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་དང་ཡིག་ཐོག་ཏུ་འགོད་རྒྱུ་མ་བྱུང་།
       སྟབས་ལེགས་སྟེས་དབང་དུ་གྱུར་བ་ནི་འདི་ལོའི་ཟླ་བརྒྱད་པར་ནག་ཆུ་གསེར་རྙེད་ཆུས་ཡོས་ཆགས་ཤང་གི་རྩོམ་པ་པོ་ལོ་ཆུང་འགའ་ཞིག་གིས་སྒྲིག་འཛུགས་བྱས་ནས«བོད་ཀྱི་རྩོམ་རིག་སྒྱུ་རྩལ»ཡོས་ཆགས་ཆེད་དེབ་འདོན་རྒྱུའི་གོ་སྐབས་ཀྱི་ཤུགས་ལས་ཡོས་ཆགས་སུ་རྩོམ་རྒྱུ་སྡུད་ལེན་བྱེད་པར་འགྲོ་རྒྱུ་བྱུང་། སྲོལ་རྒྱུན་རིག་གནས་ཀྱི་རྨང་མཐུག་ཅིང་། དེང་རབས་ཀྱི་འཕེལ་རྒྱས་ཀྱང་གང་ལ་གང་འཚམས་མངའ་བའི་ཤང་དེར་སྨྱུག་རྩེའི་ཁ་ལོ་བསྒྱུར་འོས་པའི་རྒྱུ་ཆ་ཆེས་མང་བའི་སྟབས་ཀྱིས་གང་ཞིག་རྒྱུ་ཆར་སྤྱད་དགོས་པའི་གདམ་ཁ་བྱེད་མ་ཤེས་པར་ལུས། དགའ་འོས་པ་ཞིག་ལ་རྩོམ་རིག་གི་ཤེས་བྱར་ནང་བྱན་ཆུད་པའི་རྒན་ར་ས་བསྟན་ཆོས་དང་། ལྷ་གཡང་ནོར་བུ་སོགས་ནས་རང་རང་རྒྱུ་ཆ་འདི་ཚོ་བེད་སྤྱོད་བྱ་རྒྱུ་ཡིན་ཚུལ་བཀའ་མོལ་མ་གསང་ལྷུག་པོར་གསུངས་པ་ལས་ང་ཡང་རང་ཉིད་ཀྱི་རྩོམ་འབྲིའི་མྱོང་བར་གཞིགས་ནས་སྙན་ཞུའི་རྩོམ་ཡིག་ཅིག་འབྲི་བའི་དམ་བཅའ་བཞག་རུང་། ད་དུང་གང་ཞིག་བརྗོད་བྱར་བྱ་རྒྱུ་ཐེ་ཚོམ་མེར་ལུས། སྟེས་དབང་སྟབས་ལེགས་སུ་རྩོམ་གྲོགས་ཚེ་རིང་མཐར་ཕྱིན་ལ་ཁོང་གིས་སློབ་གྲྭར་ཕྱིན་པའི་བརྒྱུད་རིམ་སོགས་གཞོན་ནུའི་ལང་ཚོ་དར་ཚུལ་སྐོར་ལ་ཅི་འཕྲོས་མོལ་འཕྲོས་གླེང་སྐབས། ཁོང་གི་གཅེན་མོས་ནང་མི་རྣམས་ཀྱི་ཆེད་དུ་རང་གི་མདུན་ལམ་ཡོད་ཚད་རྒྱབ་ཏུ་བསྐྱུར་བའི་མི་སེམས་འགུལ་བའི་གཏམ་རྒྱུད་འགའ་རེ་གླེང་བྱུང་བས། སྔར་ནས་འབྲོག་ཁུལ་དག་ལ་དེ་ལྟ་བུའི་དཔེ་མཚོན་རང་བཞིན་གྱི་འབྲོག་མོ་མང་པོ་ཡོད་པའི་གཏམ་རྒྱུད་ལ་སླར་ཡང་སེམས་འགུལ་གསར་པ་ཐེབས་ནས། ཁོང་གི་གཅེན་མོའི་གཏམ་རྒྱུད་བརྗོད་གཞིར་བྱ་རྒྱུ་གཏན་འཁེལ་བྱས།
དཔེ་ཁུག་འཁུར་སྐབས་སློབ་སྦྱོང་གྲུབ་འབྲས་བཟང་།
       དེ་ཡང་སྤྱི་ལོ2004ལོའི་སྟོན་དུས་ཞིག་ལ་ཚེ་རིང་དབང་མོ་ཡང་ལོ་མཉམ་གྱི་བྱིས་པ་གཞན་དང་འདྲ་བར་ཤང་སློབ་ཆུང་དུ་སློབ་གྲྭར་བསྐྱོད། དེ་ནས་བཟུང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱི་ཚུལ་དུ་སློབ་སྦྱོང་བྱས་པས། ཤང་ཡོངས་ཀྱི་སློབ་གྲྭའི་ནང་དཔེ་མཚོན་འོས་པའི་སློབ་ཕྲུག་བཟང་པོ་ཞིག་ཏུ་གྱུར། ལོ་རེའི་སློབ་དཀྱིལ་དང་སློབ་མཇུག་ཀུན་ལ་ནང་དུ་ལོག་ཡོང་སྐབས་དཔེ་བཟང་ཤོག་ལྷེ་འཁུར་རྒྱུ་མེད་པའི་དུས་ཤིག་མེད་ལ། སློབ་གྲྭའི་དགེ་རྒན་ཀུན་གྱིས་བསྔགས་བརྗོད་བྱ་ཡུལ་ཞིག་ཏུ་གྱུར། གོང་གི་འདས་དོན་དེ་དག་གླེང་སྐབས། ངས་ཚེ་རིང་དབང་མོའི་ཨ་ཕ་ཕུར་བུ་བསམ་གྲུབ་ལ། ཆུང་དུས་སློབ་སྦྱོང་ཡག་པོ་དེ་འདྲ་ཡོད་ན། ནང་སར་མ་བཏང་བ་ཡིན་ནམ། ཞེས་སྐད་ཆ་འདྲི་སྐབས། ཁོང་གིས། སྐབས་དེར་ཚེ་རིང་དབང་མོ་ནི་ངའི་ཕྲུ་གུའི་ནང་ནས་ཆེ་གྲས་ཡིན་པ་དང་། ནང་ལ་རྒན་འཁོགས་དང་བྱིས་པ་ཆུང་ཆུང་མང་པོ་གཉོར་སྐྱོང་བྱེད་དགོས་པའི་དབང་གིས་དབྱར་རྩ་དགུན་འབུ་འཐུ་མཁན་མེད་སྟབས། བུ་མོ་ལོ་རིམ་དྲུག་པ་ཐོན་ལ་ཉེ་བའི་སྐབས་སུ་ནང་སར་ཡིག་ཚད་གཏོང་བ་དང་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚོད་གཅིག་ཏུ་འཁེལ་ཞིང་། ནང་སར་ཡིག་ཚད་མ་བཏང་ན་ཡིག་ཚད་གཏོང་བའི་བསྐྱར་སྦྱོང་བྱེད་མི་དགོས་སྟབས་སྔ་སྣུར་དུ་ནང་ལ་ལོག་ཆོག་གི་ཡོད་པས། རྒན་ལགས་རྣམས་ནས་བུ་མོ་སློབ་སྦྱོང་ཡག་པོ་ཡོད་པས་ནང་སར་ཡིག་ཚད་བཏང་ན་ལེགས་པའི་སློབ་གསོ་བསྐྱོན་རུང་། ཁྱིམ་ཚང་གི་ཆ་རྐྱེན་ལ་བརྟེན་ནས་ཡིག་ཚད་གཏོང་རྒྱུ་མ་བྱུང་བར་རི་འགོར་དབྱར་རྩྭ་དགུན་འབུ་འཐུ་བར་བཏང་བ་ཡིན་ཟེར། གོང་གི་སྐད་ཆ་འདི་དག་གླེང་སྐབས། ཕུར་བུ་བསམ་གྲུབ་སྨིན་མ་གཅིག་ཏུ་སྡུད་ཅིང་མགྲིན་པ་ཅུང་ཟད་བརྣངས་བཞིན་ད་ལྟ་སྔར་གྱི་བྱ་བ་དེ་དག་ཡིད་ལ་དྲན་སྐབས་དང་། ལྷག་པར་དུ་ཚེ་རིང་དབང་མོ་དང་ལོ་རིམ་གཅིག་པའི་སློབ་མ་རྣམས་གཞུང་ནས་ལས་གནས་རག་པའམ། རང་ཉིད་གྲོང་ཁྱེར་ནས་བྱ་གཞག་གསར་གཏོད་ཀྱི་གྲུབ་འབྲས་བཟང་པོ་ལོན་པ་མཐོང་ཐེངས་རེར།
       ངས་བུ་མོ་འདིའི་མདུན་ལམ་བཟང་པོར་བར་ཆད་ཆེན་པོ་བཟོས་སོང་སྙམ་པའི་བློ་འགྱོད་སྐྱེ་བཞིན་འདུག་ལ། བུ་མོ་འདིས་ནང་མི་ཚོའི་ཆེད་དུ་རང་གི་ཡོད་ཚད་ལེགས་སྐྱེས་ཕུལ་བའི་སྤྱོད་བཟང་ལ་སེམས་འགུལ་རྟག་ཏུ་ཐེབས་ཀྱི་འདུག་ཟེར། ངས་ཚེ་རིང་དབང་མོའི་ཕ་རྒན་ལ་བཅར་འདྲི་བྱེད་སྐབས། ཚེ་རིང་དབང་མོ་དགོང་འཇོ་གྲུབ་ནས་འོ་ཟོ་ལག་ལ་འཁུར་བཞིན་ལོག་བྱུང་། དེ་མུར་ཁོང་ལ་མི་ཚེའི་བརྒྱུད་རིམ་གླེང་མོལ་ཞུ་སྐབས། ཁོང་གིས་ནང་སར་ཡིག་ཚད་གཏོང་རྒྱུ་མ་བྱུང་སྟབས། ལོ་དེར་ནག་ཆུ་རྫོང་སློབ་འབྲིང་དུ་སློབ་གྲྭར་བསྐྱོད་རུང་། སློབ་དུས་གཅིག་ལས་མ་འགོར་བར་ཁྱིམ་དུ་འབྲོག་ལས་བྱེད་མཁན་དང་། རྒན་ཁོག་ལ་གཡོག་རྒྱུག་མཁན་མེད་སྟབས། སླར་ཚུར་ལོག་དགོས་བྱུང་། ཡིན་ནའང་། ང་རང་སློབ་གྲྭ་ཕྱིར་འཐེན་པ་དེས་སྤུན་ཆུང་བ་རྣམས་སློབ་གྲྭར་འགྲོ་བའི་གོ་སྐབས་ལ་བར་ཆད་མ་བྱུང་ཞིང་། བུ་ཕྲུག་སློབ་གྲྭར་གཏོང་ཆེད་ཁྱིམ་ཚང་འདི་ཉིད་འབྲོག་ལས་དོར་ནས་གྲོང་ཁྱེར་དུ་སྤོ་དགོས་བྱུང་མ་སོང་ཟེར། སྐབས་དེར་ཡིད་ཀྱི་ཡོལ་གོའི་ངོས་སུ་དེང་སྐབས་འབྲོག་པ་མང་པོ་ཕྲུ་གུ་རྣམས་སློབ་གྲྭར་གཏོང་རྒྱུའི་ཆེད་དུ་ཕྱུགས་ཟོག་རྣམས་བཙོང་ནས་གྲོང་ཁྱེར་ནང་ལ་གནས་སྤོས་བྱས་པ་དང་། མཐར་བུ་ཕྲུག་རྣམས་ཀྱང་སློབ་གྲྭ་མཐར་ཕྱིན་རུང་ལས་གནས་མ་རག་པ་དང་། སྔར་གྱི་ཕྱུགས་ཟོག་དག་ཀྱང་བཙོང་ཟིན་པས། གྲོང་ཁྱེར་བས་མཐའ་གང་རུང་ནས་གཉིས་མེད་ཀྱི་འཚོ་བ་ངན་ངོན་ལ་རོལ་བའི་སྣང་ཚུལ་མང་པོ་མཐོང་རྒྱུ་འདུག་པ་དག་ཀྱང་ཡིད་ལ་འཁོར་བྱུང་།
       ངས་ཚེ་རིང་དབང་མོར་ཁྱེད་རང་སློབ་གྲྭར་འགྲོ་སྐབས། སློབ་སྦྱོང་ལ་བརྩོན་འགྲུས་ཟབ་མོ་བྱེད་པ་དང་། སྦྱངས་འབྲས་ཡག་པོ་ཡོང་བའི་རྒྱུ་མཚན་ག་རེ་ཡིན་ནམ་ཞེས་སྐད་ཆ་འདྲི་སྐབས། ཁོང་གིས། ང་རང་སློབ་གྲྭར་འགྲོ་སྐབས་སློབ་སྦྱོང་ཡག་པོ་ཡོང་བའི་ཆ་རྐྱེན་གཉིས་ཡོད་དེ། གཅིག་ནི་སྐབས་དེར་ང་ཚོའི་ཤང་ལ་རྒན་ཟླ་བ་དོན་གྲུབ་ཅེས་པ་ཞིག་ཡོད། ཁོང་གིས་སློབ་ཕྲུག་ཚོར་སློབ་ཚན་ཁྲིད་པ་ཙམ་མ་ཡིན་པར། ཕ་མ་ལྟ་བུའི་བྱམས་སྐྱོང་གནང་ཞིང་། ངང་རྒྱུད་རིང་པོས་སློབ་གསོ་བརྒྱབ་པས་ཡིན། ང་རང་སློབ་ཆུང་འགྲོ་ས་ཤང་སློབ་གྲྭ་ཡིན་མོད། སྐབས་དེ་དུས་ད་ལྟ་ལྟ་བུའི་འགྲིམ་འགྲུལ་ཆ་རྐྱེན་ཡག་པོ་མེད་པས། ནང་མིས་ཐུག་འཕྲད་ཡོང་བ་ཉུང་ཉུང་ཡིན་ལ། ང་ཚོའི་ཤང་ནི་འབྲོག་ཁུལ་ཡིན་པས། སྡོད་གནས་ཁ་འཐོར་ཡིན་སྟབས། ཕྲུ་གུ་ཕལ་མོ་ཆེ་ཁྱིམ་དང་ལྟོས་འཇོག་གི་ཁ་ཐག་རིང་པོ་ཡིན་པས། གཟའ་ཉི་མ་སོགས་ལ་ནང་དུ་ལོག་མི་ཐུབ། དེར་བརྟེན་རྒན་ཟླ་བ་དོན་གྲུབ་ཀྱིས་ཐག་རིང་ལུང་ཁུག་གི་ཕྲུ་གུ་རྣམས་ནང་དུ་ཉར་ཞིང་། ལྟོ་སྟེར་བ་ཡིན། སྐབས་རེ་ཁོང་གི་ནང་དུ་བྱིས་པ་ཉི་ཤུ་ལྷག་ཙམ་འཛོམས་འདུག་པ་དང་། དེ་ཚོར་ལྟོ་སྟེར་བ་དང་། སྦྱོང་ཚན་བཟོ་རོགས་བྱེད་པ། ཐ་ན་གྱོན་པ་འཁྲུ་སྟངས་ཀྱང་སློབ་པ་བཅས་ཕ་མ་ལྟ་བུའི་བྱམས་སྐྱོང་བྱེད། དེར་བརྟེན་ཁོང་གི་སློབ་གསོ་ཕྲུ་གུ་ཚང་མས་ཆེས་མོས་ཤོས་ཡིན་ལ། བྱིས་པ་ཁ་ཤས་ཐ་ན་ཕ་མས་བཤད་པའི་སྐད་ཆ་ལས་རྒན་ཟླ་བ་དོན་གྲུབ་ཀྱིས་བཤད་པའི་སྐད་ཆར་མོས་པ་ཆེ། ཁོང་གི་སློབ་གསོ་གང་ཞིག་བཏང་རུང་མི་བརྗེད་ཡིད་ལ་རྟག་ཏུ་ཉར་ནས་ལག་བསྟར་བྱེད་ཀྱི་ཡོད་ཅིང་། ང་ཡང་དེའི་གྲས་ཤིག་ཡིན། ཁོང་གིས་སློབ་སྦྱོང་ཡག་པོ་བྱོས་ཟེར་དུས་དེ་བཞིན་ལག་བསྟར་བྱེད་ཀྱི་ཡོད། རྒྱུ་མཚན་གཞན་ཞིག་ནི་བདག་གི་ཨ་མྱེས་ཡིན། ཁོང་ནི་སྔགས་པ་ཞིག་ཡིན་པ་དང་། ཤེས་བྱ་ཀུན་ལ་མཁྱེན་རྒྱ་ཟབ་མོ་ལྡན། ཁོང་གིས་དགུང་སེང་སྐབས་བོད་ཡིག་བསྐྱར་སྦྱོང་བྱེད་དུ་བཅུག་པ་དང་། ཐ་ན་བོད་ཡིག་གི་དཔེ་དེབ་ལ་ལའི་ནང་དོན་ལ་ཟུར་ཁྲིད་བྱེད་ཀྱི་ཡོད་པས། ངའི་སློབ་སྦྱོང་ལ་སྐུལ་ལྕག་ཐེབས་པར་མ་ཟད། ཐ་ན་ཤེས་བྱ་རིག་གནས་ནི་མིའི་ལས་དབང་དང་། སྤྱོད་ཚུལ་ཁ་ལོ་སྒྱུར་མཁན་ཞིག་ཡིན་པ་ཤེས་ཚོར་བྱུང་ཟེར། དེ་ཡང་རེད་ཨང་། སློབ་གསོ་ནི་དགེ་རྒན་དང་། ཁྱིམ་བདག སྤྱི་ཚོགས་བཅས་ཕྱོགས་གསུམ་ནས་འབད་བརྩོན་བྱེད་དགོས་པ་དང་། སློབ་གསོའི་སྤུས་ཚད་ཀྱང་ཕྱོགས་དེ་གསུམ་གྱི་སྤུས་ཚད་མཐོ་དམན་ལ་རག་ལས་པ་ཞིག་ཅི་ལ་མིན་ཨང་།
འོ་ཟོ་འཁུར་སྐབས་ནང་མིར་བརྩེ་བ་བཟང་།
       ཁྱིམ་ཚང་ཆ་རྐྱེན་དང་མིང་སྲིང་ཆུང་བ་རྣམས་ཀྱི་སློབ་གསོའི་མདུན་ལམ་ལ་དམིགས་ནས། དམའ་རིམ་སློབ་འབྲིང་སྐབས་སུ་སྦྱངས་འབྲས་ལེགས་པའི་ཚེ་རིང་དབང་མོ་སློབ་ཁང་ནས་རྦད་དེ་ཁ་བྲལ་ཏེ། ཁྱིམ་དུ་ལོག་ནས་ནོར་གནག་གི་རྨིག་རྗེས་སྙེག་བཞིན། འབྲི་མོའི་བཞོ་དབྱངས་དང་ལྷན་དུ་ཁྱིམ་ནང་གི་མེས་པོ་མེས་མོ་དག་ལ་ཞབས་ཕྱི་ཞུ་བཞིན་བསྡད་དེ། ཡིད་སེམས་གཡོ་བར་བྱེད་པའི་གཏམ་རྒྱུད་མང་པོ་བྲིས། དེའི་སྐོར་ལ་ཁ་སང་ཚེ་རིང་དབང་མོའི་གཅུང་པོ་ཚེ་རིང་མཐར་ཕྱིན་གྱིས་ང་ཡི་ཨ་ཅེ་ཡིས་ཁྱིམ་དུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ལས་ཀར་འབད་པ་ལྷོད་མེད་བྱས་ཤིང་། ཁོང་གིས་ཨ་མའི་ཕ་མ་རྒན་འཁོགས་གཉིས་ལ་ཞབས་ཕྱི་ཧུར་ཐག་ཞུས་པར་མ་ཟད། ཨ་མར་ཕྲུ་གུ་ཤི་གསོན་བཅུ་གཉིས་སྐྱེས་པས། ལུས་གཅོང་ངལ་བས་མནར་བ་དང་། ཕྲུ་གུ་ཆུང་ཆུང་མང་བས་དེ་དག་གཉོར་སྐྱོང་ཐད་དཀའ་སྡུག་མང་པོ་འཕྲད་རྐྱེན་ང་ཚོ་མིང་སྲིང་ཆུང་བ་རྣམས་ཆུང་སྦར་མོ་གང་ནས་ཨ་ཅེས་བྱམས་ཀྱིས་བསྐྱངས་ཤིང་། ལོ་དང་ཟླ་བར་མཐུད་དེ་འབྲོག་ལས་གཉོར་སྐྱོང་བྱས་པ་ལས་བྱུང་བའི་སྒོར་མོ་ཡོད་ཚད་སློབ་ཕྲུག་རྣམས་ཀྱི་ཆེད་དུ་བཏང་བའི་དྲིན་གྱིས་མིང་སྲིང་ཆུང་བ་རྣམས་སློབ་གྲྭར་འགྲོ་རྒྱུ་བྱུང་བ་ཙམ་གྱིས་མི་ཚད་པར། རྒྱང་རིང་ས་ཆ་ག་གེ་མོ་ནས་སློབ་གྲོགས་གཞན་དང་འདྲ་བར་འཚོ་བ་འབེལ་ལྷུག་ལྷུག་དང་། སློབ་ཆས་སོགས་རང་གི་དགོས་མཁོ་མཐའ་དག་འབད་མེད་ལྷུན་གྲུབ་ཏུ་ཉོ་ཆོག་པ་བྱུང་བ་བཅས་ཕ་མ་ལས་ཀྱང་ལྷག་པའི་བཀའ་དྲིན་འཁོར་མཐའ་མེད་པ་ཞིག་ཡིན།
       ད་ཆ་ང་རང་ནུབ་བྱང་མི་རིགས་སློབ་ཆེན་ནས་ཐོན་ཏེ་ལྷ་སར་བོད་ལྗོངས་ཁུ་ལུ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་ཞེས་པ་བཙུགས་ཏེ་བྱ་གཞག་གསར་གཏོད་ལ་འབུངས་རྒྱུ་བྱུང་བ་ནི་ཨ་ཅེའི་དྲིན་ཁོ་ན་ཡིན་ཏེ། གལ་ཏེ་ཨ་ཅེ་མུ་མཐུད་སློབ་གྲྭར་སོང་ན། དེ་འོག་གི་བྱིས་པ་ཆེ་བ་ང་རང་ཡིན་སྟབས། ད་ལྟ་ཁྱིམ་དུ་འབྲོག་ལས་སྐྱོང་བཞིན་ནོར་གནག་གི་རྨིག་རྗེས་འཚོ་རྒྱུ་ལས། གྲོང་ཁྱེར་ནས་བྱ་གཞག་གསར་གཏོད་དང་། སྤྱི་གཉེར་ཁང་གི་སྦྱིན་བདག་ཅེས་པའི་མིང་དེ་དག་ག་ལ་ཡོང་སྲིད། དེ་ཚོ་ཚང་མ་མཐར་གཏུགས་ན་ཨ་ཅེའི་བཀའ་དྲིན་ཁོ་ན་ཡིན་སྟབས། ང་རང་སློབ་ཆེན་སློབ་མཐར་ཕྱིན་པའི་དུས་དང་སྤྱི་གཉེར་ཁང་ཐོག་མར་འཛུགས་སྐབས་སུ་ཨ་ཅེའི་བཀའ་དྲིན་ཡང་ཡང་ཡིད་ལ་འཁོར་ཞིང་། ཁོང་གིས་ད་དུང་འབྲོག་ས་ཞིག་ནས་ལྕི་འདམ་ཁྲོད་དང་། ཆར་རླུང་གི་ཁྲོད་ནས་ཉིན་མཚན་ཀུན་ཏུ་འབྲོག་ལས་སྐྱོང་ཞིང་། མིང་སྲིང་ཆུང་བ་རྣམས་སློབ་གྲྭར་འགྲོ་དུས་སྒོར་མོ་ཁྱེར་རྒྱུ་ཡོད་པ་དང་། གུང་གསེང་སྐབས་ལ་དྲོ་སོབ་སོབ་ཀྱི་ཁྱིམ་ཚང་ཞིག་ཏུ་ལོག་རྒྱུ་ཡོད་པ་སོགས་ཡོད་ཚད་ཁོང་གི་བཀའ་དྲིན་ཡིན་ལ། ད་དུང་ང་ལ་ཐག་རིང་ཡུལ་དུ་ཡོད་པར་རྒྱུན་དུ་ཁ་པར་གྱི་ལམ་ནས་གཙོ་བོ་ཁྱོད་རང་ཁམས་བཟང་སྐྱོན་མེད་བྱུང་ན་དེ་གས་ཆོག་པས། རྒྱུན་དུ་གཟུགས་གཞིར་བདག་གཅེས་བྱོས་དང་ཚོང་ལས་ལ་ཁེ་བཟང་མ་བྱུང་རུང་ངས་འབྲོག་ལས་གཉེར་སྐྱོང་བྱས་པས་ང་ཚོ་མིང་སྲིང་རྒྱབ་མ་གྲང་ཙམ་དང་། མདུན་མི་འཁྱགས་ཙམ་གྱི་འཚོ་བར་རོལ་ཐུབ་ངེས་ཡིན་གསུངས་ཐེངས་རེ་རེར་མིག་ཆུ་དབང་མེད་དུ་ཤོར་གྱི་འདུག་ཟེར།
       ངས་ཁོང་ལ། ཨ་ཅེས་ཁྱོད་ལ་བྱམས་སྐྱོང་ཚད་མེད་གནང་བའི་ཁྲོད་ནས་ནམ་ཡང་ཡིད་ལ་བརྗེད་དུ་མེད་པའམ། ཡང་ན་མི་ཚེར་ཆེས་ཤུགས་རྐྱེན་ཐེབས་ཆེ་ཤོས་གང་ཡིན་མིན་སྐད་ཆ་འདྲི་སྐབས། ཚེ་རིང་མཐར་ཕྱིན་གྱིས། ངའི་མི་ཚེར་མཚོན་ན་དཔེ་ཀློག་བྱ་རྒྱུ་དང་། སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་སོགས་ཀྱང་ཨ་ཅེའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་མོད། ཆེས་བརྗེད་དུ་མེད་པའི་བྱམས་སྐྱོང་གནང་བ་ནི་ང་རང་མཐོ་འབྲིང་འགྲིམ་པའི་སྐབས་སུ། གཟའ་ཉི་མ་ཞིག་ལ་སློབ་གྲོགས་རྣམས་དང་ལྷན་དུ་ཕྱི་ལ་བསྐྱོད་རྒྱུ་བྱས་མོད། གྲོང་ཁྱེར་ཞེས་པ་དེ་ནི་སྒོར་ཐོན་པ་ཙམ་གྱིས་སྒོར་མོ་མེད་ན་མི་འགྲིག་པ་ཞིག་ཡིན་ཞིང་། ངའི་ལག་ནང་དུ་ནང་ནས་བསྐུར་བའི་སྒོར་མོའང་ཕལ་ཆེར་གཏོར་ཟིན་འདུག་པས། དེ་ཉིན་སྒོར་མོའི་དགོས་མཁོ་ཤིན་ཏུ་ཆེ། ཡིན་ནའང་བདག་གིས་ཨ་ཕར་སྒོར་མོ་ཡང་ཡང་དགོས་ཟེར་ཕོད་ཀྱི་མེད་སྟབས། ངས་ཨ་ཅེར་སྒོར་མོ་ཡོད་དམ། ང་རང་དེ་རིང་ཕྱི་ལ་འགྲོ་རྩིས་ཡོད་པས་སྒོར་མོ་དགོས་མཁོ་ཆེ་ལུགས་བཤད་པ་དང་། ཨ་ཅེས་འཕྲལ་དུ་འཕྲིན་ཕྲན་ནང་ལ་སྒོར་མོ་ལྔ་བརྒྱ་བསྐུར་བྱུང་བས། དེ་ཉིན་གྲོང་ཁྱེར་སྲང་ལམ་དག་ནས་སྒོར་འབེལ་འབེལ་ལྷུག་ལྷུག་སྤྱོད་རྒྱུ་བྱུང་། ཡིན་ནའང་། ཕྱིས་སུ་ཨ་མས་བདག་ལ་བཤད་པར། དེ་ཉིན་ཨ་ཅེས་བསྐུར་བའི་སྒོར་མོ་དེ་དབྱར་རྩྭ་དགུན་འབུ་བརྐོས་ཟིན་རྗེས་ཨ་ཕས་དབྱར་སྐྱིད་ལ་གྱོན་རྒྱུ་བོད་ལྭ་གསར་པ་ཉོ་བྱེད་དུ་སྤྲད་པར་མ་ཟད། དེ་ཉིན་ཨ་ཅེ་ཤང་གི་ནང་དུ་བོད་ལྭ་ཉོ་བར་སླེབས་ཡོད་རུང་། ངས་སྒོར་མོ་དགོས་ཞེས་ལབ་པ་དེས་ཨ་ཅེས་སྒོར་མོ་ཡོངས་རྫོགས་ང་ལ་བསྐུར་ནས་ལག་སྟོང་དུ་ཁྱིམ་ལ་ལོག་དགོས་བྱུང་བའི་གནས་ཚུལ་དེ་རེད། ཨ་ཅེའི་བྱ་སྤྱོད་དག་གིས་ང་ལ་བག་ཆགས་ཐེབས་ཆེ་ཤོས་གཅིག་ནི། བདག་གི་ཨ་མྱེས་ལ་རྒྱུན་དུ་ཞབས་ཕྱི་ཞུ་བ་དང་། ལྷག་པར་དུ་སྤྱི་ལོ2022ལོ་ལ་ཨ་མྱེས་ཀྱི་སྐུ་གཟུགས་ཇེ་ཞན་དུ་ཕྱིན་ནས་ནང་དུ་ཉལ་སར་ལུས་པ་ཨ་ཅེས་ཆབ་གཅིན་བཤོ་རྒྱུ་དང་། གཅིན་གདན་འཁྲུ་རྒྱུ་སོགས་བཙོག་སྣང་དང་སྐྱུག་བྲོ་ཅུང་ཟད་ཙམ་ཡང་མེད་པར་ཞབས་ཕྱི་ཧུར་ཐག་ཞུས་པ་དག་ཡིན་ལ། བདག་གི་ཨ་མྱེས་ནི་སྔགས་པ་ཞིག་ཡིན་པས་ཤེས་བྱ་རིག་གནས་ཀྱང་གང་འཚམས་ལྡན་པ་དང་། འཆི་སྐྱེའི་ཆོས་ཉིད་ལ་བློ་སྦྱོང་མི་དམན་པ་ལྡན་པས་འཆི་རྒྱུར་དངངས་སྐྲག་གཏན་ནས་མེད་པ་ཞིག་ཡིན་མོད། སྐུ་ཚེ་འདའ་ལ་ཉེ་སྐབས། ལོ་གཅིག་དུས་གཅིག་གི་ཡོང་འབབ་གལ་ཆེན་དབྱར་རྩྭ་དགུན་འབུ་འཐུ་རན་པས་ཨ་ཅེ་འབུ་བརྐོ་བར་མངགས་ནས་ཁྱིམ་དུ་མེད་པའི་སྐབས་དང་འཁེལ་བར། ཁོང་གིས་དེ་རིང་ཡིན་ཅིག་བུ་མོ་ཚེ་རིང་དབང་མོ་སྐད་གཏོང་དགོས་པའི་མངགས་བྱ་བྱས་པ་ལྟར། ཆེད་དུ་མི་མངགས་ནས་ཨ་ཅེ་བསུ་བར་སོང་ཞིང་། ཨ་ཅེ་གམ་དུ་འབྱོར་མ་ཐག་ཤིན་ཏུ་དགའ་བའི་རྣམ་འགྱུར་བསྟན་བཞིན་དེ་ཉིན་ཞལ་ལག་ཀྱང་ཅུང་ཟད་མཆོད་ཐུབ་པར་གྱུར་བ་དང་ཤིན་ཏུ་སེམས་པ་སྤྲོ་བོར་བཞུགས།
       དེ་ནས་ཉི་མ་གཅིག་ལས་མ་འགོར་བར་ཕྱི་མའི་ཡུལ་དུ་གཤེགས་སོང་ཞེས་ང་རང་སློབ་གྲྭ་ནས་ལོག་དུས་ནང་མི་རྣམས་ཀྱིས་བཤད་བྱུང་། དེའི་ཐོག་ནས་ཨ་མྱེས་ལ་ཨ་ཅེས་ཞབས་ཞུ་རྣམ་དག་བྱས་པའི་བརྩེ་བ་ཟབ་མོ་དེ་ནང་མི་གཞན་དག་སུས་ཀྱང་ཚབ་བྱེད་མི་ཐུབ་པ་ལྟ་བུར་གྱུར་བ་ནི་ང་ལ་མཚོན་ན་བག་ཆགས་ཆེ་ཤོས་ཤིག་རེད། དེ་ལྟར་རྒན་པར་ཞབས་ཞུ་དང་བྱམས་སྐྱོང་བྱས་པའི་སྣང་ཚུལ་དེ་ནི་ང་ལ་མཚོན་ན་བག་ཆགས་ཟབ་ཤོས་ཡིན་ལ། ངས་ཕ་མ་རྒན་འཁོགས་ལ་ཞབས་ཞུ་བྱ་རྒྱུ་དེ་མི་ཚེའི་རིན་ཐང་ཞིག་ཡིན་པའི་ཚོར་བ་རྙེད་བྱུང་ཟེར།
       ཚེ་རིང་དབང་མོའི་ཕ་མར་བྱམས་སྐྱོང་དང་། མིང་སྲིང་ཚོར་བཅངས་པའི་གཅེས་སྐྱོང་ལས། ཁོང་གི་ཕ་ཕུར་བུ་བསམ་གྲུབ་ལ་ཡང་སེམས་འགུལ་ཚད་མེད་ཐེབས་ཏེ། འབྲོག་པའི་སྲོལ་རྒྱུན་འདུ་ཤེས་ལ་བུ་མོ་མནའ་མར་གཏོང་ཞིང་། བུ་ལ་མནའ་མ་བསུས་ནས་ཁྱིམ་ཚང་འཛིན་པའི་ལུགས་སྲོལ་ལས་བརྒལ་ནས། ཚེ་རིང་དབང་མོར་མག་པ་ཞིག་བསུས་ནས་ནང་དུ་ཉར་རྒྱུའི་སེམས་ཐག་བཅད། དེའི་ཐད། ངས་ཁོང་ལ་སྲོལ་རྒྱུན་གྱི་གོམས་སྲོལ་མི་སྐྱོང་བའི་རྒྱུ་མཚན་འདྲི་སྐབས། ཕུར་བུ་བསམ་གྲུབ་ནས། མ་གཞི་སྲོལ་རྒྱུན་གོམས་སྲོལ་ལྟར་ན། ཁྱིམ་ཚང་ཕལ་ཆེ་བས་བུ་ལ་མནའ་མ་བསུས་ནས་ཁྱིམ་ཚང་སྐྱོང་དུ་འཇུག་པ་ཡིན་རུང་། ང་ཚོའི་བུ་མོ་ཚེ་རིང་དབང་མོ་ནི་གཅིག་ནས་ཕ་མའི་ཁ་ལ་ཉན་ཞིང་། དཀར་ལས་སོགས་ལས་ཀ་མཐའ་དག་ལས་རྒྱུར་བྱང་ཆུབ་པ་དང་། ཕྲུ་གུ་མིང་སྲིང་ཆུང་བ་ཚོར་ཕ་མ་ལས་ལྷག་པའི་གཅེས་སྐྱོང་བཟང་ལ། ཁྱིམ་མཚེས་ཚོ་ལའང་མཐུན་ལམ་ལེགས་པ་སོགས་ཕྱོགས་གང་ཅིའི་ཐད་ནས་ཁྱིམ་ཚང་འདིའི་ཀ་བ་ལྟ་བུ་དང་། མི་ཡི་ཕུད་ལྟ་བུ་ཞིག་ཡིན་སྟབས། བུ་མོ་འདི་ཕྱི་ལ་མནའ་མར་གཏོང་གཏན་ནས་མི་ཕོད་པས་མག་པ་བསུས་ཏེ། ཁྱིམ་དུ་ཉར་བ་ཡིན་ལ། དེ་ནི་ངའི་ངོས་ནས་བཤད་ན་འཕྱུག་པ་མེད་པའི་ཁྱིམ་ཇུས་ཤིག་ཡིན་པ་དང་། ད་བར་ང་ཚོའི་ཁྱིམ་ཚང་འདི་ཉིད་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཏུ་གྱུར་བའི་གཞི་རྩའང་ཡིན་ཟེར། དེ་ཡང་ཡིན་ཏེ། བུ་ཁོ་ན་གལ་ཆེར་འཛིན་པ་དང་། བུ་མོར་མཐོང་ཆུང་བྱེད་པ་དེ་བོད་ཀྱི་སྔ་མོའི་གོམས་གཤིས་རྙིང་པ་ཞིག་ཡིན་པ་དང་། དེར་ཕོ་མཆོག་མོ་དམན་གྱི་ཤུགས་རྐྱེན་ཐེབས་ཡོད་ཅིང་། དེང་གི་དུས་སུའང་མི་མང་པོ་ཞིག་འདུ་ཤེས་རྙིང་པ་རང་སར་གནས་ཡོད་པ་དང་། ཐ་ན་དེང་རབས་ཀྱི་སློབ་གསོ་མྱོང་ཞིང་། རིག་གནས་ཀྱི་ཤེས་བྱ་གང་འཚམས་ལྡན་པའི་གྲོང་ཁྱེར་གྱི་བོད་རིགས་དག་ཀྱང་འདུ་ཤེས་དེ་ཉིད་དོར་མ་ཐུབ་པར་རང་སར་གནས་པ་མང་བས། གྲོང་གསེབ་ཀྱི་འབྲོག་པ་རྒད་པོ་དེས་ཁོ་ཚོར་ལམ་སྟོན་ཡག་པོ་ཞིག་བྱས་འདུག་སྙམ།
ཆུང་དུས་སློབ་སྦྱོང་འབྲས་བུས་གཤིས་རྒྱུད་བཟང་།
       ཚེ་རིང་དབང་མོ་ནི་ཁྱིམ་ཚང་གི་འབྲོག་ལས་མཐའ་དག་ལ་བྱང་ཆུབ་ཅིང་། འབད་བརྩོན་ཆེ་བ་ཙམ་མ་ཡིན་པར། ནང་མི་དག་ལ་རྒན་བཀུར་གཞོན་གཅེས་ཀྱི་འདུ་ཤེས་ཤིན་ཏུ་བཟང་བས་ཁྱིམ་མི་ཀུན་གྱི་སེམས་ལ་བག་ཆགས་བཟང་པོ་བཞག་ཡོད། དེ་ཡང་ཚེ་རིང་དབང་མོའི་མ་རྒན་ཨང་ངེ་ལ་སྐད་ཆ་འདྲི་སྐབས། ཁོང་གིས་ང་ལ་ཕྲུ་གུ་ཤིན་ཏུ་མང་ཞིང་། ཕྲུ་གུ་ཆུང་ཤོས་ད་ལོ་སློབ་ཆུང་ལོ་རིམ་བཞི་པར་སླེབས་ཙམ་ཡིན། ཚེ་རིང་དབང་མོ་ནི་ཕྲུ་གུའི་རྒན་འགོ་ཡིན་སྟབས། ཕྲུ་གུ་ཆུང་བ་ཕལ་མོ་ཆེ་གསོ་སྐྱོང་བྱ་རྒྱུར་རོགས་རམ་ཆེན་པོ་བྱས་ཡོད་ལ། ཐ་ན་ཕྲུ་གུ་ཆུང་བ་དེ་ཚོས་མ་ལས་ཀྱང་ཨ་ཅེར་དགའ་མོས་ཆེ་ཞིང་། ཨ་ཅེ་མེད་ན་ཁོ་ཚོ་འདུག་མི་ཚུགས་པ་དང་། ཉིན་མོ་ཨ་ཅེ་གར་ཡོད་ལ་ཁོ་ཚོའང་ཡོད་ཅིང་། མཚན་མོ་ཨ་ཅེ་མེད་ན་ཉལ་མི་ཐུབ་པ་དེ་འདྲ་ཆགས་ཡོད་ཟེར།
       དེའི་ཐད་ངས་ཚེ་རིང་དབང་མོའི་གཅུང་པོ་གཅུང་མོ་དག་ལ་སྐད་ཆ་འདྲི་སྐབས། ཁོ་ཚོས་བཤད་རྒྱུར། ང་ཚོ་ཆུང་ཆུང་སྐབས་ལ་ཨ་ཅེས་ཤིན་ཏུ་གཅེས། དེ་ཡང་ཉིན་ཞིག་ཨ་ཕ་ཤང་དུ་སོང་ནས་ཉོས་པའི་བྱི་རིལ་སོགས་མངར་ཆ་འགའ་ཞིག་མིང་སྲིང་ཚང་མར་བགོས་སོང་མོད། ཨ་ཅེའི་བརྔན་པ་རྣམས་ང་ཚོ་མིང་སྲིང་ཆུང་བ་ཚོར་སླར་ཡང་བགོ་བཤའ་བརྒྱབ་བྱུང་། ང་ཚོ་ཨ་ཅེ་དང་ལྷན་དུ་ཟོག་རྫིར་འགྲོ་རྒྱུར་ཤིན་ཏུ་དགའ། རྒྱུ་མཚན་ནི་ཨ་ཅེས་རི་འགོར་བཟའ་རྒྱུའི་བརྔན་པ་རྣམས་རང་གིས་མ་ཟས་པར་ང་ཚོར་བགོ་བཤའ་རྒྱག་ཅིང་། བསུན་སྣང་མེད་པར་རྩེད་མོ་རྩེ་རོགས་དང་། ཤ་མོ་འཐུ་རོགས་བྱེད། ཡིན་ནའང་། ད་ཆ་བསམ་དུས་ང་ཚོས་ཨ་ཅེར་དཀའ་ལས་མང་པོ་གཏད་ཡོད་འདུག་སྟེ། ལུང་པའི་ཆུ་ཕྲན་དེ་ཚོ་ཐུག་དུས་ང་ཚོས་འབུད་མི་ཐུབ་པས། ཨ་ཅེས་ལྷམ་ཕུད་ནས་ང་ཚོ་རེ་རེ་བཞིན་རྒྱབ་ཏུ་ཁུར་ནས་ཆུ་འབུད་རོགས་བྱེད་དགོས། རི་འགོ་གཟར་སར་ང་ཚོ་འགྲོ་རྒྱུར་ཞེད་པས་ཨ་ཅེས་རེ་རེ་བཞིན་ལག་འགོ་ནས་འཇུས་ནས་ཁྲིད་དགོས། ད་དུང་ཆར་པ་བབས་དུས་ཨ་ཅེའི་ཆར་གོས་ང་ཚོར་གཡོགས་དགོས་པ་དང་། ཐ་ན་སྐབས་རེ་ཐང་ཆད་ནས་འགྲོ་མི་ཐུབ་པའི་སྐབས་ལ་རྒྱབ་ཏུ་འཁུར་དགོས་ཀྱི་ཡོད་ཟེར།
       སྐབས་དེར་ང་ལ་ལྷ་མོའི་འཁྲབ་གཞུང་ནང་གི་གཅུང་པོ་དོན་ཡོད་དང་དོན་གྲུབ་ཀྱི་རྣམ་ཐར་ནང་གི་གཅེན་གཅུང་གི་མཛའ་གཅུགས་བརྩེ་སེམས་གཏམ་རྒྱུད་དག་ཀྱང་ལྷང་ལྷང་དུ་འཆར་བར་བྱེད། ཚེ་རིང་དབང་མོས་གཅུང་པོ་གཅུང་མོ་རྣམས་ལ་བྱམས་ཀྱིས་སྐྱོང་བ་ཙམ་མ་ཡིན་པར་ཁྱིམ་གྱི་རྒན་འཁོགས་ཚོ་ལའང་ཞབས་ཕྱི་ལྷད་མེད་ཞུ་བཞིན་ཡོད་དེ། བསམ་གཏན་སྒྲོལ་མ་ནི་འདི་ལོ་རང་ལོ82ཡིན་ཞིང་། ཁྱིམ་ཚང་དེའི་རྒན་འགོ་ཡིན་པ་དང་། ཚེ་རིང་དབང་མོའི་རྨོ་བོ་གྲུང་གྲུང་དེ་ཡིན། ངས་ཚེ་རིང་དབང་མོས་ཁ་ལ་ཉན་པོ་བྱེད་ཀྱི་འདུག་གམ། ཁྱེད་རང་ལ་ཞབས་ཕྱི་ཞུ་བཞིན་ཡོད་དམ། ཞེས་སྐད་ཆ་འདྲི་སྐབས། རྨོ་བོ་བསམ་གཏན་སྒྲོལ་མ་མིག་ཆུ་ལྷུང་ལ་ཁད་ཀྱི་ངང་ནས་བུ་མོ་འདིའི་ང་ཚོ་རྒན་འཁོགས་ཤི་གསོན་དག་ལ་ཞབས་ཞུ་བྱས་པ་ནི་སྐད་ཆ་ཚིག་རེ་གཉིས་ཀྱིས་མཚོན་ཐུབ་པ་ཞིག་མ་རེད། དྲིན་ལན་འཁོར་ཐབས་བྲལ་བའི་ཞབས་ཞུ་ཞིག་རེད། ང་ཚོའི་ཁྱིམ་ཚང་འདིར་རྒན་འཁོགས་དང་ཕྲུ་གུ་མང་བ་གཅིག བུ་མོ་དེས་རྒན་གཞོན་ཚང་མར་བྱམས་སྐྱོང་ཆེ་བ་གཉིས་བཅས་ཀྱིས་མོ་རང་སློབ་སྦྱོང་གི་སྦྱང་འབྲས་ལེགས་རུང་། མུ་མཐུད་སློབ་གྲྭར་འགྲོ་རྒྱུ་མ་བྱུང་བར་རྒན་འཁོགས་དང་ཕྲུ་གུ་ཚོའི་གཡོག་པོ་བྱེད་དགོས་བྱུང་བ་ནི་ང་ཚོའི་བློ་འགྱོད་ཆེ་ཤོས་ཡིན། ཕྱི་མའི་ཡུལ་དུ་སོང་རྗེས་མི་ཡུལ་དུ་ལུས་པའི་བུ་ལོན་ཆེ་ཤོས་ཀྱང་ཡིན། ངའི་མི་ཚེ་འདིར་ཚེ་རིང་དབང་མོ་ལ་བུ་ལོན་མང་པོ་ཆད་སོང་ཟེར། ནང་མི་ཚང་མས་ཚེ་རིང་དབང་མོ་སློབ་གྲྭར་འགྲིམ་རྒྱུ་མ་བྱུང་བ་དེར་མོ་རང་བློ་འགྱོད་ཡོད་མེད་སྐད་ཆ་འདྲི་སྐབས། ཚེ་རིང་དབང་མོས། ངས་སློབ་ཆུང་དུས་ལ་ལེགས་བཤད་མང་པོ་ངག་ཏུ་བསྐྱོར་བ་ཡིན་ལ། དེང་སྐབས་ཀྱང་དུས་ཁོམ་བྱུང་དུས་གནའ་དེང་མཁས་པའི་བཀའ་སློབ་དཔེ་དེབ་རེ་ཟུང་ལྟ་གི་ཡོད། དེ་དག་ལས་བློ་བསྐྱེད་བྱུང་བ་ཞིག་ནི། མི་ཚེའི་རིན་ཐང་ཟེར་བ་དེ་མཐའ་གཅིག་ཏུ་སློབ་གྲྭར་སོང་ཞིང་ཤེས་ཡོན་སྦྱངས་པ་ཁོ་ནས་མི་འགྲིག་པར་རང་ཉིད་དང་ཆེས་ཉེ་སའི་མི་ལ་ཕན་པ་བསྐྲུན་པ་དང་ནང་མི་སྤུན་མཆེད་བྱམས་ཀྱིས་བསྐྱངས་ཐུབ་ཚེ་མི་ཚེའི་བསོད་ནམས་ཆེ་ཤོས་དང་། མི་ཚེའི་རིན་ཐང་མངོན་ཚུལ་གཞན་ཞིག་ཡིན་པས། ངས་སློབ་གྲྭ་འགྲིམས་ནས་ཤེས་ཡོན་སྦྱང་བརྩོན་བྱས་ཏེ། རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་ཞེས་པའི་མིང་གྲགས་ཆེན་པོ་དེ་ཚོ་བྱ་རྒྱུ་མ་བྱུང་རུང་། ཁྱིམ་ཚང་ཟིན་ནས་གཅུང་པོ་གཅུང་མོ་རྣམས་སློབ་གྲྭར་བསྐྱལ་ཏེ་ཡོན་ཏན་སྦྱོང་ཏུ་བཅུག་རྒྱུ་བྱུང་བ་དང་། རྒན་འཁོགས་རྣམས་ལ་ཞབས་འདེགས་ཞུ་རྒྱུ་བྱུང་བ་ནི་ངའི་མི་ཚེའི་བསོད་ནམས་སུ་བརྩི་བཞིན་ཡོད་པས། ཆུང་དུས་སློབ་གྲྭར་འགྲིམ་རྒྱུ་མ་བྱུང་བར་བློ་འགྱོད་གཏན་ནས་མི་འདུག མ་གཞི་ནས་འབྲོག་ལས་ཞེས་པ་དེ་ཡང་གནའ་སྔ་མོའི་ཕ་མེས་ཡང་མེས་ཀྱི་དུས་ནས་བྱུང་བའི་འཚོ་གནས་རིག་གནས་ཤིག་ཡིན་པ་དང་། འབྲོག་ལས་ཁྲོད་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་མང་དག་ཅིག་འདུས་ཡོད་པས། འབྲོག་ལས་གཉེར་སྐྱོང་བྱེད་པ་དེ་ཡང་རིག་གནས་ཤིག་གི་རྒྱུན་སྐྱོང་བ་ཡིན། ང་ཚོའི་ཕ་ཡུལ་ནས་འབྲོག་པ་མང་པོ་ཞིག་འབྲོག་ལས་དོར་ནས་གྲོང་ཁྱེར་དུ་གནས་སྤོས་པས། འཚོ་བའི་དགོས་མཁོ་ཡོད་ཚད་སྒོར་མོ་སྤྲད་ནས་ཉོ་དགོས་སྟབས། དངུལ་གྲོན་ཆེ་བའི་རྐྱེན་གྱིས་འཚོ་བའང་དེ་ཙམ་ལེགས་སུ་མི་འགྲོ་བའི་ཁར། ལོ་གཞོན་རྣམས་འབྲོག་ལས་རིག་གནས་ལ་རྒྱུས་མངའ་ཏིལ་ཙམ་མེད་པར་གྱུར་ནས། བེའུ་ལ་ནོར་ཕྲུག་དང་། ལྕི་བ་ལ་ནོར་སྐྱག ནོར་གྱི་ཀོ་བ་ལ་གཡག་གི་པགས་པ་ཟེར་མཁན་དེ་འདྲ་ཇེ་མང་དུ་འགྲོ་བཞིན་འདུག དོན་དངོས་ཐོག་འབྲོག་ལས་ནི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཤེས་བྱ་ཞིག་ཡིན་པས། འབྲོག་ལས་ཀྱི་ཁྲོད་ནས་ང་ལ་ཤེས་བྱ་མང་པོ་ཐོབ་བྱུང་ལ། ཚོད་བགམ་དང་། བློ་བསྐྱེད་མང་པོ་རྙེད་བྱུང་བས་དོན་དུ་འབྲོག་ལས་གཉེར་བ་དེ་ཡང་སློབ་གྲྭ་ཆེན་མོར་བསྐྱོད་པར་འདྲ་ཞིང་། ལག་ལེན་གྱི་འབྲས་བུ་ལ་ལ་ནི་སློབ་གྲྭར་བསྐྱོད་རུང་རྙེད་མི་སྲིད་པ་དེ་འདྲའང་མཆིས། ཞེས་བཤད་བྱུང་བས། ཇི་སྐད་དུ། ཕྱུག་པོ་ཀླ་ཀློ་ལའང་ཡོད། །དཔའ་བོ་དུད་འགྲོ་རྣམས་ལའང་ཡོད། །སྣ་ཚོགས་དོན་གྱི་གཏམ་སྨྲ་བའི། །དམ་པ་དག་ནི་ཤིན་ཏུ་དཀོན་ཞེས་པ་ལྟར། འབྲོག་པའི་རི་སུལ་དང་ལུང་སུལ་དག་ན་རང་གཤིས་དྲང་པོ་མདའ་དང་འདྲ་བས་འབྲོག་ལས་འབད་པས་སྐྱོང་ཞིང་། ནང་མི་རྒན་གཞོན་ལ་དྲོ་བའི་གོས་གཡོགས་ཤིང་། ཚ་མོའི་ལྟོ་བླུད་མཁན་མི་ཉུང་བ་ཡོད་རུང་། ཤེས་བྱ་རིག་གནས་ཀྱི་བློ་བསྐྱེད་གང་འཚམས་ལྡན་ཞིང་། གཞུང་དྲང་གཤིས་བཟང་གིས་ཡོད་ཚད་བྱམས་ཀྱིས་སྐྱོང་ཞིང་དང་དུ་ལེན་མཁན་གྱི་འབྲོག་མོ་མཛངས་མ་དེ་འདྲ་ཉུང་ཉུང་མིན་ནམ་སྙམ་པའི་མགོ་ལྕོག་མི་ལྡེམ་ཀ་མེད་དུ་གྱུར།
བཟང་གསུམ་གཏམ་རྒྱུད་བྲིས་པའི་བློ་བསྐྱེད།
       འགྲོ་བ་མིའི་རིགས་ཀྱི་གཤིས་རྒྱུད་ལ། རང་ཉིད་ཁོ་ན་གཙོ་བོར་འཛིན་པ་དང་། གནའ་ནས་ད་བར་རང་དོན་བྱུང་ན་ནང་མི་སྤུན་མཆེད་ཡིན་རུང་བློས་གཏོང་བའི་གཤིས་རྒྱུད་ཅིག་ཡོད་ལ། དེ་ནི་མི་བུ་རང་རང་གི་འཚོ་གནས་འཚོལ་སྒྲུབ་བྱེད་པའི་འགྲན་རྩོལ་ཞིག་དང་། འཇིག་རྟེན་མིའི་རིགས་ཀྱིས་ཁྱོད་ཤི་ང་གསོན་ངང་གནས་པའི་འཚོ་གནས་ཁོར་ཡུག་གིས་བསྐྲུན་པའང་ལོས་ཡིན། དེར་བརྟེན་གནའ་ནས་ད་བར་བདག་བས་གཞན་གཅེས་དང་། བདག་གཞན་མཉམ་བརྗེ་སོགས་ཀྱིས་མཚོན་པའི་རང་དོན་དོར་ནས་གཞན་དོན་སྒྲུབ་དགོས་པའི་ལེགས་བཤད་དང་བསླབ་བྱའི་གཞུང་ལུགས་བགྲངས་ལས་འདས་པ་ཡུལ་གྲུ་ཀུན་ལ་ཡོད་རུང་། མཐར་གཏུག་ལག་ཏུ་ལེན་མཁན་ཆེས་ཉུང་ཉུང་ཡིན་ཞིང་། ཐ་ན་སྒེར་དང་གཞུང་ནས་སྔོན་ཐོན་དུ་བརྩིས་པའི་མི་ཕོ་མང་པོ་ཞིག་ཀྱང་། འཕྲུལ་དང་སྤྲ་ལག་སྣ་ཚོགས་འཁྲབ་པ་དང་། སུས་ཀྱང་ཤེས་ཐབས་བྲལ་བའི་གསང་བའི་ཐབས་ལམ་སྣ་ཚོགས་སྤྱད་དེ། སྔོན་ཐོན་དང་སྤྱོད་བཟང་གི་གྲས་སུ་བཞག་ཡོད་རུང་། ཟུར་དང་ལེབ་ནས་ག་ལེར་བལྟས་ན་རང་དོན་ཕུགས་སུ་བཅུག་ཅིང་། གཞན་དོན་ཕྲན་བུ་བྱས་པའང་དོན་དུ་རང་གི་སྙན་གྲགས་ཁོ་ནའི་ཆེད་དུ་ཡིན་པ་ཤུགས་ནས་མངོན་གྱི་ཡོད་པས། རང་དོན་ཕུགས་བཅུག་གི་གཞན་དོན་པ་དེ་ཚོར་མི་རྣམས་ག་ལེར་ཞེན་པ་ལོག་གི་ཡོད། དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་དེ་དྭངས་གཙང་ཅན་དུ་མི་འགྱུར་བའི་རྒྱུ་རྐྱེན་གཙོ་བོའང་ཡིན། དེར་བརྟེན་ངས་ཀྱང་ནམ་རྒྱུན་གཞུང་སྒེར་གང་རུང་ནས་སྔོན་ཐོན་གྲས་སུ་འཇོག་པའི་སྐྱེས་བུ་དེ་ཚོར་དོགས་པ་ཞིག་ངམ་ངམ་ཤུགས་སུ་ཟ་བར་གྱུར།
       འོན་ཀྱང་། རྒྱང་རིང་ལུང་ཁུག་གི་གྲུ་ཟུར་ག་གེ་མོ་ནས་སུས་ཀྱང་མཐོང་ཚོར་དཀོན་པའི་མི་བུ་ཕལ་བ་མང་པོ་ཞིག་གིས་རང་གི་ཉེ་ས་འདྲིས་ས་དག་ལ་གཡོ་ལྷད་དྲི་མ་བྲལ་བའི་ནང་སེམས་དྭངས་གཙང་གིས་ཁོར་ཡུག་གཙང་མ་ཞིག་སྐྲུན་བཞིན་ཡོད་རུང་། སྤྱི་སྒེར་སུས་ཀྱང་ཤེས་ཀྱི་མེད་ལ། ཐ་ན་ཉེ་འཁོར་དག་གིས་མིག་ལ་འདྲིས་པར་གྱུར་ཏེ། ཁོ་ཚོའི་གཞན་ཕན་སྤྱོད་བཟང་དག་ནི་མི་ཕོ་ཕལ་པ་དག་གིས་བསྒྲུབ་བྱ་ཞིག་ཡིན་ཤག་ཤག་ངང་སྣང་མེད་དུ་བཏང་ནས་དམིགས་བསལ་གྱི་བྱས་རྗེས་གང་ཡང་ཚོར་ཐུབ་ཀྱི་མེད། དོན་དུ་མིང་གྲགས་མེད་པའི་སྐྱེ་བོ་ཕལ་བ་དེ་ཚོས་དཔལ་ཡོན་གྱིས་ཕྱུག་པའི་ཁྱིམ་ཚང་བསྐྲུན་ཞིང་། དཔལ་ཡོན་གྱིས་ཕྱུག་པའི་ཁྱིམ་ཚང་དེ་ཚོས་དཔལ་ཡོན་གྱིས་ཕྱུག་པའི་གྲོང་སྡེ་དང་ཡུལ་ལུང་མང་པོ་སྐྲུན་བཞིན་ཡོད་པས། མིང་གྲགས་མེད་པའི་མི་ཕོ་ཕལ་བ་དེ་ཚོའི་བྱས་རྗེས་ཤེས་ཚོར་བྱེད་འོས་ཆེ་ལ། མི་སེམས་འགུལ་བའི་གཏམ་རྒྱུད་གླེང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་དྲིལ་བསྒྲགས་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དར་སྤེལ་གཏོང་བར་དགོས་མཁོ་ཆེ་བའི་བྱ་བ་ལོས་ཀྱང་ཡིན།

རྩོམ་ཁུངས། ༢༠༢༥ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»ཡོས་ཆགས་ཆེད་དེབ།
འབྲེལ་ཡོད་འོས་སྦྱོར།