logo

བུད་མེད་ཀྱི་རྟོགས་བརྗོད། དཔལ་མོ།

རྩོམ་པ་པོ།:དཔལ་མོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-04-08 ཀློག་གྲངས།:
བུ་མོ།
བཞི་གཉིས་བརྒྱད་ལ་མ་ལོན་གོང་ནས་ལྷད་མེད་བྱིས་པའི་སེམས་ངོ་ལ།།
བུ་མོ་ཞེས་པའི་ཐ་སྙད་སྡུག་པོས་དམན་ཞིང་བཙོག་པའི་དྲི་ནག་བྱུགས།།
སྲོལ་རྒྱུན་ངན་པའི་རྒྱུན་བུ་ཕྲ་མོས་ཡིད་ཀྱི་ཕུགས་བསམ་རབ་འཁྱིགས་པས།།
བློ་དང་རིག་པའི་ཐང་དཀར་རྒོད་པོ་ཡན་དུ་འཕུར་བའི་གཤོག་ཟུང་བྲེགས།།
མ་ཡི་ལྷུམས་ནས་ངུ་བའི་ངག་གིས་ཐོག་མའི་དབྱངས་རྟ་གྱེར་པ་ནས།།
ཚེ་སྲོག་ཕྲ་མོའི་མེ་ཏོག་དམར་པོ་གཞན་བརྟེན་འཚོ་བའི་དོང་ལ་བཏབ།།
ཟང་ཟིང་འདོད་པའི་ལོངས་སྤྱོད་ཡོད་ཚད་ནམ་མཁའི་འཇའ་ལྟར་རྒྱང་ཐག་རིང་།།
བློ་དང་ཤེས་རབ་སྤོབས་པ་ཐམས་ཅད་གཟུགས་མེད་རལ་གྲིས་རྩ་ནས་གཏུབས།།

བག་མ།

ལྔ་གསུམ་བཅོ་ལྔའི་ལང་ཚོ་མ་སྨིན་བྱིས་པ་སྣབས་ལུག་ཡིན་དུས་ནས།།
ལས་དང་རང་དབང་ཡེ་ནས་ཤོར་པའི་བདག་གི་ཨ་ཅེ་ལས་ངན་མ།།
ཕ་དང་ཨ་ཁུའི་བཀའ་ལུང་བཙན་པོས་བུ་མོ་འགྲོ་ས་གནས་ཡིན་ཅེས།།
ཉིན་བཟང་ཟླ་ཚེས་གསར་བ་ཞིག་ལ་གཡུ་བྱུར་རྒྱན་ཆ་མི་ཐེག་བཞིན།།
འདོ་རིག་རྟ་བོ་ར་ཁྲའི་གོང་ནས་རྒྱུས་མེད་ས་མཐའི་ཡུལ་ལ་བརྫངས།།
ཡུམ་དང་མ་ཤི་གསོན་པོར་འབྲལ་ཁའི་མ་བུའི་མཆི་མ་ཆར་བཞིན་ཕབ།།
སྲོལ་རྒྱུན་རྙིང་བའི་འཆིང་ཐག་དམ་པོས་ཨ་ཅེའི་ཁ་ཟས་རབ་བསྡམས་པས།།
ཟླ་ཤས་རིང་ལ་མཉེན་ལྕུག་ལུས་པོ་སོག་མ་སྟོང་བའི་རྗེས་སུ་འགྲོ།།

མནའ་མ།

སྒང་པ་བོད་པའི་འགྲོ་ལུགས་ཡིན་ཅེས་སྐྱེ་ཁམས་མྱུ་གུ་མ་འབུས་རུང་།།
རྒྱུས་མེད་འདོད་ལྡན་ཁྱོ་ག་གསར་བུས་ཨ་ཅེའི་ལང་ཚོ་རྨང་ནས་བཅོམ།།
དམར་ཡག་ཝ་མོའི་གཡོ་སྒྱུ་ལྡན་པའི་ཨ་ནེ་བཙན་མོའི་མནར་གཅོད་ལས།།
རྩྭ་ལྟར་ཕྲ་ཞིང་ཆུ་བཞིན་གཉོམ་པའི་ཨ་ཅེ་ལུས་ཟུངས་རྒུད་ན་ཡང་།།
ཁ་སྐྱེངས་ངོ་ཚ་ལོ་གཅིག་ཟེར་ཏེ་ཚིམ་པའི་བཟའ་བཏུང་དུག་བཞིན་བསྒགས།།
ན་ཆུང་བུ་མོའི་མཛེས་སྡུག་ལང་ཚོ་རྙིང་ཞེན་མུན་ནག་དོང་ན་རྙིད།།
བརྒྱད་གཉིས་བཅུ་དྲུག་ཡོངས་སུ་མ་རྫོགས་བསམ་མེད་ཨ་ཅེ་གནས་ན་སྡུག།
དབྱར་དགུན་དུས་ཀྱི་གྲང་ངར་ཁྲོད་ནས་བྲིན་མེད་གཡོག་མོའི་འཚོ་བ་རོལ།།

ཆུང་མ།

ཨ་ར་གསར་ར་ལོ་གཅིག་ཟེར་བའི་སྲོལ་ངན་ལུགས་ཀྱི་འགྲོ་སྟངས་ལ།།
འདོད་པའི་ཡོན་ཏན་ཐམས་ཅད་བསྡམས་ཏེ་དུད་འགྲོ་བོང་བུའི་བརྟུལ་ཞུགས་འཛིན།།
མི་ཚེ་གསར་བའི་ཁ་ཕྱོགས་མི་རྙེད་བཅུ་དྲུག་ལང་ཚོ་འདམ་ལ་འབྱར།།
རླབས་ཆེན་ཨ་མའི་སྐྱེ་བ་བླངས་ཀྱང་མངལ་གྱི་ཕྲུ་གུ་ཡང་ཡང་ཞིག།
བདེ་སྐྱིད་འཚོ་བར་རེ་ཐག་ཆད་ཅིང་ལང་ཚོའི་གཟི་མདངས་ཉམས་ན་ཡང་།།
གནམ་ལྕགས་ཐོག་གི་མི་ཁ་རྒོད་པོར་རྒོལ་ལན་བཙན་པོ་ཇི་ལྟར་སྤྲོད།།
ཤེས་བློའི་འདབ་མ་རབ་ཏུ་རྒྱས་པའི་སྐལ་བཟང་དུས་ཤིག་སུ་ཡིས་གནང་།།
མུག་ལས་སྡུག་ལས་ལོ་གཅིག་གིས་ནི་གནས་ལུས་བུ་མོའི་རྟོགས་པ་བརྗོད།།

སློབ་མ།

དུས་རབས་གསར་བའི་ཉི་གཞོན་འོད་ཀྱིས་ཞིང་འབྲོག་བུ་མོའི་མདུན་ལམ་བསྒྲོན།།
ཤེས་བྱ་རིག་པའི་སྐལ་བཟང་མེ་ཏོག་ན་ཆུང་བུ་མོའི་རྒྱན་དུ་དཔྱངས།།
སྐྲ་རིང་མ་དང་བློ་ཐུང་མ་ཡི་ལུང་མེད་ཁ་དཔེ་སྐམ་པོ་དེ།།
ལག་ལེན་གསེར་གྱི་ཐིགས་པས་བཀག་པས་ལོ་རྒྱུས་ཆུ་བོ་ལྡོག་ཏུ་བཞུར།།
ཟང་ཟིང་ནོར་གྱིས་ཡང་ཡང་བསླུས་ཀྱང་མི་འགྱུར་བསམ་བློ་རི་བཞིན་བརྟན།།
གཞོན་པའི་དུས་ཀྱི་ཕུགས་བསམ་མེ་ཏོག་མ་འོངས་འཚོ་བའི་ལམ་ན་བཞད།།
གངས་ཅན་བོད་པའི་བློ་གསལ་དོན་གཉེར་གྲངས་མེད་བུ་མོའི་རྒྱན་ཆ་ནི།།
རང་གཅེས་གཞན་བཀུར་ཞི་དུལ་སྤྱོད་བཟང་ཕ་བཟང་བུ་མོའི་གཙུག་ན་མཛེས།།

འཕྱོན་མ།

དང་བོ་དྲིན་ཆེན་མ་ལོའི་རུམ་ནས་མཉེན་ལྕུག་སེམས་པ་མ་འབུས་གོང་།།
ངོ་མཚར་ཚེ་ཡི་མེ་ཏོག་འདེབས་མཁན་དྲིན་ཆེན་ཕ་མའི་བྱམས་བརྩེ་ལས།།
སྲིད་པའི་ཁྱོན་ཀུན་ཇི་ལྟར་མྱུག་ཀྱང་འགྱུར་མེད་བློ་སེམས་རྣམ་དག་ཅིག།
བར་དུ་རྒྱུས་མེད་ས་མཐའི་མི་ཡིས་བརྩེ་སེམས་མདའ་མོ་ཁྱོད་ལ་འཕངས།།
ཁྱོད་སེམས་ཡུ་མོ་རྙི་ཡིས་ཟིན་པས་སྙིང་ཁོང་ག་བུར་བཅུད་ཀྱིས་བཟི།།
ཨ་གསར་སྙན་མོ་ཚིག་གི་རྒྱན་ཆས་བརྩོན་སེམས་རྟ་ཕོ་ཡན་ལ་བཏང་།།
ཐ་མར་ལང་ཚོའི་མེ་ཏོག་རྙིད་དུས་དམ་ཚིག་བྱེ་ཆངས་ངང་གིས་ཐོར།།
སྲོལ་རྒྱུན་བཟང་བོའི་མར་ལོ་སྤྱུགས་ཏེ་བག་མེད་འཕྱོན་མའི་རྣམ་ཐར་འཐུ།།

མཛངས་མ།

ཁྲེལ་དང་ངོ་ཚའི་མེ་ཏོག་དམར་པོ་བོད་ཀྱི་བུ་མོའི་མཁུར་ན་མཛེས།།
ཞི་དུལ་སྤྱོད་བཟང་གངས་ལྷའི་དྲི་ཞིམ་གོ་ལ་ཟླུམ་པོའི་ཁོངས་སུ་འཐུལ།།
རྒན་བཀུར་གཞོན་གཅེས་ཁྱོ་ག་བྱམས་ཤིང་ཁྱིམ་གཞི་དྲོན་མོ་ཐབས་ཀྱིས་སྐྱོང་།།
དུས་རབས་གསར་བའི་མཛའ་གླུ་སྙན་མོ་རང་ཡུལ་ཕ་སའི་ཕྱོགས་ལ་འདྲེན།།
ལ་རྒྱའི་དར་ལྕོག་མཐོན་པོར་སྒྲེང་ཞིང་བརྩོན་པའི་ཆུ་རྒྱུན་རྟག་ཏུ་བཞུར།།
སྐྱེ་བ་མི་དམན་བློ་སྤོབས་མཐོན་པོས་གཞན་ཕན་མཛད་རྗེས་ཁུར་དུ་ལེན།།
འཆིང་བྱེད་མ་ཞེས་རབ་ཏུ་སྒྲོག་ཀྱང་ཕ་རོལ་སྐྱེ་འགྲོའི་སྡུག་བསྔལ་ཀུན།།
འཆིང་བར་མི་བྱ་སྒྲོལ་བར་བྱེད་མཁས་རྗེ་བཙུན་སྒྲོལ་མའི་རྣམ་འཕྲུལ་འཛིན།།

ཨ་མ།

འཇིག་རྟེན་སྐྱེ་འགྲོའི་སྲོག་གི་མེ་ཏོག་ལྷུམས་ཀྱི་བུམ་ནང་འདེབས་མཁན་མ།།
ཟླ་དགུ་ཞག་བཅུར་ལུས་ལ་ཁུར་ཅིང་བྱམས་བརྩེའི་དྲོད་ཀྱིས་གཉོར་མཁན་མ།།
འབྱོར་བས་རྒུད་ཀྱང་ཐབས་དང་བརྩོན་པས་བུས་ཕྲུག་སྐྱོང་བའི་མཛངས་ལྡན་མ།།
རིན་ཆེན་མི་ལུས་གསེར་གྱི་པད་མ་འཕགས་ནོར་བདུན་གྱིས་བརྒྱན་མཁས་མ།།
དུག་གསུམ་མེ་ལྕེ་རབ་ཏུ་གནོན་པའི་བྱང་སེམས་སྦྲང་ཆར་ཕབ་མཁས་མ།།
སྲིད་པའི་མཛེས་རྒྱན་གཙུག་ཏུ་ལེན་པའི་གནམ་ཕྱེད་འདེགས་པའི་སྤྱོད་བཟང་མ།།
བྱམས་དང་སྙིང་རྗེའི་བདག་ཉིད་ཅན་ཀྱེ་བདག་གི་ཨ་མ་བྱམས་ལྡན་མ།།
བདུན་བདུན་བཞི་བཅུ་ཞེ་དགུའི་ཚིག་གིས་གངས་ཅན་སྐྱེས་མའི་རྟོགས་པ་བརྗོད།།
འབྲེལ་ཡོད་འོས་སྦྱོར།