logo

ལྷུག་རྩོམ། མངའ་རིས།

རྩོམ་པ་པོ།:འཆི་མེད། ཡོང་ཁུངས།:«ནས་ཀྱི་གྱེ་མ» དུས་ཚོད།:2026-03-30 ཀློག་གྲངས།:
མངའ་རིས།
                  ____སྒོ་དང་སྒེའུ་ཁུང་།
འཆི་མེད།

༡ འབྲོང་པ།

       རྐང་རྗེས་ཀྱིས་རྨིག་རྗེས་བསྣུབས་ཤིང་། འབྲོང་ཁྱུ་རྫ་ལ་ཞོགས་ཤུལ་དུ་ལུས་པའི་འབྲོང་གི་ཕ་ས།
       བྱེ་མ་གཡུང་དྲུང་རིས་ཀྱིས་ཤིག་ཤིག་ཟགས་ཀྱིན་གྱི་ལིང་གི་བང་རྩལ་དང་བསྡོངས་ཏེ་ས་མཐར་འབོད་པའི་རྒྱང་རིང་དུ་བཞུད། འུར་འུར་ལྡང་བའི་བྱེ་རླུང་དང་སྐད་སྒྲ་སྣ་ཚོགས་འབྲོང་པའི་མཁའ་དབྱིངས་དང་འབྲོང་པའི་ས་གཞི་ན་འཐབ། ཁྱོད་ཀྱི་འགྲམ་པར་ཙག་ཙག་བྲབ་ཨེ་ཐལ།
ས་ལ་ས་ཚོད་མི་ཐིག །
ལྷོ་འུར་ཐང་ལ་འཐེན་ས། །
སྨོན་ཐང་རི་རྩེའི་ཉི་མ། །
འབྲོང་ཁྱུ་སྤང་ལ་བསུ་རོགས། །

༢ སྐྱ་རྔ་རྩ།

       ཁྱེད་ལ་ལུས་པའི་དངོས་པོ་མ་མཆིས་ཀྱང་ཀ་བཞི་གདུང་བརྒྱད་འགྱེལ་ཏེ་རྩྭ་ལྡུམ་གསེབ་ན་རྩིག་པ་ཐར་ཐོར་ལས་མི་འདུག དམ་ཆོས་དཀོན་མཆོག་བརྩེགས་པ་ཐིགས་པས་གདུངས་ཏེ་ཟད་ནའང་ཆོས་སྐད་སྐྱ་རྔ་རྩ་ཡི་བསེར་བུས་འུར་ཞིང་འགྲོ།
       བགྲང་བྱའི་མུ་ཁྱུད་རེ་རེ་སོར་མོས་འགུག་བཞིན། ཡུན་ནས་ཡུན་དུ་ཡིད་ལ་བརྣག་པ་ཡི། ཉིན་ཤས་གོང་ནས་རུམ་ལ་བཅུག་པ་ཡི། ཨ་མས་བསྐྱུར་བའི་ནས་འབྲུ་ཁྱོར་བ་གང་འཇག་སྐྱ་འཕྱུར་བའི་བཤོས་ཞིང་འོར་མ་གྲུ་གསུམ་དུ་བཏབ། གངས་ལ་ཉི་མ་ཤར་འདྲའི་སྐྱེས་བུ་ལགས།

༣ མཐོ་ལྡིང་གསེར་གྱི་ལྷ་ཁང་།

       བར་སྣང་ནས་ལྷུང་བ་རིགས་ཀྱི་བདེན་པ་སྟེ། སེམས་བསྐྱེད་ཀྱི་འོད་སྣང་གླང་ཆེན་ཁ་འབབ་གར་བསླེབས་ཀྱི་ཡུལ་དུ་མཆེད།
       སྡང་དགྲའི་གཤེད་དུ་དམར་ནག་གཟུགས་ཀྱིས་བཞེངས་ཏེ་བས་མཐའ་བསྲུངས།

༤ འཁོར་ཆགས་གཙུག་ལག་ཁང་།
 
       ཁྱེད་རང་བཞེངས་ཏེ་བཞུགས་པའི་གཙང་ཁང་ནས་སྣ་དགུ་སྡུག་ཡུས་ཕུལ་ཏེ་འཁང་ར་ཞིག་ཞུས་ཡོད། སེམས་ཀྱི་མེ་ལོང་འདི་ལ་རྡུལ་ཕྱིས་གནང་རོགས་ཀྱང་ཞུས་ཡོད། སངས་རྒྱས་ཡིན་པས་མི་སེམས་ལོས་མཁྱེན་ཡང་སྙམ་ཡོད།

༥ མ་ཕམ་གཡུ་མཚོ།

       “སྐྱ་མོ་ནི་བསེང་བསེང་མོ། །
       བྲན་གྱི་ཎྀ་སྐལ་པོག་པ། །”
       ཅོ་ཐོགས་ཤིག་གི་ལེ་ལན་གྱིས་རྡོ་རིང་མེད་ཀྱང་རྡོ་རིང་ཡིན་པའི་མ་པང་མཚོ་མཐའི་སྲུང་མ། བློ་ཁོག་མཚོ་མོའི་གཏིང་དང་མཐའ་ནའོ། །

༦ གུ་གེའི་མཁར་ཤུལ།

       རྟ་ཕོའི་རྨིག་སྒྲས་རྒྱལ་ཁམས་ཡོམ་ཡོམ་བསྒུལ། གོ་མཚོན་འཐབ་པ་གནམ་ལྕགས་འོད་ལ་འཆའ། ཟླ་གམ་གོས་ཆེན་སུལ་མོ་འཇོལ་འཇོལ་དང་གསེར་ཏོག་ཁྲི་རྒྱབ་ཟི་མ་ལམ་ལམ་འཕྲོ། ཆོས་སྲིད་སྒྲོ་འཕྲུས་ཉི་ཟླའི་སྣང་བ་འགོག ཡིན་ཡང་མཐའ་བཞིའི་ཉེར་ལེན་བཟློག་དཀའ་བས། གུ་གེའི་ཡུལ་ལུང་གློ་བུར་མུན་པས་བཟུང་། གསེར་གྱི་ཡིག་འབྲུ་འབྱུང་བར་འཐིམས་ཀྱང་འོད་ཟེར་བསྐལ་བའི་མཁའ་ན་འཚེར། ཐུགས་རྗེ་ཆེའོ་ཐབ་ཆུང་ཆུང་ལ་མེ་ཚ་བོ་གཏོང་མཁན། མངའ་རིས་དགྲ་བཅོམ་བཞི་ལ་ཕྱག་འཚལ་ལོ། །

༧ གངས་རིན་པོ་ཆེ།
 
       ཤ་མདོག་ཁྲག་རྒྱུད་མི་གཅིག་མི་ཚོགས་ཀྱིས་རང་རང་གི་དད་མོས་ཁུར་ཏེ་ཁྱེད་སར་སྙེག་གིན་འདུག ངས་ཀྱང་མིང་མི་ཐོགས་པའི་སེམས་འདུན་ཅི་ཞིག་དང་ངག་རྒྱུན་ཡིན་ལ་མ་ཡིན་པའི་གསང་བ་སྣ་ཚོགས་ཁུར་ནས་མི་མང་གི་འཇིངས་སུ་ཞུགས་ཏེ་རྡོག་འོག་གི་སག་སྒྲར་ཉན་གྱིན་ཁྱེད་སར་བསྙེགས།
       ཟླ་འོད་མག་མོག་ཁང་མིག་ནུབ་མར་འཕྲོས་ཤིང་མགོ་བོ་བསྲིངས་ཏེ་ཕྱི་ལ་ལྟ་དུས་མུན་པས་སྐྱ་རེངས་བསླེབ་པར་བསྒུགས་པ་མཐོང་། ནམ་མཁའ་དེ་འདྲའི་མཐོ་བ་ལ། སྐར་ཚོགས་དེ་འདྲའི་མང་བ་ལ། གངས་ལ་གཤོག་པ་ཐོགས་པའི་རས་པ་སྐར་མདའ་བཞིན་དུ་འཚུབ། ང་ཡང་མུན་པའི་ཁྲོད་དུ་ལྷབ་ལྷུབ་འབབ་པའི་ཁ་བའི་འདབ་མ་ཞིག་ཡིན་ན་བསམས།
       རྟག་འཛིན་ཞེན་འཁྲིའི་སྒྲོག་དང་དེའི་མནར་གཅོད་ལས་ཐར་ཨེ་ཐུབ་ལ་གསོལ་བ་ཤབ་ཤུབ་འདེབས་མཁན་ཀྱིས་གདུང་བ་བྱོ། ཡུས་ཕོ།
       གློ་བུར་འབྲུག་སྒྲ་དང་གློག་ཞགས་མཉམ་རུབ་ཀྱིས་མུན་པ་ཚལ་བར་བགོས་ཤིང་། སྤྲིན་དང་སྨུག་པས་ཤས་ཙམ་མ་གོས་པའི་གསེར་ཞལ་ལྷང་ལྷང་མངོན་ཡོང་།
       སེམས་ལ་ཡང་ཆ་ཨེན་ཙམ་ཐོབ་འདྲ་ཡིས་རེ་བ་གཅིག་དེ་ནས་རྫོགས།

༨ ཐར་པའི་ལ།

       དབུགས་ཧལ་ཧལ་བྱེད་པའི་མི་ཚོགས་ཀྱིས་ངའི་ཕ་དང་ངའི་མ་སོགས་ངའི་མང་བའི་འདྲ་པར་བརྩེགས་མ་རེ་རེ་རྒྱབ་ཁུག་ལས་བླངས་ཏེ་ཕ་བོང་དེའི་སྟེང་སྦྱར་བར་ལག་སུ་སྔ་རྩོད། ཁ་སང་གི་དེ་ཚོས་སྦྱར་བའི་པར་དག་གང་འདོད་གད་སྙིགས་སུ་གཡུགས། འཁོན་འཛིང་བྱེད། ཀུ་ཅོ་འདོན། ཁོ་ཚོས་ཁྲིད་ཡོང་བའི་རྣམ་ཤེས་དག་དཀྲོགས་ཏེ་ག་ཤེད་ཅིག་ཏུ་བྲོས་ཡོད་ལས་ཆེ།
       དེ་ན་ས་ཡོམ་དང་མེ་ལྕེ། ཆུ་ལོག དམག་འཁྲུག་དང་ནད་ཡམས་ཁྲོད་ནས་སོང་བའི་རྣམ་ཤེས་འཁྱམ་པོ་དེ་ཚོ་གནས་འདིར་སུ་ཞིག་གིས་འཁྲིད་ཡོང་དགོས་སྙམ་གྱིན་ང་ནི་རང་དབང་མེད་པར་ས་ལ་སྡོད་དགོས་བྱུང་།
       སྐབས་དེར་རང་གི་མེས་པོའི་བླ་མེད་སེམས་བསྐྱེད་གློ་བུར་ཡིད་ལ་འཁོར་བས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་ཅེས་བཟླས། རླབས་ཆེ་བའི་མེས་པོ་ཨང་།

༢༠༢༥ལོའི་ཟླ༩བའི་ཚེས༢༧ཉིན་སྤུ་ཧྲེང་དུ་བྲིས།
འབྲེལ་ཡོད་འོས་སྦྱོར།