logo

ལྷུག་རྩོམ། ཟས་ཡིག་སྲང་བཞི།

རྩོམ་པ་པོ།:འཆི་མེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-04-02 ཀློག་གྲངས།:
       སྒོ་དང་སྒེའུ་ཁུང་གཅིག་དང་ཟས་ཅོག་གཉིས་ལས་མེད་པའི་ཟ་ཁང་ཞིག་ནས་ཨ་མས་ཟས་ཡིག་སྲང་དོ་སྦྱིན་བདག་ལ(སྐབས་དེར་ཟི་ལིང་གི་ཟ་ཁང་ལ་ལར་ཟས་ཡིག་ཟ་མར་བརྗེ་ཐུབ།)སྤྲད་དེ་འཐེན་ཐུག(མཐེབ་ཐུག)དཀར་ཡོལ་གང་བསྐོལ་དུ་བཅུག ངས་ཨ་མར་ཐུག་པ་དཀར་ཡོལ་གང་འུ་གཉིས་ཀྱིས་ཇི་ལྟར་བཏུང་ཞེས་པ་ན་ཨ་མས་ང་རང་འགྲངས་འདུག བཏུང་ས་མེད་ཀི་ཟེར།
       སྦྱིན་བདག་གིས་ཐུག་པ་ཟས་ཅོག་ཏུ་བཞག་པ་དང་ངས་དཀར་ཡོལ་གཉིས་སུ་བགོ་རྩིས་བྱས་པ་ན། ཨ་མས་ང་རང་དངོས་གནས་འགྲངས་འདུག ད་ཐུངས་ཞེས་ཐུར་མ་ཆ་གཅིག་ང་ལ་སྤྲད།
       ངས་ཐུག་པ་དཀར་ཡོལ་གང་བོ་བལྡད་མ་བལྡད་ཀྱང་མ་ཤེས་པར་མིད་དེ་མིག་རྡེབ་ཡུན་ཙམ་ལ་འཐུངས་ཚར་བ་ན། ཨ་མའི་བྱམས་བརྩེ་ལྟེམས་ལྟེམས་ཀྱི་མིག་གིས་ང་ལ་བལྟས་ཡོད་ཅིང་འཛུམ་ཞོར་རྔུལ་ཆུ་ཕྱིས་དང་ཟེར།
       ངས་དཀར་ཡོལ་མགོར་མ་གོན་ཙམ་བྱས་ཏེ་ཞབས་ན་ལུས་པའི་ཁུ་བ་ཁམ་གང་བོ་ཡང་འཐུངས་ཤིང་། དེའི་མུར་དཀར་ཡོལ་ངོས་བལྡག་རྩིས་བྱས་པ་ན་ཨ་མའི་བཞིན་ལ་འཛུམ་གཉོམ་པོ་གཉོམ་པོ་ཞིག་ལངས་ནས་དཀར་ཡོལ་ངོས་མ་བལྡག་དང་ཆོག དེའི་ནང་དུ་ང་ལ་ཆུ་ཁོལ་གང་བླུགས་དང་ཟེར། ཨ་མས་མོའི་རུམ་ན་ཡོད་པའི་གོ་རེ་ཉུང་ཙམ་དེ་གོར་ཧྲོབ་བཅས་པ་ཁར་བཏབ་སྟེ་ཆུ་ཁོལ་འཐུངས།
       ཨ་མ་དངོས་གནས་འགྲངས་འདུག ཆུ་ཁོལ་དཀར་ཡོལ་གང་ལས་ཅི་ཡང་འཐུངས་མ་སོང་། སྟོན་ཀའི་ཉིན་ཞིག་ངས་ཡུལ་ན་ཐང་མ་སྐེམ་བཞིན་ཡོད་དུས་ཤིག་ལ། གློ་བུར་ཕུ་བོས་སྒོ་འབྱེད་ཞོར་དང་རྒྱུག་ཞོར་ནང་དུ་ཡོང་ནས་ཞྭ་མོ་ཕུད་དེ་ནང་ནས་ཡིག་སྐོགས་ཤིག་བླངས་ཤིང་། ཡིག་སྐོགས་ནང་གི་ཐམ་ཀ་ཅན་གྱི་ཡིག་ཆ་ཞིག་ང་ལ་སྟོན་བཞིན་ཁྱོད་ཀྱིས་སློབ་ཆེན་ལ་ཡིག་ཚད་ལོན་འདུག དགུ་བའི་བཅུ་གསུམ་ཉིན་མིང་ཐོ་དགོད་པར་འགྲོ་དགོས་ཟེར།
       ང་རང་མཚར་སྣང་ཅི་ཡང་མེད་པར་སློབ་ཆེན་ཟེར་ན་ཅི་རེད་ཅེས་ཕུ་བོར་དྲིས་པ་ན། ཁོས་ཆུ་རྫའི་རྩ་ནས་ཆུ་གྲང་ཐོམ་བུ་གང་དབུགས་ཐེངས་གཅིག་གིས་འཇོང་རྗེས་སློབ་ཆེན་ཟེར་བ་ནི་སློབ་གྲྭ་ཆེན་མོ་རེད་ཟེར།
       ངའི་སེམས་སུ་སློབ་གྲྭ་ཆེན་མོ་ཞེས་པ་ནི་སློབ་ཁང་དང་ར་སྐོར་སློབ་འབྲིང་ལས་ཆེ་བ་ཡོད་པ་ཞིག་ཡིན་རྒྱུ་རེད་བསམས་སོང་།
       ཕུ་བོས་བརྡ་སྦྱོར་འདི་ཉར་ཚགས་བྱོས། འབྱོར་ཐོ་དགོད་དུས་འཁྱེར་དགོས་ཟེར། ཤོག་ལེབ་དེའི་མགོ་ན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ཞེས་པའི་རྒྱ་ཡིག་དམར་བོ་འགའ་དང་། འགབ་ནའང་ཡིག་གཟུགས་ཅུང་ཆུང་བའི་ཡི་གེ་དེ་དག་དང་། 1983ལོའི་ཟླ9བར་ཞེས་པའི་སྟེང་ལ་ཐམ་ཀ་མནན་པ་དེ་ཙམ་ལས་ངས་བརྡ་ཐོའི་ནང་དོན་ལ་བལྟ་ཙམ་ཡང་མ་བྱས།
       ཨ་མ་དང་ཕུ་བོ་གཉིས་ཀྱིས་གྲོས་བྱས་བྱས་མཐར་ཡར་ལ་མར་ལ་གཉི་གར་འགྲུལ་སྐྱེལ་རླངས་འཁོར་དུ་བསྡད་ན་སྒོར་གྱིས་འདང་དཀའ་བས། མར་ལ་སྒེར་གྱི་རླངས་འཁོར་ཞིག་བཙལ་རྒྱུ་བྱས་སོང་།
       ཟླ་དགུ་བའི་ཚེས་བཅུ་གསུམ་གྱི་ནངས་མོར། ཨ་མ་དང་ཕུ་བོ། སྲུ་མོ་ངེད་བཞི་བོས་ས་དཀྱིལ་སྡེ་བའི་སྲང་མདོ་ནས་ཁོ་ཚོས་གཏམ་ཡོད་པའི་རླངས་འཁོར་ལ་བསྒུགས།
       ཅུང་ཙམ་ནས་བཅིངས་གྲོལ་རྟགས་ཅན་གྱི་རླངས་འཁོར་ཞིག་འདུར་མ་ནུར་གྱིས་ནག་ཡོར་ཡོར་ང་ཚོའི་གམ་དུ་བསྡད་པ་དང་ཕུ་བོ་འཁོར་སྒམ་དུ་འགོས་ཏེ། ཨ་ཙི། རླངས་འཁོར་དུ་རྡོ་སོལ་རྡུལ་སྤུངས་འདུག ང་ཚོ་འདིའི་ནང་ནས་ཇི་ལྟར་འགྲོ་ཟེར་བ་ན་ཁ་ལོ་བ་ཡང་མགོ་སྒམ་ནས་མར་བབས་ཏེ། འདི་རྡོ་སོལ་མ་རེད། ཞ་སྨྱུག་གི་གཏེར་ཕྱེ་རེད། ཁྱོད་ཚོ་འགྲོ་བསམས་ན་སྟེང་དུ་སྡོད། གླ་ཆ་མི་དགོས་ཟེར་བས་ང་ཚོ་ཧ་ཅང་དགའ་བཞིན་ཤོག་སྒམ་དང་རྩྭ་གདན་ཐེད་པོ་ལག་ལ་ཅི་ཚུད་གང་འཚམ་འཁོར་སྒམ་ནང་གི་གཏེར་ཕྱེའི་སྟེང་བཀབ་ཅིང་། ཨ་མས་ཁྱོད་ཀྱི་མལ་གོས་སྡོམ་བྱེད་འབྲེང་རིལ་དེ་ལྕི་བས་ཅུང་སྒུགས་དང་། ང་ཐག་པ་ཕྲ་བུ་ཞིག་ལེན་དུ་འགྲོ་ཟེར་ནས་བུད་སོང་།
       ཨ་མ་ཕྱིར་ཐོན་རག་བར་རླངས་འཁོར་ལམ་ལ་བུད་པས། ང་རང་འཁོར་སྒམ་གྱི་འགྲམ་ཤིང་ལ་འཇུས་ཏེ་ཡར་ལངས་ནས་ངེད་ཚང་གི་རྒྱ་སྒོའི་ཕྱོགས་སུ་བལྟས་པ་ན། ཨ་མས་རླངས་འཁོར་དུང་སྒྲ་ཐོས་པས་ཐག་པ་བཟུང་སྟེ་རྒྱུག་བཞིན་ཡོང་གིན་པ་མཐོང་།
       རླངས་འཁོར་སྡེ་བའི་གཞུང་ཆུ་ཡོད་ས་དེ་བརྒྱུད་སྐབས། ཨ་མ་སྲང་མདོར་བསླེབས་པ་མཐོང་།
       རིམ་གྱིས་ངའི་མཐོང་ལམ་ནས་ཨ་མ་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་པ་དང་སྐྱ་ཐེར་ཐེར་དུ་ཡོད་པའི་སྡེ་བའང་མག་མོག་རབ་རིབ་དང་། ས་དཀྱིལ་སྡོང་ཆེན་ཞེས་རྩེ་མོ་དགུང་ལ་ཟུག་པའི་སྡོང་རྒན་དེ་ཡང་ཇེ་དམའ་ནས་ཇེ་དམར་སོང་སྟེ་མཐར་རྩེ་མོ་ཙམ་ཡང་མི་མཐོང་བར་གྱུར།
       རླངས་འཁོར་མང་བོས་ས་རྡུལ་གཙུབ་ཀྱིན་ཕྱོགས་བཞི་མཚམས་བརྒྱད་དུ་རྒྱུག་གིན་འདུག ང་ཚོ་སྡོད་པའི་རླངས་འཁོར་དེ་བྱང་ནས་བྱང་དུ་རྒྱུག ས་རྡུལ་གནམ་ལ་འགྲོ་ཞིང་ང་ཚོ་རྒྱང་དུ་འགྲོ། ང་རང་སོང་ཤུལ་དུ་ས་རྡུལ་ས་དཀྱིལ་སྲང་ལ་ཕྱིར་བབས།
       དཀྱོག་མང་ལ་འགག་འཕྲང་དོག་པ། ཉི་མ་རེས་གསལ་རེས་མོག་གིས་ཤར་བ། ལམ་ལ་ཁ་ཁུགས་མང་བས་ང་ཚོ་འཁྲབ་མས་འཁྱབ་པ་ལྟར་དོན་ལྔ་སྣོད་དྲུག་རྟིང་འོག་བརྗེས་སོང་སྙམ་པའི་ལམ་ཞིག་བརྒྱུད་སྐབས། ཕུ་བོར་ད་ནི་ང་ཚོ་གང་དུ་བསླེབས་འདུག་དྲིས་པ་ན་ས་འདི་དགུ་རོང་ཁོག་རེད་ཟེར།
       མཚམས་མཚམས་ང་ཚོ་གཏེར་ཕྱེའི་སྟེང་ལ་བཏིངས་པའི་ཤོག་སྒམ་དང་རྩྭ་གདན་གྱི་སྟེང་ན་ཡོད་ལ། སྐབས་སྐབས་རྩྭ་གདན་དང་ཤོག་སྒམ་ང་ཚོའི་ཐོག་ལ་བཀབ་ཡོད་པ་དང་འདྲ། ང་ཚོས་རང་རང་ས་ནས་འཁོར་སྒམ་གྱི་འགྲམ་ཤིང་ལ་འཇུས་འཇུས་ངང་ཟི་ལིང་དུ་ཐོན།
       གཏེར་ཕྱེའི་འོག་ལ་ནུབ་པའི་ངའི་མལ་ཆས་དང་སྒམ་སོགས་ཕྱིར་བླངས་ཏེ་རླངས་འཁོར་ལས་སར་བབས་པ་ན། ཕུ་བོ་དང་སྲུ་མོ་གཉིས་ཀྱིས་ཁྱོད་ཀྱི་ལུས་སྟེང་ན་སོ་མ་གཏོགས་དཀར་བོ་ཞིག་མི་འདུག་ཅེས་དགོད་ཅིང་། ངས་ཀྱང་ཁྱོད་གཉིས་ཀྱི་ལུས་སྟེང་ན་མིག་འབྲས་མ་གཏོགས་དཀར་ཁྲ་ཞིག་མི་འདུག་ཅེས་བགད།
       དེ་ནས་ང་ཚོ་སློབ་གྲྭ་དང་ཁ་ཐག་ཉེ་སའི་ལྷས་ར་ཞིག་ཏུ་སོང་སྟེ་སྦུག་ཆུ་བཙལ་ནས་ལྭ་བ་སྤྲུགས་ཤིང་ཁ་ངོ་གཙང་མར་བཀྲུས་རྗེས་འབྱོར་ཐོ་དགོད་པར་སོང་།
       སློབ་གྲྭའི་སྒོ་ཆེན་ཁར་བསླེབས་པ་དང་བོད་རྒྱ་སོག་གསུམ་གྱི་ཡི་གེས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ཞེས་བྲིས་ཡོད་པའི་སྒོ་བྱང་བརྗིད་པོ་ཅན་དེའི་ནང་དུ་འཛུལ།
       སློབ་གྲྭའི་སྒོའི་ཡར་ནང་དུ་སློབ་མ་གསར་བར་དགའ་བསུ་ཞུ་ཞེས་བོད་རྒྱ་ཡིག་རིགས་གཉིས་ཀྱིས་ཤོག་བུ་དམར་སེར་གློ་ལྗང་སྟེང་ལ་བྲིས་པའི་སྦྱར་ཤོག་དང་འཕྲེད་དར་མང་བོ་ཁྲ་ཁྲ་རིག་རིག་ཏུ་འདུག
       འབྱོར་ཐོ་བཀོད་པ་དང་སློབ་མ་རྙིང་བ་འགས་སྣེ་ཁྲིད་དེ་ང་ཚོ་མལ་ཁང་དུ་བསྐྱོད་དུས། མགོ་ཐོག་ནས་གནམ་གྲུའི་ལྡིར་སྒྲ་གྲགས་པ་དང་ངས་ཁ་གནམ་ལ་འཁོར་ཏེ་རིག་རིག་བྱས་ཤིང་། རྒྱབ་ཕྱོགས་ནས་མེ་འཁོར་གྱི་དུང་སྒྲ་གྲགས་པ་ན་ང་རང་འདྲོགས་འདྲོགས་ཀྱིས་ཁ་ཕྱིར་འཁོར་བ་སོགས་བྱས་པས། ཕུ་བོས་ང་ལ་ཡར་མར་ལ་དེ་འདྲ་རིག་རིག་མ་བྱེད། ང་རང་ངོ་ཚ་བ་ལ། སློབ་གྲྭ་ཆེན་མོ་བ་ཟེར་དུས་གན་ཚོ་ལྟ་བུ་ཞིག་ཡིན་དགོས་ཞེས་ཕྱོགས་ཤིག་བསྟན།
       སྐབས་དེར་ངའི་སེམས་སུ་སློབ་གྲྭ་ཆེན་མོ་ཞེས་པ་ནི་ར་སྐོར་ཆེ་བ་ཙམ་མ་ཡིན་པར། སློབ་མ་རྣམས་ཀྱང་ལོ་ཆེན་པོ་ཡོད་པ། ཕོ་མོ་མེད་པར་ཕལ་ཆེ་བས་ཚི་ལེན་དཀར་བོ་དང་དོར་མ་སྔོ་ནག་གམ་ལྗང་གུ་གྱོན་པ། ཕོ་རྣམས་ནི་ཚི་ལེན་འདབ་ཀ་དོར་མའི་ནང་བཅུག་སྟེ་གོན་དགོས་པ་དེ་འདྲ་ཞིག་ལ་གོ་བ་བླངས།
       ཕུ་བོའི་ཚིག་དང་རྣམ་འགྱུར་ལ་གཞིགས་ན་ང་རང་ཐེངས་དང་པོར་གྲོང་ཁྱེར་དུ་ཡོང་བ་ནི། བཤས་ཁང་ནས་ཐར་ཏེ་མི་ཚོགས་དང་རླངས་འཁོར་གསེང་ན་ཡར་རྒྱུག་མར་རྒྱུག་བྱེད་པའི་གཡག་གསར་ཞིག་དང་འདྲ་ཨང་སྙམ་པ་བྱུང་།
       ཕུ་བོ་དང་སྲུ་མོ་གཉིས་ཀྱིས་ང་ལ་སློབ་སྦྱོང་དང་འཚོ་བའི་མཁོ་ཆས་དག་ཚགས་སུ་ཆུད་པ་བྱས་རྗེས་ཕྱིར་ཕ་ཡུལ་ལ་ལོག་ཅིང་། ང་ཡང་སློབ་ཆེན་གྱི་འཚོ་བའི་ཁྲོད་དངོས་སུ་ཞུགས།
       ཡུལ་དང་མི་ལ་མ་འདྲིས་པའི་དུས་ཡུན་ནང་ཡི་མུག་ལ་དགོད་བྲོ་བའི་གཏམ་རྒྱུད་མང་བོ་ཡོད་དེ། དཔེར་ན་ངའི་ལྷུག་རྩོམ«སྒམ»ཞེས་པའང་སྐབས་དེའི་འཚོ་བའི་ཆ་ཤས་ཤིག་ཡིན་ལ། སློབ་ཆེན་སྐབས་ཀྱི་རིག་གནས་མཁའ་དབུགས་དང་སློབ་སྦྱོང་གི་གནས་བབས། འཚོ་བའི་ཆ་རྐྱེན་ནས་སེམས་ཀྱི་འཁྱེར་སོ། ལས་ཀྱི་གོད་ཆག་སོགས་དང་དེ་ལས་བྱུང་བའི་ལུས་དང་སེམས་ཀྱི་དཀའ་སྡུག་དྲན་མི་བཟོད་པ་དག་གི་གྲུ་དང་ཟུར་རེ་ལྷུག་རྩོམ་རིང་མོ«མི་ཚེའི་བཞུད་ལམ»དང་། «ཟངས་ཀྱི་མེ་ལོང་ནང་གི་འཇིག་རྟེན»ཞེས་པའི་སྙན་དེབ་ཀྱི་མཇུག་བྱང་གྲོག་མའི་སུག་རྗེས་སོགས་སུའང་ཟུར་བལྟས་ལེབ་མཐོང་ཐུབ་པས། ཕལ་ཆེར་ཁྱེད་ཀྱིས་ཀྱང་རྩོམ་དེ་དག་གི་ཁྲོད་ནས་ང་རང་མཐོང་མྱོང་ཡོད་སྲིད།
       དེ་ལྟར་ཟླ་ངོ་གསུམ་ཙམ་འགོར་པ་དང་གྲང་ངར་ཧ་ཅང་ཆེ་བའི་ཕྱི་དྲོ་ཞིག་ལ། ངས་སློབ་ཁང་གི་ལྷོ་ལྟའི་སྒེའུ་ཁུང་དཀྱིལ་མ་དེ་ནས་སྟོན་རླུང་གིས་བདས་ཤུལ་དུ་ལྷག་པའི་སྡོང་ལོ་སྐམ་པོ་དག་གྲང་རླུང་གིས་སྤུར་བའི་རྣམ་པར་ཧད་དེ་ཡོད་དུས་འཛིན་གྲྭའི་སློབ་གྲོགས་ཕོ་ཞིག་གིས་སློབ་ཁང་སྒོ་ཁ་ནས། པདྨ་འཚོ། ཁྱོད་ཀྱི་ཨ་མ་བསླེབས་འདུག ནུབ་ཀྱི་ཐོག་ཁང་དང་པོའི་སྒོ་ཁ་ན་ཁྱོད་ལ་བསྒུགས་འདུག་ཟེར། ང་རང་ཧ་ལས་ཤིང་ཡིད་མ་ཆེས་པའི་ངང་ཧོར་རྒྱ་སྡེ་བའི་མན་ཆད་ལ་འགྲོ་མྱོང་མེད་ཅིང་། འཁོར་དུག་གིས་རླངས་འཁོར་མཐོང་ན་མགོ་ཡུ་འཁོར་བའི་ཨ་མ་ལགས་ཟི་ལིང་དུ་ཇི་ལྟར་ཡོང་བ་ཡིན་ནམ་སོགས་ལ་བསམ་བློ་གཏོང་ཞོར་བརྒྱུགས་ཏེ་སོང་བ་ན་ཨ་མ་དངོས་གནས་བསླེབས་འདུག
       ང་ཚོའི་འཛིན་གྲྭའི་སློབ་གྲོགས་བུ་མོ་གཞན་ཞིག་གི་ཨ་མ་དང་ངའི་ཨ་མ་གཉིས་ཀྱིས་ཤོག་སྒམ་འགའ་མདུན་དུ་བཟུང་ནས་སློབ་ཁྲིད་ཐོག་ཁང་གི་སྒོ་ཆེན་ཕྱོགས་སུ་བལྟས་ཏེ་ཡོད་ཅིང་། ངས་རྒྱང་ནས་ཨ་མ་མཐོང་མ་ཐག་མཆི་མ་དབང་མེད་ལྷུང་ཡོང་།
       ཨ་མས་གནས་ཡུལ་ན་ཡོད་པའི་ཨ་ཅེ་ལ་བཟོས་ཚར་ཐགས་བབས་ཤིག་ཡོད་པ་དེ་གོན་ཡོད་ཅིང་། ནང་གོས་སུ་ཕུ་བོས་ཁོ་རང་སློབ་འབྲིང་དུ་ཡོད་དུས་བལྟས་མྱོང་བའི་གློག་བརྙན། ལག་སྒྲོག་བརྒྱབ་པའི་འགྲུལ་བཞུད་པ་ཞེས་པའི་ནང་གི་མི་སྣ་ཀྲང་ཆཱང་ཟེར་བ་དེས་གོན་ཡོད་པའི་བལ་ལྭའི་སྟོད་གོས་གོང་བ་མཐོན་པོ་ཡོད་པ་དེ་འདྲ་ཞིག་ང་ལའང་ངེས་པར་དགོས་ཞེས་ཉིན་མཚན་མང་བོར་ཨ་མར་བཤད་མཐར་ཉོས་པའི་སྟོད་གོས་དེ་གོན་འདུག ཕུ་བོ་ལགས་ཀྲང་ཆཱང་གི་ཆོན(ང་ཚོའི་ཕ་ཡུལ་གྱི་སྦྲགས་སྐད་ཅིག་སྟེ功夫ལ་གོ་དགོས།)ལ་ཡིད་སྨོན་ཤོར་བས་དེའི་བལ་ལྭ་དང་ཆ་འདྲ་བ་དེ་གོན་ནས་ནམ་རྒྱུན་ཧེས། ཧ། ཟེར་བཞིན་གནམ་ལྡིང་ས་ལྡིང་བྱེད།
       ཨ་མ་ཟི་ལིང་དུ་ཆས་དུས་ཚི་ལེན་རན་པ་ཞིག་ཀྱང་གོན་རྒྱུ་མེད་པས་ཕུ་བོས་ཁོའི་བལ་ལྭ་དེ་གོན་དུ་བཅུག་པ་རེད། ཨ་མའི་ཉམ་ཆུང་བའི་ལུས་པོས་བལ་ལྭ་བཀང་མ་ཐུབ་པར་སྟོང་བར་སྣང་ཞིང། ཐ་ན་ཨ་མའི་སྐེ་ཡིས་ཀྱང་བལ་ལྭའི་གོང་བ་བཀང་མེད་ལ། ཕུ་རུང་ཡང་རིམ་པ་གསུམ་ཙམ་བརྫེས་འདུག
       ད་རུང་མོས་གོན་ཡོད་པའི་ཨ་ཅེའི་ཀོ་ལྷམ་དེའི་རྟིང་ཀ་ན་འཛེར་མ་ཞིག་ལྷམ་གྱི་ནང་ན་ཡར་བུད་ཡོད་པ་དེས་ཕྱི་རྟིང་གཙགས་པ་རེད་ཟེར་ནས་གྱོལ་གྱིན་གྱོལ་གྱིན་འགྲོ།  གྱོལ་ཏེ་འགྲོ་བའི་རྒྱབ་གཟུགས་ལས་ལྭ་བའི་འདབ་ཀ་དང་ལྷམ་གྱི་རྟིང་ཀའི་བར་ན་རྐང་འབོབ་ཐེད་པོ་དེ་ཡང་ཕྱིར་མངོན།
       ངས་ཨ་མའི་རྒྱབ་གཟུགས་དང་ལྭ་བ། སྒོས་སུ་ཉམ་ཐག་པའི་བཟོ་ལྟ་མཐོང་བས་ངུ་སྙིང་བསྲན་དཀའ་བ་ཞིག་བྱུང་མོད། འོན་ཀྱང་མིག་མཐའ་ན་གཡོ་བའི་མཆི་མ་ངས་མིག་མཐའ་ནས་བསྲད་དུ་བཅུག་སྟེ་ཨ་མའི་མཐོང་ས་ནས་མཆི་མ་ཐིགས་པ་གཅིག་ཀྱང་ལྷུང་དུ་མ་བཅུག
       ཨ་མ་གཞན་དེས་རྩག་པ་འཇོལ་ལོ་ལོ་ཞིག་དང་རྒྱ་ལྷམ་ནག་ཀྲིག་ཀྲིག་བྱེད་པ་ཞིག་གོན་ཡོད་ལ། ལུས་ཟུངས་ཀྱང་ཧ་ཅང་དར་བས་དམར་མདངས་ལ་སྨུག་མདངས་འདྲེས་པ་ཞིག་འདུག ད་རུང་རྒྱུ་འབྱོར་གྱི་དྲེགས་པས་སྐད་ཆ་བཤད་ནའང་སྐད་མགོ་བླ་ལྷག་གིས་མཐོ།
       ང་ཚོ་ཉལ་ཁང་དུ་བསླེབས་པ་དང་ཨ་མ་གཞན་དེས་མོས་ཁྱེར་ཡོང་བའི་ཤོག་སྒམ་རེ་རེའི་ཁ་ཕྱེས་ཏེ་སྣུམ་བཙོས་གོ་རེ་དང་ཤ སྐམས་ལུག་གི་ནང་ཁྲོལ་བཙོས་མ་མང་བོ་ང་ཚོའི་ཟས་ཅོག་རིང་བོ་དེའི་སྟེང་སྤུངས་ཤིང་ཚང་མར་ཟོ་ཟེར།
       སྐབས་དེར་ངའི་ཨ་མས་ཧ་ཅང་མངོན་ཆུང་གིས་མོ་རང་གི་ཤོག་སྒམ་ཁ་ཕྱེས་ཏེ་གོ་རེ་ཐལ་བསྲེགས་མ་གཅིག་དང་ཆང་བ་ལི། སྲན་ཆེན་བརྔོས་མ་རས་ཁུག་ཆུང་བ་གང་བཅས་ཟས་ཅོག་གི་ཟུར་ཞིག་ཏུ་བཞག་སྟེ་ཚང་མར་ཟོ་ཟེར་མོད་དེ་ལ་མིག་གིས་ལྟ་མཁན་མི་འདུག
       སྐབས་དེར་ངའི་ཡ་ཁོག་ནས་སྙིང་དམར་བོས་དགུ་མདུད་བརྒྱབ།
       ཅུང་ཙམ་གྱི་རྗེས་ལ་ཨ་མ་གཞན་དེས་ངེད་ཀྱི་རྒད་པོས(ཁྱོ་ག)ཞག་རེར་ཉལ་ཁར་འབྲོང་ཁྲག་ཁར་རེག་ཏུ་བཅུག་པས་ངའི་ལུས་ལ་དྲོད་ཚད་མེད་རྒྱས་ཡོང་ཞེས་རྩག་པའི་ཕུ་རུང་གཡོན་པའང་ཕུད། མོའི་དཀར་གཙང་གི་ཚི་ལེན་དེའི་བྲང་ཁུག་ཁབ་གཟུང་གིས་མནན་པ་དེའི་ནང་དུ་སྒོར་མོ་བཅུ་ཤོག་ནག་ཁྲ་སྟེང་དུ་བཟོ་ཞིང་དམག་གསུམ་གྱི་རི་མོ་ཅན་བརྩེགས་མ་ཅུང་མཐུག་པོ་ཞིག་ཀྱང་མཐོང་།
       དུས་ཚོད་བཅུ་བར་ཐོན་པ་དང་མལ་ཁང་གི་གློག་གཟིམས། ང་ཚོ་རང་རང་གི་མལ་ཁྲིའི་ཐོག་ཏུ་སོང་སྟེ་ཞག་སྒྲོན་བཀར་ནས་མུ་མཐུད་ཁ་ཏ་སྣ་ཚོགས་བྱས།
       སྐབས་དེར་ཨ་མས་མོའི་རུམ་ནས“天河”རྟགས་ཅན་གྱི་འདག་རྫས་ཁུག་མ་གཙང་མར་བཟོས་ཤིང་བལ་ཐིག་གིས་མདུད་ཡོད་པ་ཞིག་ཏུ་ཤ་བཙོས་ཏེ་གཙབས་པ་ཁྱོར་གང་ལོངས་ཙམ་དེ་ཕྱིར་བླངས་ནས་ང་ལ་ཟོ་ཟེར། ངས་འུ་གཉིས་མཉམ་དུ་ཟ་ཞེས་པ་ན་ཨ་མས་ངས་རྒྱུན་པར་ཡུལ་ན་ཟ་བཞིན་ཡོད་པས་བཟའ་མི་འདོད། ཁྱོད་ཀྱིས་ཟོ་ཟེར།
       ཁྱིམ་ན་ཤ་གང་འདོད་བཟའ་རྒྱུ་ཡོད་མེད་ཁྱེད་ཀྱིས་ང་ལ་བཤད་ཅི་དགོས། ཆུ་ཤོག་ཁུག་མའི་ནང་གི་ཤ་དེས་ཀྱང་ང་ལ་གསལ་བོར་བཤད་སོང་བས། ཨ་མས་ང་ལ་གདོང་ཕྲུམ་གཟེར་ཡོང་བའི་གཤོབ་ཅིག་གཏམ།
       ད་རུང་སྐ་རགས་ཁུད་དུ་གཅུད་པའི་སྒོར་འགའ་བོ་དང་ཟས་ཡིག་སྲང་བཞི་བླངས་ཏེ་སང་ཉིན་འུ་གཉིས་ཀྱིས་ཟི་ལིང་རྒྱ་སྲང་ནས་ཟ་མ་ཞིམ་པོ་ཞིག་བཟའ་ཟེར།
       ཕྱི་ཉིན་ཨ་མ་གཞན་དེ་དང་སློབ་གྲོགས་བུ་མོ་གཞན་རྣམས་སྲང་ལ་ཉུལ་དུ་སོང་། ངའི་ཨ་མ་ངེད་གཉིས་གང་ལའང་མ་སོང་བར་ཉལ་ཁང་དུ་བསྡད། ཉིན་གུང་རན་པ་དང་ང་རང་སློབ་གྲྭའི་ཇ་ཁང་དུ་ཟ་མ་ལེན་པར་ཆས་པ་ན། ཨ་མས་ངའི་ལག་ཏུ་སྒོར་འགའ་དང་ཟས་ཡིག་སྲང་བཞི་བོ་དེ་བཞག་ནས་སློབ་གྲྭའི་ཕྱི་ལ་ཟ་མ་ཉོ་རུ་སོང་། གང་ཞིམ་ན་དེ་ཉོས་ཤོག་ཟེར།
       ཨ་མར་འཁོར་དུག་ཅུང་ཙམ་ཕོག་ཡོད་པས་ངས་ཀྱང་ཟ་མ་སྐྱུར་མོའི་རིགས་ཤིག་བཟང་རྒྱུ་རེད་བསམས་ཏེ་སྒོ་ཆེན་ཁའི་ཁ་ཆེ་མ་དེར་ཟས་ཡིག་སྤྲད་ན་ཉང་ཕེས(酿皮)ཨེ་བཙོང་དྲིས་པ་ན་ངས་མི་བཙོང་། ཡིན་ནའང་ཟམ་པའི་ཁ་གཏད་ཀྱི་ཁྱིམ་ཚང་དེས་འཚོང་གིན་འདུག་ཅེས་ཕྱོགས་དེ་བསྟན།
       དེ་ནས་ང་རང་ལོག་གར་གྱི་ཞིང་ཚིགས་བརྒལ། དཔྱངས་ཟམ་བརྒྱུད་དེ་ཙོང་ཆུའི་ཕར་ངོགས་ཀྱི་ཁྱིམ་ཚང་དེར་སོང་ནས་དྲིས་པ་ན། ཁ་སྤུ་དང་སྣ་སྤུ་འདྲེས་ཏེ་ཡོད་པའི་སྐྱེས་པ་ཞིག་ཡོང་ནས་ཟས་ཡིག་ཡིན་ནའང་ཆོག་ཟེར། ངས་ཉང་ཕེས་སྡེར་མ་གང་ལ་སྐྱུར་ཁུ་མང་ཙམ་བླུགས་ནས་ཟས་ཡིག་སྲང་དུ་དགོས་ཞེས་པ་ན་གང་གིས་ཆོག་ཟེར།
       སྐྱུར་ཁུའི་དྲིན་ལ་ཨ་མར་རྣམ་རིག་འདྲ་ཞིག་རྒྱས་འདུག་པས། ཕྱི་ཉིན་ང་ཚོ་ཚང་མ་མཉམ་པོར་སྐུ་འབུམ་དགོན་པར་མཆོད་མཇལ་དུ་སོང་།
       ཨ་མ་འདུ་ཁང་རེ་རེར་མཇལ་དུས་མོའི་དད་ཡུལ་དེའི་མིང་ནས་བོས་ཏེ་ཕྱག་གསུམ་རེ་འཚལ།
       མཆོད་མཇལ་གྲུབ་རྗེས་ཨ་མ་གཞན་དེ་དང་མོའི་བུ་མོས་ཟ་ཁང་གང་བཟང་ཞིག་འཚོལ་གྱིན་འདུག་ཅིང་། ངའི་ཨ་མ་ངེད་གཉིས་ལ་ཡོག་ཅིག་ལ་སོང་སྟེ་སྒོ་དང་སྒེའུ་ཁུང་གཅིག་དང་། ཟས་ཅོག་གཉིས་ལས་མེད་པའི་ཁང་མིག་ཅིག་ཏུ་འཛུལ་ནས་ཟས་ཡིག་སྲང་དོ་སྤྲད་དེ་མཐེབ་ཐུག་དཀར་ཡོལ་གང་བསྐོལ་དུ་བཅུག་ཅིང་། ཨ་མས་མོ་རང་འགྲངས་འདུག་ཟེར་བས་ང་གཅིག་པུས་འཐུངས།
       སྐུ་འབུམ་ནས་ཕྱིར་ཟི་ལིང་དུ་ལོག་པའི་ལམ་བར་དུ་ཨ་མ་གཞན་དེས་ངེད་ཀྱི་རྒད་པོ་ངེད་གཉིས་ཟི་ལིང་དུ་ཡོང་བ་གྲངས་མེད་ཅིང་། སང་ལོར་ངེད་ཀྱི་རྒད་པོས་ང་རང་ལྷ་སར་འཁྲིད་རྒྱུ་ཟེར་སོགས་ལམ་ཐག་ཧྲིལ་བོར་མོ་རང་ཁོ་ནས་སྐད་གསེང་མཐོན་པོས་གང་དྲན་དྲན་བཤད་དེ་ཡོང་ཞིང་། གླ་གཏོང་ཁ་ལོ་བས་མཚམས་མཚམས་ཕྱིར་འཁོར་ཏེ་རེ་རེ་ལྟ།
       ངེད་ཀྱི་ཨ་མར་ལམ་ཐག་ཧྲིལ་བོར་ཚིག་གཅིག་ཀྱང་མི་འདུག
       ངས་སྐད་མགོ་དམའ་མོས་ཨ་མར་ང་ཚོ་ལག་ཆགས་ན་ཁྱོད་ལ་རྩག་པ་འཇོལ་ལོ་ལོ་ཞིག་གོན་དུ་བཅུག་སྟེ་ཉི་མ་ལྷ་སར་མཆོད་མཇལ་དུ་འཁྲིད་ཅེས་བཤད་པ་ན། ཨ་མས་འཛུམ་གཉོམ་པོ་གཉོམ་པོ་ཞིག་དང་བཅས་ཡ་ཟེར། ད་རུང་ངའི་མགོ་ལ་བྱིལ་བྱིལ་ཞིག་ཀྱང་བྱས།
       དགོང་མོ་མལ་དུ་ཉལ་རྗེས་ཨ་མས་ང་ལ་ཉིན་འདི་འགར་རྒྱུན་དུ་སློབ་གྲྭའི་ཇ་ཁང་ནས་ཟ་མ་ཟོས་པས་ད་ནི་ཁྱོད་ལ་ཟས་ཡིག་ཀྱང་མང་བོ་ལྷག་ཡོད་མི་སྲིད་པས། ཟླ་ངོ་འདི་ཁྱོད་ཀྱིས་ཇི་ལྟར་འཕུད་ཅེས་སེམས་ཁྲལ་བྱེད་ཅིང་། ངས་དེར་སྐྱོན་ཡོད་པ་མ་རེད།  འབྲས་ཁུ་དང་ཞོག་ཁོག་བརྔོས་མ་གང་འདོད་ཟོས་ཆོག་ཅེས་མོ་ལ་སེམས་གསོ་བྱས།
       ཕྱི་ཉིན་ནངས་མོ་ཨ་མ་ཕྱིར་ཡུལ་ལ་ལོག་ཁར་ཤུལ་དུ་ལྷག་པའི་ཟས་ཡིག་སྲང་གང་ཡོད་པ་སྐ་རགས་ཁུད་ནས་བླངས་ཏེ་ང་ལ་སྟེར་ཞོར། མིག་ཟུང་དུ་སེམས་ཁྲལ། གྱེས་གདུང་། ང་རང་བློས་མི་ཐོངས་པ་སོགས་ཀྱི་མདངས་ཤིག་འཁྱིལ་ནས་འདིས་ཉིན་ཞིག་ཟ་མ་ཞིམ་པོ་ཞིག་ཟོ་ཟེར། ……

༢༠༢༥ལོའི་ཟླ༦པའི་ཚེས༡ཉིན་རེབ་གོང་དུ།

རྩོམ་ཁུངས། «ནས་ཀྱི་གྱེ་མ།»
འབྲེལ་ཡོད་འོས་སྦྱོར།