སྟོན་རྒྱབ་ཀྱི་འགྲུལ་བཞུད། གངས་དབང་།
རྩོམ་པ་པོ།:གངས་དབང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-05-11
ཀློག་གྲངས།:
སྟོན་རྒྱབ་ཀྱི་འགྲུལ་བཞུད།
གངས་དབང་གིས་བྲིས་ཤིང་པར་མཁོ་འདོན་བྱས།
༡
གྲོགས་པོ་ཞིག་གིས་ཁྱེད་ཀྱིས་རང་ཡུལ་སྐོར་དུས་ངའི་ཕ་ཡུལ་ཡང་བསྐོར་རྒྱུ་མ་བརྗེད་ཅེས་ནན་གྱིས་བསྐུལ་བས། དབྱར་གཞུང་མའི་དགའ་སྐྱོ་དྲན་བཞིན་ཡོད་པའི་སྟོན་གྱི་བུ་མོ་གངས་དགའ་དང་མཉམ་དུ་བརྒྱད་ཟུར་རྫོང་གི་ཕྱོགས་སུ་གོམ་ཁ་བསྒྱུར།
ལམ་བར་དུ་སྟོན་ལོ་རྣམས་གསེར་གྱི་ཤོག་ལེབ་ལྟར་ཕུང་པོར་སྤུངས་ཤིང་། རླུང་རྟའི་ཚུལ་གྱིས་བར་སྣང་དུ་འཕུར། ཤོག་ལེབ་ཀྱི་ངོས་སུ་དཔྱིད་འགོ་ཚུགས་པ་ནས་སྟོན་ཁའི་བར་གྱི་གཏམ་རྒྱུད་བྲིས་ཡོད་ལ། རླུང་རྟའི་ཐོག་ལ་དགུན་ཁ་བ་ལ་ཕུལ་བའི་སྟག་སེང་ཁྱུང་འབྲུག་གི་སྨོན་ལམ་འཁོར།

བརྒྱད་ཟུར་དགོན་པ།
སྟོན་དུས་ནི་དབྱར་སྒེག་ལྡན་བུ་མོའི་སྐྱེད་འབྲས་དང་། དགུན་རྒྱ་སྟག་ངར་མའི་རྒྱུ་ཡང་ཡིན་པས། སྟོན་གྱི་བུ་མོ་གངས་དགའ་ཡིས་དཔྱིད་ཀར་སྦྲང་ཆར་བབ་སྟངས་དང་དབྱར་ཁར་འབྲུག་སྒྲ་གྲགས་ལུགས། སྟོན་ཀར་འབྲས་བུ་སྨིན་ཚུལ་བཤད་པ་ལ་ཉན་བཞིན་བརྒྱད་ཟུར་རྫོང་གི་ཐང་འགོ་གྲོང་པར་སླེབས།ཐང་འགོ་གྲོང་པ་ནི་དེ་སྔོན་ལྕགས་ལ་རྒྱལ་པོས་དབང་དུ་བསྒྱུར་བའི་མི་ཉག་ཡུལ་གྱི་ཁོངས་སུ་གཏོགས་ཤིང་། ཡུལ་མི་ཚོའི་ཁ་སྐད་གཙོ་བོ་ནི་མི་ཉག་གི་ཡུལ་སྐད་རེད། གྲོང་པའི་རྡོ་ཁང་གྲུ་བཞི་མ་རྙིང་པ་རྣམས་ཀྱི་སྐར་ཁུང་ཆུང་ངུ་ལས་མེད་ལ། ཐོག་བརྩེགས་ལ་འགེབ་བཀབ་ཡོད་པ་མང་། རྡོ་ཁང་གསར་པ་རྣམས་ཀྱི་སྐར་ཁུང་ཅུང་ཆེ་ཞིང་ཚོན་རྩི་བྱུགས་ཏེ་ཁྲ་ལམ་ལམ་དུ་གསལ་བ་དང་། ཁང་ཐོག་ལ་རྫ་གཡམ་བཀབ་ཏེ་བྱ་ཡིས་གཤོག་པ་བརྐྱངས་ཏེ་འཕུར་གྲབས་བྱེད་པ་དང་འདྲ། མགོ་ལ་སྐྲ་སྐུད་དམར་པོའམ་སེར་པོ་བཅིངས་པའི་མི་ཉག་བུད་མེད་རྣམས་ཀྱིས་སྒོ་ཟོག་རྣམས་སྟོན་མཇུག་གི་ཞིང་སར་བདས་ཤིང་། སྒོ་ཟོག་ཚོས་ཀྱང་བག་ཕེབས་ཀྱིས་སྟོན་རྩྭ་ཟ་ཞིང་སྟོན་ཆུ་བཏུང་བ་དང་། མགོ་ལ་སྐྲ་ཐག་དམར་པོའམ་ནག་པོ་བཅིངས་ཡོད་མེད་ཅི་རིགས་ཀྱི་སྐྱེས་པ་ཚོས་རྡོ་ཁང་གསར་པའི་རྩིག་པ་རྩིག་བཞིན་སྣང་། བར་བར་དུ་མི་ཉག་གི་ལ་གླུ་སྙན་མོ་སྟོན་རླུང་གིས་རྣ་བར་བརྫངས་ཤིང་། བྱིའུ་འཇོལ་མོའི་འགྱུར་ཁུག་ཀྱང་གྲོང་སྨད་ནས་གྲོང་སྟོད་དུ་གྲགས།
ཐང་འགོ་གྲོང་པ་ནས་མི་ཉག་པའི་ཁང་པ་དང་ས་ཞིང་། རི་ཆུ་ལ་ལྟ་དུས། གློ་བུར་དུ་ཁ་སྐོམ་པའི་སྣང་བ་ཞིག་སྐྱེས། རོང་ས་ནས་སྐྱེས་ཤིང་རི་ཆུའི་བར་དུ་འཚར་ལོངས་བྱུང་བའི་ངའི་ཉམས་མྱོང་ལྟར་ན། ཆུ་ཨ་མ་གཉིས་ལ་གཙང་བཙོག་མེད་ཅེས་པ་ལྟར་མཐོ་སྒང་གི་བྲག་སྲུབས་ནས་བཞུར་བའི་ཆུ་དྭངས་ཤིང་བསིལ་ལ། རྩི་ཤིང་ལ་མངར་སྐྱུར་ཁ་གསུམ་གྱི་སིལ་ཏོག་མང་པོ་ཡོད་པས། བོད་ཀྱི་རི་ཆུའི་བར་དུ་འགྲོ་དུས་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་མི་དགོས།
ཉམས་མྱོང་ཡོད་ན་གནད་འགག་ལ་ཐུག་དུས་འཇུག་ལྡོག་གི་ལམ་ནོར་མི་སྲིད་པས། བོད་མི་ཚོས་མི་ཉམས་མྱོང་ཅན་ལ་ཉམས་མྱོང་རྒན་པོ་ཞེས་གཙིགས་སུ་བཟུང་། ངས་ཀྱང་རང་གི་ཉམས་མྱོང་ལྟར་ལམ་གྱི་གཡས་གཡོན་དུ་འཚོལ་ཉུལ་བྱེད་དུས། རྩི་ཤིང་མང་པོ་ནགས་ཚལ་དུ་འཁྲིགས་པ་ལས་ཡལ་ག་ཚང་མ་ལ་སེར་ལམ་ལམ་གྱི་འབྲས་བུ་སྤུངས་ཡོད་པའི་ཤིང་སྡོང་ཞིག་མཐོང་། ཤིང་སྡོང་དེའི་མཐོ་ཚད་ལ་རྨི་བཞི་ཙམ་དང་ཡལ་ག་ལ་ཚེར་མ་རྣོན་པོ་སྐྱེས་འདུག །ཟླ་བ་བཞི་པ་ནས་ལྔ་པའི་བར་ལོ་མ་སྐྱེས་ཤིང་མེ་ཏོག་སེར་སྐྱ་བཞད་པ་དང་། ཟླ་བ་དགུ་པ་ནས་བཅུ་པའི་བར་འབྲས་བུ་དམར་སེར་ཅན་བཏགས་ཏེ་ཕྱི་ལོའི་ཟླ་བ་གཉིས་ནས་གསུམ་བར་འབྲས་བུ་ས་ལ་མི་ལྷུང་། འབྲས་བུ་དེ་ནི་ཤིན་ཏུ་སྐྱུར་བས་སྨན་ཡིག་ནང་རོ་ནི་སྐྱུར་ཞིང་ལྕེ་ཡང་འབིགས་ཞེས་གྲགས། དེའི་ནུས་པས་གློ་ནད་སེལ་ཞིང་ལུད་པ་འདྲེན་པས་མ་ཚད་མ་ཞུ་བ་འཇུ་ཞིང་མཆིན་ནད་ལ་ཡང་ཕན་ཞེས་ཟེར། དེ་ནི་ང་ཚོའི་མེས་པོ་རྣམས་ཀྱིས་ལུས་སྲོག་འབེན་ལ་བཙུགས་ཏེ་རྩྭ་རྩི་ཤིང་ལ་ཞིབ་འཇུག་བྱས་རྗེས་གསུངས་པའི་གདམས་ངག་རེད། ཤིང་སྡོང་དེ་ལ་སྨན་ཡིག་ནང་སྟར་བུ་ཞེས་འབོད་ལ་ནང་གསེས་སུ་གནམ་སྟར་དང་ས་སྟར་ཞེས་པའི་དབྱེ་བ་འདུག །ཡུལ་སྐད་དུ་ལ་ལ་ཡིས་གླ་བ་ཚེར་ཤིང་དང་འགའ་ཤས་ཀྱིས་ཤིང་ཏོག་སྐྱུར་མོ་ཞེས་འབོད། ང་རང་སློབ་ཆུང་འགྲིམ་སའི་ཡུལ་ལུང་པ་དེར་ཤིང་སྡོང་དེ་མང་པོ་ཡོད། སྐབས་འགར་སློབ་གྲྭར་མ་སོང་སྟེ་སིལ་ཏོག་དེ་བཟས་པས་སོ་བཙེས་ཏེ་ཟས་ཟ་མི་ཐུབ་པའི་གནས་ཚུལ་ཡང་ཡོད་མྱངས། སྐབས་དེ་དུས་འཚོ་བ་སྡུག་པོ་ཡིན་པས་ལྟོ་འགྲངས་དང་སྐམ་སེལ་གྱི་ཆེད་དུ་ཡིན་ཡང་། དོན་ངོ་མར་དེ་ནི་སྨན་མཆོག་ཏུ་གྱུར་པ་ཞིག་ཡིན་པ་དེང་སང་གཞི་ནས་ཤེས།
ང་ཤིང་སྡོང་དེ་ལ་འཛེགས་ཏེ་སིལ་ཏོག་ལག་ཁུག་གང་བཏོགས་ནས་བཟས་པ་ན་སྐམ་པ་བསལ་ཡང་། ཁ་ནང་ཤིན་ཏུ་སྐྱུར་བས་ཁ་ཉེར་མིག་ཉེར་བྱེད་དགོས་པ་ཞིག་བྱུང་སོང་། ཤིན་ཏུ་སྐྱུར་ཡང་བྱིས་དུས་ཀྱི་འཚོ་བ་སྐྱོ་པོ་དེ་སླར་ཡང་ལྷང་ལྷང་དུ་དྲན་པས། སིལ་འབྲས་ཆུ་ཤོག་ཁུག་མ་གང་བཏོགས་ཏེ་མུ་མཐུད་དུ་ལམ་ལ་ཆས། མ་གཞིར་སྟོན་དུས་ནི་མངར་སྐྱུར་ཁ་གསུམ་གྱི་བྲོ་བ་མྱོང་ཆོག་པའི་དུས་ཚིགས་ཤིག་ཡིན་དགོས།
ཕར་བལྟས་ན་རྫ་རི་རྣམས་མཁར་རྫོང་མཐོན་པོ་ལྟར་གཅིག་གི་རྒྱབ་ལ་གཅིག་ལངས་ཤིང་། ཚུར་བལྟས་ན་སྤང་རི་རྣམས་གནམ་གྱི་ཀ་བ་ལྟར་གཅིག་རྗེས་གཅིག་མཐུད་ནས་ཡོད་པས། རི་མཐོན་པོ་གསུམ་པོ་ལྡོང་གིས་བཟུང་། །ལྡོང་ཞྭ་མགོ་མཐོ་བ་དེ་དོན་ཡིན། །ཞེས་ཐོག་མར་གསུང་མཁན་གྱི་མི་དེའི་མིག་ཟུང་དང་བློ་རིག་ལ་ཡིད་སྨོན་ཤོར།
རི་བོ་ལ་སེར་མདངས་འཁྱིལ། སེར་མདངས་ཀྱིས་ལམ་བུ་འཁྱུད། ལམ་བུ་ལ་གྱུ་ཁུག་མང་། གྱུ་ཁུག་རེ་ལ་མཆོད་རྟེན་ཆུང་ངུ་རེ། མཆོད་རྟེན་ཆུང་ངུ་རེས་ལམ་སྣེ་ཁྲིད་དེ་རི་སྐེད་ཙམ་ན་ཡོད་པའི་གཞོང་ས་ཞིག་ན་སླེབས། གཞོང་ས་ན་དགོན་སྡེ་ཞིག་ཆགས་འདུག །དགོན་སྡེ་དེ་ལ་བརྒྱད་ཟུར་དགོན་པ་ཞེས་རི་བོ་དགེ་ལྡན་པའི་ལུགས་རེད། ཕྱིའི་ས་དཔྱད་ལ་བལྟས་ན་སྟོད་ལ་གངས་རི་མཐོན་པོ་ཞིག་ཆགས་མོད། རི་ཡི་རྩེ་མོར་ཁ་བ་བཞུས་ཚར་འདུག །གཡས་གཡོན་གྱི་ནགས་ཚལ་དུ་བེར་ཤིང་དང་ཐང་ཤིང་མ་གཏོགས་རྩི་ཤིང་རྣམས་ཀྱི་ལོ་མ་ལྷུང་སྟེ་སྐྱ་ཐལ་ཐལ་རེད། དགོན་པའི་སྐོར་ལམ་དུ་འགྲོ་དུས། ཐང་ཤིང་གི་ཡལ་ག་ལས་ཐུར་དུ་དཔྱངས་པའི་ཐང་བལ་རྣམས་སྟོན་རླུང་གིས་གཡོ་ཙམ་གཡོ་ཙམ་བྱས་པ་ཡིས། ངའི་ལུས་སེམས་གཉིས་ལ་བྱིལ་བྱིལ་བྱེད་པའི་ཚོར་སྣང་སྐྱེས། ཐང་བལ་ནི་ཐང་ཤིང་གི་བལ་ལྟ་བུ་ཡིན་ལ་དཀར་པོ་དངུལ་སྐུད་ཅེས་འབོད། དེ་སྔོན་ཡིན་ན་མི་སེར་ཚོས་སྣོད་ཆས་འཁྲུད་བྱེད་དུ་སྤྱོད་སྲོལ་ཡོད། སྨན་པ་ཚོས་དེའི་ནུས་པས་གློ་ཚད་དང་མཆན་ཚད། རྩ་ཚད། དུག་ཚད་སོགས་སེལ་ཞེས་བཤད། ཐང་བལ་རིག་དུས་ཆུང་དུས་སུ་ཨ་མ་ཡིས་དེས་ཕོར་པའི་ཕྱི་ནང་གཉིས་ཀ་ཕྱིས་ཙམ་བྱས་རྗེས་ཇ་བླུགས་ཏེ་གནང་ཚུལ་ཡང་ཡང་དྲན་པས། རང་བྱུང་ཁམས་ནི་འདས་ཟིན་པ་རྣམས་ཀྱི་དྲན་པ་གསོ་བྱེད་རེད།

བརྒྱད་ཟུར་དགོན་པའི་མཆོད་རྟེན།
དགོན་པའི་གཡས་ཕྱོགས་ཀྱི་ས་སྒང་སྒང་དུ་ཐང་ཟག་ཤིང་ཞིག་ཁེར་ཧྲེང་ངང་སྐྱེས་འདུག །ལོ་མ་ཚང་མ་སེར་པོར་གྱུར་ཡང་ད་དུང་ཅི་ཞིག་གཏོང་མ་བྲ་བ་ནང་བཞིན་ས་ལ་ལྷུང་མེད་པ་ནི། དར་ལྕོག་སེར་པོ་ཞིག་རླུང་ཁ་ན་བཞེངས་ཏེ་གནས་རྙིང་པ་ལ་གནས་བཤད་གསར་པ་ཞིག་རྒྱག་པ་དང་འདྲ། དེའི་འགྲམ་གྱི་རྡོ་ཕ་བོང་ཞིག་གི་ཐོག་ལ་སྲོལ་རྒྱུན་གྱི་པར་ཤིང་ལས་དཔར་བའི་ཤོག་གུའི་རླུང་རྟ་འགའ་རྡེའུ་ཡིས་མནན་འདུག །དེ་ནི་གནས་གསར་པ་ལ་གནས་བཤད་རྙིང་པ་རྒྱག་པའི་ཟིན་བྲིས་དང་མཚུངས།དགོན་པའི་ར་བ་ནང་གྲྭ་པ་ཞིག་དང་ཐུག །ཁོང་གིས་དགོན་པའི་མིང་ཐོར་གྲྭ་པ་བཅུ་དྲུག་ཡོད་ཀྱང་ད་ལྟར་ཁོང་གཅིག་པུ་མ་གཏོགས་མེད་ཟེར། ཁོང་ལ་བརྒྱད་ཟུར་དགོན་པའི་སྐོར་དྲིས་ཀྱང་ཡིད་ཚིམ་པའི་དྲིས་ལན་ཞིག་བཏབ་མ་བྱུང་། ཡིག་ཆ་ནང་བཀོད་པ་ལྟར་ན་སྤྱི་ལོ1567ལོར་ལྷ་ས་ནས་བླ་མ་གངས་རི་བསྟན་པའི་ཉི་མ་བརྒྱད་ཟུར་ལ་མངགས་ཏེ་དགོན་པ་འདི་ཕྱག་བཏབ་པ་ནས་བཟུང་། ས་ཕྱོགས་དེའི་དགེ་ལུགས་པའི་དགོན་པ་ཚང་མ་བདག་སྐྱོང་བྱས་པ་རེད་འདུག
ང་རང་ལྷིང་འཇགས་ཀྱི་དགོན་པའི་སྒོ་ཁར་བསྡད་དེ་ནམ་མཁའི་དབྱིངས་སུ་གཡོ་བའི་སྤྲིན་པ་དཀར་པོ་དང་། དགོན་པའི་མཐའ་འཁོར་དུ་འགྱིང་བའི་རི་བོའི་ཚུགས་ཀ །རི་འདབས་ནས་རི་སྐེད་བར་དུ་བསྲིངས་པའི་ལམ་ལ་བལྟས་ཏེ་བརྒྱད་ཟུར་རྫོང་བསྐོར་བའི་རིག་གནས་ལྷུག་རྩོམ་གྱི་འགོ་སློང་སྟངས་ལ་བསམ་བློ་གཏོང་དུས། མཆོད་མཇལ་དུ་ཡོང་བའི་མི་རྒན་ཞིག་ངའི་འགྲམ་དུ་བཅར་བྱུང་།
དགུང་ལོ་བརྒྱད་ཅུ་གྱ་གསུམ་ལ་སོན་པའི་མི་རྒན་བློ་བཟང་དོན་གྲུབ་ནི་བརྒྱད་ཟུར་རྫོང་གི་ཝ་ཤུལ་གྲོང་པའི་མི་རེད་འདུག །ཁོང་གིས་ང་ཚོའི་སྐད་ཀྱང་ཐང་འགོ་གྲོང་པ་དང་འདྲ་བར་མི་ཉག་གི་ཡུལ་སྐད་རེད། དེང་སང་ང་རྒས་ནས་ཐག་ཉེ་སའི་དགོན་པར་མཆོད་མཇལ་དུ་འགྲོ་བ་ལས་དེ་མིན་སར་མི་སླེབས་མོད། ན་ཆུང་དུས་མི་ཡུལ་ས་མཐའ་སྐོར་མཁན་ཞིག་ཡིན། དེ་སྔོན་ང་ཚོ་གྲོང་པའི་ལོ་ཆུང་རྣམས་ཀྱིས་རྟ་དྲེལ་དེད་དེ་གཉའ་ལུང་འགོ་ལས་བབ་སྟེ་དར་རྩེ་མདོ་ལ་ཉོ་ཚོང་དུ་སོང་བ་བགྲང་ལས་འདས། སྐབས་དེ་དུས་དར་རྩེ་མདོ་ལ་ལྕགས་ལ་རྒྱལ་པོའི་ཁ་འོག་ཏུ་ཨ་ཀྱ་ཁ་པ་ཞེས་པ་བཞི་ལས་མེད། ཉི་མ་གསུམ་བཞིའི་རིང་ལ་རྟ་དྲེལ་རྣམས་ལ་རྩྭ་གཟན་མེད་པས་ཕན་ཚུན་གྱི་རྔོག་མ་དང་རྔ་མ་བཟས་པའི་གནས་ཚུལ་ཡང་ཡོད། རྡལ་པ་འགྲོ་དུས་ཚུགས་འབབ་སར་ས་དེ་གའི་སྐྱེས་ཕོ་མོ་ཚོ་དང་མཉམ་དུ་ཇ་ཆང་འཐུང་ཞོར་གླུ་བྲོའི་རྩེད་མོ་བརྩེས་པས། ན་གཞོན་ཕོ་མོའི་བར་མི་ཕྱེད་པའི་བརྩེ་སེམས་ཆགས་ཏེ་ཕར་ཚུར་མནའ་མ་དང་བུ་ཐང་སོང་རབས་ཀྱང་མང་པོ་ཡོད་ཅེས་བཤད། དངོས་གནས་རེད། གཞུང་རྟ་ཞིག་ལ་ཡལ་ག་མང་པོ་འཁྲུངས་པ་ལྟ་བུའི་གནའ་བོའི་ཇ་རྟའི་ཚོང་ལམ་མམ་རྡལ་ལམ་ནི་དངོས་པོ་དང་བསམ་པའི་དཔལ་ཡོན་གཉིས་ཀྱི་སྐྱེལ་ལམ་ཡིན་ལ། སྐྱེལ་ལམ་དེས་ཕྱི་ནང་གཉིས་ཀ་སྦྲེལ་ཏེ་ཕན་ཚུན་འགྲོ་འོང་བྱས་པས། མི་རིགས་སོ་སོ་ནི་ཇ་ཚྭའི་ཁུག་མ་མགོ་སྦྲེལ་ལྟ་བུར་ཆགས་པ་རེད། རྗེས་རབས་པ་ཚོ་ལ་མཚོན་ན་མི་རྒན་ཁོང་དང་ཁོང་ལྟ་བུ་ནི་རྡལ་ལམ་ཐོག་གི་ཟིན་བྲིས་དུམ་བུ་ཞིག་དང་འདྲ་བས། ང་ཚོ་གང་ནས་ཇི་ལྟར་འོངས་ཤིང་ག་འདྲ་གནས་ཡོད་ཚུལ་ཟིན་བྲིས་དེ་ཚོ་ལས་ཤེས་ཐུབ་མོད། དེང་སང་མི་རྒན་ཚོ་ནི་ཇེ་ཉུང་དང་ཇེ་ཉུང་རེད་ལ། ཁོང་ཚོའི་གཏམ་རྒྱུད་ལ་ཉན་མཁན་ཡང་ཧ་ཅང་དཀོན་པོ་རེད།
མི་རིགས་ཤིག་གི་རིག་གནས་དང་མི་ཞིག་གི་མི་གཞི་ནི་ཕྱི་ལུས་ཀྱི་ཉམས་དང་ནང་སེམས་ཀྱི་འགྱུར་བ་ལས་མཚོན་པར་བྱེད་པས། གཏམ་འདྲི་མ་དགོས་པར་སྦ་གསང་མེད་པར་བཤད་པའི་རི་གྲོང་གི་རྒན་པ་ཚོ་དང་། སྐད་ཆ་ཇི་ལྟར་དྲིས་ཀྱང་ཁ་འབྱེད་འཛུམ་མེད་པའི་གྲོང་ཁྱེར་གྱི་ཤེས་ལྡན་པ་ཚོའི་བར་ལ་ཧེ་བག་ཧ་ཅང་ཆེ། དཀའ་ངལ་ཅི་ཞིག་ཕྲད་ཀྱང་རེ་ཞུ་བྱེད་དུས་ལག་པ་བསྲིངས་པའི་རི་གྲོང་གི་མི་སེར་ཚོ་དང་། བར་རྡོ་ཅི་ཞིག་ལྷུང་ཡང་འགྲམ་ལ་བཅར་དུས་ཕྱི་ལྟས་མེད་པའི་རྒྱ་གྲོང་གི་རིགས་མཐུན་ཚོའི་བར་ལ་ཁྱད་པར་ཤིན་ཏུ་ཆེ།
ངས་མི་ཡུལ་ཐབས་ཀྱིས་བསྐོར་ཡང་རུང་། རང་ཡུལ་རིག་པས་བསྐོར་ནའང་འདྲ། ལུས་ངག་ཡིད་གསུམ་བྱམས་སྙིང་རྗེས་ཟིན་པའི་མི་རྒན་ཚོ་དང་ཐུག་ཕྲད་བྱུང་སྟེ་ཁ་བརྡ་ཚིག་གསུམ་བྱས་པ་ནི། ཕུག་མཛོད་ལས་ནོར་བུ་རྙེད་པ་དང་མཚུངས་པས། ཁོང་ཚོ་ནི་ནམ་ཡང་ངའི་ཡིག་འབྲུའི་ནང་གསོན་པོར་གནས་ཡོད།
རྒན་པོ་བློ་བཟང་དོན་གྲུབ་ཀྱིས་མུ་མཐུད་དུ་དགོན་པ་སྐོར་བཞིན་སྣང་། ན་གཞོན་དུས་མི་ཡུལ་གྱི་ས་མཐའ་བསྐོར་ཞིང་། ན་རྒས་དུས་རང་ཡུལ་གྱི་དགོན་སྡེ་སྐོར་བའི་ཁོང་གི་རྒྱབ་གཟུགས་ལ་ལྟ་དུས། གནའ་སྔོན་མའི་དགོན་སྡེ་དང་དུས་དེང་སང་གི་དགོན་སྡེ་གཉིས་ཀྱི་ངོ་བོ་དང་བྱེད་ནུས་བཅས་སྡུར་ཐབས་མི་འདུག་ཨང་སྙམ།
ཁམས་ཁུལ་གྱི་མི་ཉག་ཡུལ་དུ་ལྡེབས་རིས་རྙིང་པ་ཡོད་པའི་ལྷ་ཁང་མང་པོ་མཇལ་རྒྱུ་ཡོད། དེ་ནི་ས་གནས་ཀྱི་ལོ་རྒྱུས་དང་དུས་ཀྱི་འཕོ་འགྱུར་གསལ་པོར་མཚོན་བྱེད་ཅིག་རེད། ང་ལ་ལྡེབས་རིས་ཀྱི་སྐོར་ལ་ཆ་རྒྱུས་ཆེན་པོ་མེད་ལ། དེར་ཞིབ་འཇུག་བྱེད་པའི་ཁུར་པོའང་ཕྲག་ཐོག་ལ་བབ་མེད་པས་སྐལ་མེད་སར་སྐེ་སྲིང་མི་རུང་མོད། ལོ་རྒྱུས་རིག་གནས་ཀྱི་བྲོ་བ་མྱོང་ཐུབ་པའི་དངོས་པོ་རྣམས་ལ་ལྟ་འདོད། རེག་འདོད། མྱོང་འདོད་པས་བརྒྱད་ཟུར་དགོན་པའི་ཞབས་ལ་བབ་སྟེ་ཐང་འགོ་གྲོང་པའི་ལྷ་ཁང་རྙིང་པ་དེ་མཇལ་དུ་སོང་།

ཐང་འགོ་ལྷ་ཁང་།
ཐང་འགོ་གྲོང་པའི་སྟོད་ཙམ་ལ་རྡོ་ཁང་གསར་རྙིང་འགའ་ཡི་དབུས་སུ་ལྷ་ཁང་རྙིང་པ་དེ་ལྷང་ངེར་འགྱིང་འདུག །ཕྱི་ལ་བལྟས་ན་བརྩེགས་གསུམ་གྱི་མཐོ་ཚད་ཙམ་སྣང་། རྩིག་པ་བརྩིགས་སྟངས་དང་། སྒོ་སྐར་ཁུང་བཞག་ཚུལ་ནི་མི་ཉག་ས་ཁུལ་གྱི་ཁང་པ་རྙིང་པ་དང་གཅིག་པ་རེད། སྒོ་ཆེན་ཡོད་པའི་གྱང་ངོས་སུ་རྒྱ་ཡིག་གིས་མི་དམངས་ལ་ཞབས་འདེབས་ཞུ་ཞེས་བྲིས་འདུག །བཤད་སྲོལ་ལ་དུས་འགྱུར་གྱི་སྐབས་སུ་ལྷ་ཁང་དེ་འབྲུ་ཁང་བྱས་པས་གཏོར་བཤིག་མ་ཐེབས་པ་རེད་ཟེར། ང་དེ་ན་སླེབས་དུས་རྒན་མོ་ཞིག་གིས་ཆུ་དམ་འབི་གང་ཁྱེར་ནས་ལྷ་ཁང་གི་མདུན་དུ་སླེབས་རྗེས་སྒོ་འབྱེད་རྩིས་བྱས་ཀྱང་། ང་མཐོང་མ་ཐག་སླར་ཡང་ཆུ་ཁྱེར་ནས་ལྷ་ཁང་གི་རྒྱབ་ལ་བུད་སོང་། ངས་གྲོགས་པོ་འགའ་ལ་ཁ་པར་བཏང་ནས་ཅུང་འགོར་རྗེས། རྒན་མོ་ཁོང་ཡང་ལྷ་ཁང་རྙིང་པའི་སྒོ་ཁར་ཐོན་བྱུང་། ང་ལ་ལྟ་ཙམ་བྱས་རྗེས་ཅུང་མ་རངས་པའི་རྣམ་འགྱུར་ཞིག་ཀྱང་བསྟན། དེའང་ཅི་ཁག་སྟེ། རྒྱབ་ལ་ཁུག་མ་ཁུར། ལག་ནང་པར་ཆས་བཟུང་། མགོ་ལ་ཞྭ་མོ་གྱོན་ཞིང་ངོ་ལ་སྨ་ར་དང་ཁ་སྤུ་མང་བའི་ངའི་ཚུགས་ཀ་ཡིས་མི་སེར་རྣམས་ལ་གོ་ལོག་ཐེབས་པ་ཐེངས་མང་པོ་ཡིན།མོས་ལྷ་ཁང་གི་སྒོ་འབྱེད་བཞིན་དུ་ནང་ལ་མཇལ་དུ་འགྲོ་ཆོག་མོད་པར་ལེན་མི་ཆོག་ཟེར། ངས་ཁས་བླངས་ཏེ་ནང་དུ་འཛུལ་རྗེས། ལྷ་ཁང་ནང་གི་ལྡེབས་རིས་སྣ་མང་དང་། ཀ་བ་དང་གདུང་མ། གནམ་གཅལ་གྱི་ངོས་སུ་བྲིས་པའི་རི་མོ་སྣ་ཚོགས་ཀྱིས་ཧ་ལས་སུ་བཅུག་སོང་། ལྡེབས་རིས་ནང་མི་ལ་རས་པ་དང་ཀརྨ་པ་དུས་གསུམ་མཁྱེན་པ་སོགས་བཀའ་བརྒྱུད་པའི་སྐྱེས་ཆེན་རྣམས་ཀྱི་ལྡེབས་རིས་ཡོད་པ་ལ་གཞིགས་ན་ལྷ་ཁང་འདི་ནི་ཀརྨ་བཀའ་བརྒྱུད་པའི་ལྷ་ཁང་ཞིག་ཡིན་པ་དང་། དེ་མིན་ཕྱག་ན་རྡོ་རྗེ་དང་སྒྲོལ་མ། ས་ཡི་སྙིང་པོ། སློབ་དཔོན་པད་མ་འབྱུང་གནས། ས་པཎ་ཀུན་དགའ་རྒྱལ་མཚན་སོགས་ཚོན་མདོག་རྣམ་པར་བཀྲ་ཞིང་གསོན་ཉམས་འབུར་དུ་དོད་པ་མང་པོ་འདུག །ངས་ལྐོག་ཏུ་པར་འགའ་ལེན་དགོས་བསམས་མོད། ཕོ་སར་ཞིག་རྒན་མོ་ཁོང་དང་མཉམ་དུ་ནང་ལ་ཡོང་སྟེ་ང་དང་གོམ་པ་གང་ཡང་ཁ་མ་བྲལ་བས་བྱ་ཐབས་ཟད། དེ་ནས་ཕངས་སེམས་དང་བཅས་རྒན་མོ་ཁོང་ལ་བཀའ་དྲིན་ཆེ་ཞུས་ཏེ་ཕྱི་ལ་བུད་པ་ཡིན།
ལྷ་ཁང་དེ་ནི་མིང་རྒྱལ་རབས་ཀྱི་དུས་ནས་ཡོད་པར་གྲགས་ཤིང་། ད་བར་མ་ཉམས་མ་ཆག་པར་གནས་པ་ནི་རྒྱུ་རྐྱེན་སྣ་ཚོགས་ལ་ཐུག་པ་ཐག་ཆོད་རེད། ང་ནི་དད་ལྡན་གྱི་མཆོད་མཇལ་པ་དང་མི་འདྲ་ལ། གོང་ནས་གནང་བའི་ལམ་ཡིག་བཙན་པོའང་བསྟན་རྒྱུ་མེད་པས་ཞིབ་ཀྱིས་མཇལ་མ་ཐུབ་མོད། ངས་ལྡེབས་རིས་དེ་དག་པར་དུ་ལེན་ཐུབ་མིན་ཙམ་གྱིས་ལྷ་ཁང་དེ་ལ་ཕན་གནོད་ཅི་ཡང་མེད་པས། ངས་རྒན་མོ་ཁོང་ལ་འཁང་ར་བྱེད་མི་སྲིད་དེ། ཕ་ཡུལ་གྱི་ལོ་རྒྱུས་རིག་གནས་ཀྱི་རྟགས་མཚན་མང་པོ་ནི། རྒན་མོ་ཁོང་དང་ཁོང་འདྲ་བ་ཚོས་བསྲུངས་དང་སྲུང་བཞིན་ཡོད་པས་ང་ཚོས་ཅིས་ཀྱང་རྗེས་སུ་དྲན་ཤེས་དགོས།
དེ་ལྟར་དྲན་དུས་འགྱོད་པ་དང་སེམས་ཕམ་ཅི་ཡང་མེད་པར་བརྒྱད་ཟུར་རྫོང་ཐོག་ཏུ་འགྲོ་སའི་ལམ་ལ་སོང་། རྫོང་དང་ཐག་ཇེ་ཉེར་འགྲོ་དུས་ཁང་པ་རྣམས་ནི་མི་ཉག་གི་བོད་ཁང་ལྟར་དེ་འདྲ་མཐོན་པོ་དང་རྒྱ་ཆེ་བ་མིན་པ་དང་། རྩིག་པའི་ངོས་སུ་ཉི་ཟླ་དང་རྒྱ་ནག་ལྕགས་རིའི་རི་མོ་འདུག་ལ། ཚོན་མདོག་དམར་ནག་སེར་གསུམ་གྱིས་བྲིས་པའི་རི་མོའང་མཐོང་བས། བརྒྱད་ཟུར་རྫོང་ནི་རིག་གནས་མི་འདྲ་བ་རྣམས་ལྷན་དུ་བསྡེབས་པའི་ས་ཆ་ཞིག་ཡིན་པ་རང་ཤུགས་ཀྱིས་གོ །

ལྷ་ཁང་གི་རྩིག་ངོས།
ཡུལ་མི་ཚོས་བཤད་པ་ལྟར་ན། ཐང་འགོ་དང་ཝ་ཤུལ་ལུང་པ་ནས་འབབ་པའི་ཆུ་འཛོམས་སར་མཁར་རྫོང་ཟུར་བརྒྱད་ཅན་ཞིག་ཡོད་མྱོང་བས་ས་མིང་ལ་བརྒྱད་ཟུར་ཞེས་ཐོགས་པ་རེད་འདུག་མོད། རྗེས་སུ་མི་ཞིག་གིས་རང་ཆེ་རང་བསྟོད་ཀྱི་ཆེད་དུ་ཟུར་ནི་ཟིལ་ལ་བཅོས་པ་ནས་བཟུང་བརྒྱད་ཟིལ་ཞེས་མ་དག་རྒྱུན་འབྱམས་སུ་སོང་བ་རེད། མཁར་རྫོང་གི་ཟུར་གྱི་གྲངས་ཀ་ལ་བརྟེན་ནས་གྲོང་མིང་ཐོགས་ཚུལ་ཡོད་དེ། རྔ་བ་ཁུལ་གྱི་ཁོངས་སུ་དེ་སྔོན་མཁར་ཟུར་དྲུག་ཅན་ཞིག་ཡོད་མྱོང་བའི་གྲོང་པ་ལ་དྲུག་ཟུར་ཞེས་མིང་ཐོགས་པ་ལྟ་བུའོ། །
༢
ངའི་སྣང་བ་རུ། རི་ཆུ་གཉིས་ཀ་འཛོམས་པའི་ས་ཆ་ལས་མི་ལ་དགའ་སྐྱོ་ཆགས་སྡང་འཕེལ་བར་བྱེད་པ་ཞིག་མི་འདུག །རི་མཐོན་པོ་ལས་རྒན་པ་ཚོའི་ལྷུན་བརྗིད་ཀྱི་མི་གཞི་མཐོང་། ཆུ་ཆེན་པོ་ལས་ན་གཞོན་ཚོའི་འགྱུར་བག་གི་གཤིས་ཀ་མངོན། ཆུ་བོ་ཐམས་ཅད་ལ་དྭངས་ཤིང་གཙང་བའི་ཆུ་འགོ་ཡོད་པ་ལྟར། བརྒྱད་ཟུར་རྫོང་གི་གྲོང་དཀྱིལ་ནས་བཞུར་བའི་དཀར་ཆུའི་ཆུ་འགོ་ནི། མི་རིགས་མང་པོས་མཉམ་དུ་བསྲུངས་པའི་དྲིན་ལས། ཆུ་བོ་དེའི་བཞུར་ལམ་ལ་ཐོགས་འགག་མེད་ཅིང་། དར་དཀར་པོ་ཞིག་ལྟར་མི་རིགས་སོ་སོ་ལྷན་དུ་སྦྲེལ་ཏེ་རྒྱང་འབོད་ཚིག་གསུམ་རྒྱང་དུ་བསྐུར་ཆོག་པའང་ཆུ་བོ་དེའི་དྲིན་ལོས་ཡིན།དཀར་ཆུའི་འགྲམ་དུ་གཞུང་ལམ་དང་། གཞུང་ལམ་གྱི་འགྲམ་དུ་མེ་ཏོག །མེ་ཏོག་གི་འགྲམ་དུ་ཞིང་ཁ། ཞིང་ཁའི་འགྲམ་དུ་སོ་སོའི་ཁྱད་ཆོས་ལྡན་པའི་སྡོད་ཁང་བཅས་གཅིག་འཕྲོར་གཅིག་མཐོང་ལམ་དུ་འདྲེན་བཞིན་ཤར་ཁ་ལུང་པའི་ཕྱོགས་སུ་སོང་། ཤར་ཁའི་ཕྱོགས་སུ་འགྲོ་སའི་ལུང་པ་ཟབ་མོར་དམའ་སར་དབྱིས་རིགས་ཀྱི་གྲོང་པ་དང་། མཐོ་སར་བོད་རིགས་ཀྱི་དུད་ཚང་འགའ་ཡོད་པ་ནི། རོང་ས་ཡིན་ནའང་བོད་རིགས་ནི་སྒང་སར་གནས་ཆགས་པས་མཐོ་སྒང་པ་ཞེས་པའི་ཐ་སྙད་ལ་ཨུ་ཚུགས་ཀྱིས་འགྲེལ་བཤད་བྱེད་པ་ལྟ་བུ་རེད།
བརྒྱད་ཟུར་ས་ཁུལ་ལ་གནའ་སྔོན་མར་གཙོ་བོ་བོད་རིགས་ཡིན་ཡང་། ཆིང་རྒྱལ་རབས་ཀྱི་དུས་ནས་བཟུང་། ལན་ཧྲན་ས་ཁུལ་དུ་ནང་འཁྲུག་ཡོང་བས་དབྱིས་རིགས་མང་པོ་རིམ་བཞིན་བརྒྱད་ཟུར་ལ་གནས་འཕོས་པས། དེང་སང་བོད་རྒྱ་དབྱིས་གསུམ་ལྷན་དུ་འདུས་ཏེ་ཕན་ཚུན་འགྲོ་འོང་བྱེད་སའི་ཁྱམས་ར་ལྟ་བུ་ཞིག་ལ་གྱུར། དེ་ནི་ས་དེ་གའི་གྲོགས་པོ་ཞིག་གིས་ང་ལ་བཤད་པའི་ངག་རྒྱུན་རེད།
ཤར་ཁ་ལ་འགྲོ་དོན་ནི་དེ་ན་རྟག་བརྩེ་དགོན་ཞེས་སྲོལ་རྒྱུན་རིག་གནས་ཀྱི་གནས་མཆོག་ཅིག་ཡོད་པས་ཡིན། ལམ་ལ་ཆ་རྒྱུས་མེད་པས་ལུང་པའི་འདབས་ནས་དབྱིས་རིགས་སྤུན་ཟླ་འགའ་ལ་རྟག་བརྩེ་དགོན་ལ་འགྲོ་སའི་ལམ་དྲིས་ཀྱང་། ཧ་གོ་མཁན་གཅིག་ཀྱང་ཐུག་མ་བྱུང་མོད། དད་པ་མི་འདྲ་བས་ལམ་མི་འདྲ། ལམ་མ་འདྲ་ན་ལམ་ཡིག་ཀྱང་འདྲ་མི་སྲིད་པས་ཁོང་ཚོ་ལ་ཁག་ཅི་ཡོད།

རྟག་བརྩེ་དགོན་པ།
ལམ་འགྲམ་དུ་མགོ་ལ་རས་ནག་པོ་དཀྲིས་ཡོད་པའི་དབྱིས་རིགས་རྒན་མོ་ཞིག་དང་ཐུག །ཁོང་ལ་དབྱིས་རིགས་སྤུན་ཟླ་ཚོའི་ཆ་ལུགས་སྐོར་ལ་ཁ་བརྡ་བྱས་མོད། དོན་དང་མཐུན་པའི་གཏམ་ཚིག་ཁ་གཅིག་ཀྱང་བཤད་མ་བྱུང་། གཅིག་བྱས་ན་ཁོང་ཡང་མི་མང་པོ་དང་འདྲ་བར་ཆ་ལུགས་སྤྲས་པ་ཙམ་ལས་རྒྱུ་མཚན་ཅི་ཡང་མི་ཤེས་པ་ཡིན་སྲིད་ལ། གཅིག་བྱས་ན་མི་ཆ་མེད་རྒྱུས་མེད་ཅིག་ལ་སྐད་ཆ་མང་པོ་བཤད་མ་འདོད་པ་ཡིན་ནའང་ཐང་། མི་རིགས་ཤིག་གི་ཕྱི་ཡི་རྒྱན་ཆར་ནང་གི་རིག་གནས་སེམས་ཁམས་དང་དད་མོས་འདུ་ཤེས་འདུས་ཡོད་ཅིང་། དུས་ཆེན་གྱི་སྐབས་སུ་རྒྱན་ཆ་ཡོད་ཚད་ལུས་ལ་འདོགས་ངེས་པས། རྗེས་སུ་དབྱིས་རིགས་ཀྱི་དཔལ་འབར་དུས་ཆེན(火把节)ལ་ཐེངས་གཅིག་མི་འགྲོ་ཐབས་མེད་རེད་སྙམ། མི་རིགས་སོ་སོ་བར་མཐུན་སྒྲིལ་གྱི་ལམ་ནི་རིག་གནས་འབྲེལ་འདྲིས་ཀྱིས་བཞེངས་དགོས་པར་འདོད།ལུང་པ་དེ་བརྒལ་ཏེ་ཅུང་ཁོད་སྙོམ་པའི་ས་ན་མཆོད་རྟེན་དཀར་པོ་ཞིག་མཐོང་བས། བོད་རིགས་འདུས་སྡོད་བྱེད་པའི་གྲོང་པ་ཞིག་ལ་སླེབས་པ་ཤེས། གྲོང་པའི་འགྲམ་དུ་ལྷ་ཁང་ཞིག་འདུག །ཕ་ཡུལ་ཉག་རོང་ནས་ཡིན་པའི་ཨ་ཁུས་བཤད་པ་ལྟར་ན། རྟག་བརྩེ་དགོན་གྱི་ཕྱོགས་སུ་རླངས་འཁོར་ཆུང་ངུ་མི་ཐར་བས། ཁ་ལོ་བ་ཞིག་ལས་བྱེས་བགྲོད་རླངས་འཁོར་གླ་འདོད་ཀྱང་གླ་ཆ་སྒོར་སྟོང་གཅིག་དགོས་ཟེར། ང་ནི་སྒོར་མོ་མང་པོས་རི་སྐོར་ཆུ་སྐོར་བྱེད་པའི་མི་འཁྱམ་ཞིག་མིན་ལ། ཁ་ནས་གཞུང་དོན་དང་ལག་ནས་རང་དོན་སྒྲུབ་མཁན་ཞིག་ཀྱང་མིན་པས་ཅི་བྱ་ཐབས་མེད་དུ་གྱུར་དུས། ཕོ་སར་བསོད་ནམས་དབང་ལྡན་ཞེས་པས་ཅུང་མ་རངས་པའི་ཚུལ་གྱིས་མི་འདི་ཚོ་ནི་ཕ་མ་མ་གཏོགས་ངོ་མི་ཤེས། སྒོ་ཐེམ་མ་གཏོག་བརྒལ་མ་མྱོང་མཁན་རེད། སྒོར་མོ་དེ་འདྲ་མང་པོ་ག་ན་དགོས། ངས་ཁྱོད་ལ་འཕྲུལ་རྟ་ཞིག་གཡར་ཆོག་ཅེས་གྲོང་པའི་གཉེན་ཉེ་ཞིག་ལས་འཕྲུལ་རྟ་ཞིག་གཡར་རོགས་བྱས་པས་དགའ་སྤྲོ་ཚད་དུ་མེད་པ་སྐྱེས།
རྗེས་སུ་དར་རྩེ་མདོ་ལ་གྲོགས་པོ་བསོད་ནམས་དབང་ལྡན་དང་ཐུག །ཁོང་ལ་ཇ་ཆང་ཞིམ་པོས་མགྲོན་བསུ་ཞིག་བྱེད་བསམས་མོད་འདོད་དོན་མ་གྲུབ། དེ་ལྟར་བྱེད་འདོད་པའི་རྒྱུ་མཚན་ནི་ཇ་ལན་ཇ་ཡིས་འཇལ་བ་ནི་ངའི་རང་ལུགས་ཤིག་ཡིན་ལ། རང་ལུགས་དེས་ཁོང་དང་ཁོང་འདྲ་བ་ཚོའི་སྤྱོད་པ་བཟང་པོ་རྒྱུན་མི་ཆད་པར་བསྐུལ་ཏེ། སེམས་པ་བཟང་ན་ས་དང་ལམ་ཡང་བཟང་བའི་ཆེད་དུ་ཡིན།
ལུང་པ་ནང་གི་ལམ་དེ་ནི་སྔ་རབས་ཀྱི་མི་གཅིག་ནས་བཅུ། བཅུ་ནས་བརྒྱ་ཡིས་ཞབས་ཟུང་གསེར་གྱི་འཁོར་ལོས་བཏོད་དེ་ཆགས་པ་ཞིག་ཡིན་པས། དེང་སང་ང་ཚོས་བརྒྱ་ནས་སྟོང་དང་སྟོང་ནས་ཁྲི་བྱས་ཏེ་འགྲོ་ཆོག་ཆོག་ཅིག་རེད། ལམ་གྱི་གཡས་གཡོན་རྒྱ་རྫོང་ནགས་ཀྱིས་དཀྲིས་པ་ན། གང་ན་བོད་མི་ཡོད་ན་དེ་ན་རྩྭ་རྩི་ཤིང་རྒྱས་ཤིང་། གང་ན་རྩྭ་རྩི་ཤིང་རྒྱས་ན་དེ་ན་བོད་མི་ཚོའི་དད་མོས་ཡོད་པ་ནི་བཤད་མི་དགོས་རི་ཆུའི་རྟགས་ལས་མངོན་འདུག །ལམ་དེར་འགྲོ་དུས་བར་བར་དུ་མཚེར་ས་དང་མཚེར་སའི་མཐའ་འཁོར་ལ་ནོར་ནག་དང་རྫི་བོ་འགའ་ཡང་མཐོང་བྱུང་། ཤར་ཁ་ལུང་པའི་བོད་མི་ཚོས་འབྲི་མ་ལས་བེའུ་སྐྱེས་མ་ཐག་མ་བཏང་བེའུ་བཏང་བྱས་ཏེ་བེའུ་རྣམས་ཀྱིས་འབྲི་མའི་ནུ་མ་མང་པོ་ནུ་རྒྱུ་ལོན་པས། བརྒྱད་ཟུར་གྱི་གཡག་ནི་གཟུགས་བོང་ཆེ་ལ་ཤ་ཤེད་བཟང་ཞེས་སྙན་གྲགས་ཆེ་བའང་བདེན་པ་རེད།
གནའ་མི་ཚོས་ས་གཞིར་ཡོད་པའི་རྡོ་ཕ་བོང་ནི་དེའི་རུས་པ་དང་ཆུ་བོ་ནི་དེའི་ཟུངས་ཁྲག །ཐང་ཤིང་ནི་དེའི་སྒལ་ཚིགས་སུ་བསྒོམས་པས། འབའ་འབུ་སེམས་ཅན་དང་རི་དྭགས་གཅན་གཟན་ལ་འཁོར་ས་སྐྱིད་པོ་དང་། འདབ་ཆགས་བྱ་བྱེའུ་རྣམས་ལ་འབབ་ས་བདེ་མོ་ཞིག་ཡོད། ལམ་བར་དུ་ང་ནི་སྐད་སྙན་མོ་དང་དྲི་མ་ཞིམ་པོ། རྐང་རྗེས་བཀྲ་མོས་དམ་དུ་འཁྱུད་ཅིང་ཡོངས་སུ་དཀྲིས་ཏེ་སྤང་གཞོང་ཞིག་ན་སླེབས། སྤང་གཞོང་གི་ཕ་གའི་རི་འདབས་སུ་དགོན་སྡེ་ཆུང་ཆུང་ཞིག་མཐོང་མ་ཐག །ང་རང་སྲོལ་རྒྱུན་རིག་གནས་ཀྱི་རྗེས་མང་པོ་བཞག་ཡོད་པའི་གནས་ཤིག་ལ་སླེབས་ཡོད་པ་ཤེས།
སྤང་གཞོང་གི་སྣེ་མོར་གངས་ཆུ་གཉིས་ལྷན་དུ་འཛོམས་སའི་སྟོད་ལ་ཟམ་པ་ཞིག་དང་། ཟམ་པའི་ཁ་ན་ཐང་ཤིང་གི་ཡལ་གར་གོས་གཟན་རྙིང་པ་མང་པོ་བཀར་ཡོད་པ་མཐོང་། དེ་ནི་བོད་མི་ཚོས་ཆུ་གཉིས་འཛོམས་སར་བཙོག་གྲིབ་གཅོད་པའི་ལུགས་སྲོལ་ཡོད་པ་ལྟར། ཆུ་ཁར་མགོ་ལུས་བཀྲུས་རྗེས་ལུས་ལ་གྱོན་པའི་གོས་རྙིང་པ་འགའ་ཕུད་དེ་དེ་ན་བཞག་པ་ཡིན། དེ་ནས་གྱེན་ལ་ཅུང་འགྲོ་དུས། གཡུང་དྲུང་བོན་གྱི་མ་ཏྲི་འབྲུ་བརྒྱད་བརྐོས་ཡོད་པའི་རྡོ་མ་ཆེ་མ་ཆུང་བ་ཞིག་གིས་མཆོད་མཇལ་པ་རྣམས་ལ་བསུ་མ་བྱེད་པ་ལྟར་དུ་སྣང་། རྡོ་དེ་བརྒལ་རྗེས་རྟག་བརྩེ་དགོན་པ་ཡོད་སར་སླེབས།

རྟག་བརྩེ་དགོན་པའི་མདུན་གྱི་རྡོ་བརྐོས།
དགོན་པ་ཟེར་ཡང་རྒྱ་ཆེ་ཆུང་ཁང་མིག་གཅིག་ཙམ་ལས་མེད་པའི་ལྷ་ཁང་ལྟ་བུ་ཞིག་རེད། དེའི་གཡོན་ཕྱོགས་སུ་ཁང་མིག་བརྩེགས་གཅིག་ཅན་ཞིག་སྣང་། སྒེའུ་ཁང་ནས་ནང་ལ་ལྟ་དུས་མི་རྒན་ཨག་ཚོམ་དཀར་པོ་མི་ཚེ་རིང་དང་འདྲ་མོ་ཞིག་བཞུགས་ཡོད་པ་མཐོང་།རྒན་ལགས། བདེ་མོ་ཨི་ཡིན། ང་ནི་ཐག་རིང་ནས་ཡོང་བ་ཞིག་ཡིན། ཁ་བརྡ་ཚིག་གསུམ་བྱེད་ན་ཨེ་ཆོག་ཅེས་བཀའ་འདྲི་ཞུས་པ་ན། ཁོང་དལ་མོར་ཡར་བཞེངས་ཏེ་ཕྱི་ལ་བུད་བྱུང་།
ངའི་མིང་ལ་ཨ་སྟོང་ཟེར། ཕ་ཡུལ་ཆབ་མདོ་ནས་ཡིན། འདིར་ཡོང་ནས་ལོ་ངོ་བཅུ་གསུམ་རེད་སོང་། གནས་འདི་ནི་ལྷ་མོ་མང་པོས་རྟག་ཏུ་བརྩེ་བས་སྐྱོང་ས་ཡིན་པས་རྟག་བརྩེ་དགོན་པ་ཞེས་མིང་ཐོགས་པ་རེད། རི་བྲག་ལྗོན་ཤིང་ཕྱུག་པའི་མཚམས། །གཡུང་དྲུང་བཀོད་ལེགས་མཆོད་རྟེན་ཡོད། །ཅེས་པ་ལྟར་དགོན་པ་ནང་མཆོད་རྟེན་ཞིག་མཇལ་རྒྱུ་ཡོད། ཁྱོད་ཀྱིས་ལྟོས་དང་། གནས་འདི་ནི་རི་བོ་སྤུན་གསུམ་གྱིས་བསྐོར་བ་དང་། དགོན་པ་ནི་སྤུན་ཆུང་བ་འདིའི་པང་དུ་ཆགས་ཡོད་པ་རེད། རི་འགོར་ཤར་ན་གཡུ་མཚོ་སྔོན་མོ་དང་ལྷོ་ན་རམས་མཚོ་རམས་ཀྱི་བུ་མོ། ནུབ་ན་གསེར་མཚོ་གསེར་གྱི་བུ་མོ། བྱང་ན་དུང་མཚོ་ཆོས་དཀར་བུ་མོ་བཅས་མཚོ་བཞི་ཡོད་པས་གནས་མཆོག་འདི་ནི་རི་གསུམ་དང་མཚོ་ཡིས་བསྐོར་ཏེ་སྐྱོང་བཞིན་ཡོད་པ་རེད།
དགོན་པའི་ནང་ལ་གཡུང་དྲུང་བཀོད་ལེགས་མཆོད་རྟེན་མ་ཚད། སྟོན་པ་གཤེན་རབས་མི་བོ་ཆེ་དང་དྲན་པ་ནམ་མཁའ། ཚེ་དབང་རིག་འཛིན། སྲིད་པ་རྒྱལ་མོ། པད་མ་འབྱུང་གནས་བཅས་ཀྱི་སྐུ་བཞེངས་འདུག
ང་ཚོས་དགོན་པ་བསྐོར་ནས་འགྲོ་དུས། དགོན་པའི་རྒྱབ་ལ་དུར་ཁྲོད་ཀྱི་ཤུལ་ཞིག་ཀྱང་འདུག་མོད། དེང་སང་དེ་ན་བྱ་དུར་བྱེད་སྲོལ་མེད་པ་འདྲ། གནས་ཆེན་བྱེ་བ་རྟག་བརྩེའི་གནས་ཡིག་ཏུ། གཡས་ཕྱོགས་རྡོ་བབ་སེང་གེ་འདྲ་བ་ལ། །བེེ་རོ་ཙ་ནའི་ཞབས་རྗེས་གསལ་བར་ཡོད། །གཡོན་ཕྱོགས་རྡོ་བ་མ་ཧེ་ཉལ་འདྲ་ལ། །འགྲོ་མགོན་ཚེ་དབང་རིག་འཛིན་ཞབས་རྗེས་ཡོད། །རང་བྱུང་མཆོད་རྟེན་ཤེལ་ལ་གྲུབ་པ་ལ། །ཚེ་དབང་རིག་འཛིན་སྐུ་གསུང་ཐུགས་རྟེན་ཡོད། །མདུན་དུ་རྡོ་བ་བམ་རོ་འདྲ་བ་ལ། །ལྷ་མོ་ཡེ་ཤེས་དཔལ་མོའི་ཞབས་རྗེས་ཡོད། །ཕྱོགས་བཞི་མཚོ་ཆེན་བཞི་ལ་སྨན་མོ་བཞིའི། །ཀླུ་ཆེན་རིགས་ལྔའི་གནས་ལ་མཆོད་ཁྲུས་གསོལ། །རྒྱབ་ཕྱོགས་ཕ་བོང་གླང་པོ་འགྱིང་འདྲ་ལ། །གོ་ཁྲབ་མཚོན་ཆ་སྣ་ཚོགས་གཏེར་ཀ་ཡོད། །ཆུ་བྲག་ཁ་འཐབ་གསང་བའི་ལུང་པ་ལ། །ཚེ་དབང་རིག་འཛིན་སྒྲུབ་ཕུག་ཉམས་དགའ་བར། །ཡི་གེ་དཔའ་བོ་འབྲུ་ལྔའི་རང་བྱོན་ཡོད། །ཅེས་པ་ལྟར་དགོན་པ་དང་ཐག་མི་རིང་བ་ན་སྐྱེས་ཆེན་དམ་པ་དུ་མའི་རྗེས་ཤུལ་མང་པོ་མཇལ་རྒྱུ་ཡོད་པར་གྲགས་མོད་རེ་རེ་བཞིན་མཇལ་མ་ཐུབ།

རྟག་བརྩེ་ལུང་པའི་དུར་ཁྲོད།
རྟག་བརྩེ་དགོན་པའི་ནང་ལ་ཡོད་པའི་གཡུང་དྲུང་བཀོད་ལེགས་མཆོད་རྟེན་ཞེས་པ་དེ་ནི། རྡོ་ཡི་རང་བྱུང་མཆོད་རྟེན་ཞིག་གི་ཐོག་ནས་བཞེངས་པ་རེད་ཟེར། ངག་རྒྱུན་དུ་གནའ་སྔོན་མར་གནས་དེའི་ས་འོག་ནས་རྡོ་འཇོལ་འཇོལ་ཞིག་བུད་པ་དང་། འབྲོག་ཚང་ཞིག་གི་རྟོལ་ལེ་ཞིག་གིས་ཉིན་རྟག་པར་རྩྭ་མི་བཟའ་བར་རྡོ་དེ་ལ་ལྕེ་ལྡག་བྱས་པས། ཉིན་མོར་ས་འོག་ལ་འཛུལ་ཞིང་མཚན་མོར་ས་ཐོག་ཏུ་བུད། འབྲོག་མོ་ཞིག་གིས་གནས་ཚུལ་དེ་མཐོང་རྗེས། རང་གི་པང་གདན་གྱིས་རྡོ་རྟེན་དེ་དཀྲིས་པ་ནས་བཟུང་ཆེན་པོར་ཆགས་མ་ཐུབ་པ་རེད་ཟེར། དེ་ནི་དེང་མི་རྣམས་ཀྱི་ཡིད་ལས་འགོངས་པའི་གཏམ་རྒྱུད་ཅིག་རེད་མོད། གཏམ་རྒྱུད་དེས་གནའ་མི་ཚོའི་སེམས་ཁ་བསྐངས་མྱོང་ལ། ཁོང་ཚོ་ལ་འགྲེལ་བཤད་རྒྱག་སྟངས་ཤིག་ཀྱང་ཡོད་ངེས་རེད།གནའ་སྔོན་མར་ཐོས་བསམ་སྒོམ་གསུམ་ལ་དབང་འབྱོར་ཞིང་། ཡུལ་ངེས་མེད་ཀྱི་རི་ཆུ་ཐང་གསུམ་སྐོར་མཁན་ཞིག་རི་འདབས་ནས་ཆུ་བོའི་འགོ་ཁུངས་དེད་ནས་གནས་འདིར་སླེབས་དུས། གངས་ཆུ་དང་རྫ་ཆུ། མཚོ་དང་མཚེའུ། སྤང་དང་ནགས་ཚལ། རི་དྭགས་དང་འདབ་ཆགས་བཅས་དབེན་པའི་ཡོན་ཏན་གྱིས་སེམས་པ་འཕྲོག་སྟེ། སྦས་ཡུལ་འདིར་ཐོག་མར་རྟག་བརྩེ་དགོན་པ་ཕྱག་བཏབ་པར་གྲགས། སྐྱེས་བུ་དེའི་མཚན་ལ་ཀུན་གྱིས་འགྲོ་མགོན་ཚེ་དབང་རིག་འཛིན་ཞེས་འབོད། དུས་དེ་ནས་བཟུང་། ལུང་པ་འདིར་རེ་བ་རུམ་གང་ཁྱེར་ནས་ཡོང་མཁན་རྒྱུན་མ་ཆད། སྨོན་ལམ་གྱི་ས་བོན་བཏབ་ནས་འགྲོ་མཁན་ཟད་མ་མྱོང་།
གནས་འདིར་ཐང་ཤིང་དང་སྐར་མའི་བར། མེ་ཏོག་དང་འབའ་འབུའི་བར། རླུང་བུ་དང་འདབ་ཆགས་བར་དུ་ཆེས་སྙན་ཞིང་འཇེབས་པའི་མགུར་གླུ་ངག་གིས་འགུག་ཆོག་པས། རི་འདབས་ཀྱི་འཚོ་བ་རུ་སྐྱིད་སྡུག་གིས་སེམས་པ་ངལ་བ་ཡིན་ན། རི་དྭགས་རྨས་མ་བཞིན་དུ་འདི་རུ་ཡོང་སྟེ་རང་གིས་རྨ་ཁ་ལྡག་ཆོག
སོ་སོའི་སྐྱེ་བོ་རྣམས་ཀྱིས། དབེན་ཞིང་འཇགས་པའི་རྟག་བརྩེ་དགོན་པར་ཉིན་མཚན་དབྱེར་མེད་དུ་གཅིག་པུར་བཞུགས་པའི་བླ་མ་ཨ་སྟོང་ལ་ཁེར་རྐྱང་གི་སྐྱོ་སྣང་ཡོད་དམ་མེད་ཅེས་སྙམ་སྲིད་མོད། དུས་དང་རྣམ་པ་ཀུན་ཏུ་རང་སེམས་དང་ཁ་བརྡ་བྱས་ཏེ། རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་རྣམས་ལ་ཁེར་རྐྱང་གི་སྣང་བ་ཡོད་མི་སྲིད། དེ་ལས་ལྡོག་སྟེ། དུས་ནམ་ཡང་ལྷན་དུ་འཛོམས་ཏེ་ཁྱུ་རུ་བསྡད་ཀྱང་། རང་སེམས་རང་ལ་མ་དབང་ན་ནམ་ཡང་ཁེར་རྐྱང་གི་སྐྱོ་ངལ་ལས་ཐར་ཐབས་མེད།
མ་གཞིར། མི་ཚེ་ལན་གཅིག་གི་རིང་ལ་འཁོར་བར་ཞུགས་ཀྱང་རུང་། ལྡོག་ནའང་འདྲ། རང་སེམས་དང་མཐུན་ཞིང་རང་བློ་དང་འཚམས་ལ། རང་གི་ལྟ་བའི་རྗེས་སུ་འབྲངས་པའི་ལས་ཤིག་ལ་ཐོག་མཐའ་བར་གསུམ་དུ་འཇུག་རྒྱུ་ནི་གསེར་སྲང་སྟོང་གིས་ཀྱང་ཁུག་ཏུ་དཀའ་བ་ཞིག་རེད།
ང་བླ་མ་ཨ་སྟོང་དང་མཉམ་དུ་དགོན་པའི་དྲུང་དུ་བསྡད་དེ་ཁ་བརྡ་བྱེད་དུས། སྟོན་རྒྱབ་ཀྱི་རླུང་བུ་སིལ་སིལ་དུ་ལྡངས་བྱུང་། ཕྱི་དྲོའི་ཉི་གྲིབ་ཕ་གའི་རྟག་བརྩེ་རི་ལ་ཕོག་པས། ཕྱེད་སེར་ཕྱེད་ནག་སྲིད་པའི་དར་ལྕོག་རིང་མོ་ཞིག་དང་འདྲ།
ཕྱིར་ལོག་རན་དུས། བླ་མ་ཨ་སྟོང་གིས་ཕ་གའི་རི་ལ་མཛུ་གུ་བཙུགས་ནས། ཁྱེད་ཀྱིས་ལྟོས་དང་། དེ་ན་རང་བྱུང་གི་མཆོད་རྟེན་ནག་པོ་ཞིག་ཡོད་མོད། རི་ལ་འགྲོ་ས་དཀའ་ལ་ཁྱེད་ལ་དུས་ཚོད་ཀྱང་མི་འདུག་པས། རྗེས་མར་མཇལ་ཐུབ་པའི་སྨོན་ལམ་ཞུ་ཞེས་ང་དགོན་པའི་འདབས་ལ་བསྐྱལ་བྱུང་།

རྟག་བརྩེ་དགོན་པའི་ཟུར་ཞིག
ང་ཡིན་ན། བན་བོན་འགལ་འབྲེལ་གྱི་ཚོན་མདོག་རྣམ་པར་བྱུགས་པའི་རི་ཆུ་རྣམས་ཐོག་མར་མཇལ་དུས། རི་ནི་ས་རྡོའི་ཕུང་པོ་དང་། ཆུ་ནི་བརླན་ཞིང་བཤེར་བའི་ངོ་བོ་ཙམ་ལས་མ་མཐོང་མོད། བསམ་བློ་ནང་དུ་བཀུག་སྟེ་རི་ཆུ་ནི་ལོ་རྒྱུས་ཀྱི་ཡིག་ཕྲེང་རེ་རེ་བཞིན་དུ་ཀློག་དུས། རིག་གནས་དང་ལོ་རྒྱུས། སྒྱུ་རྩལ་གྱི་ཚོར་སྣང་ཞིག་སྐྱེས། ཚོར་སྣང་དེ་ཡིས། ཨ་མྱེ་ཡི་དུས་སུ་རྒྱང་རིང་དུ་བཅར་བའི་རི་ཆུའི་རྒྱབ་གཟུགས་དག་བུ་རབས་ཀྱི་རིང་ལ་ཁ་ཕྱིར་འཁོར་ནས་ཉེ་སར་བཅར་བའི་ཚོར་སྣང་ཞིག་སྐྱེས།
ཉི་མས་ལ་མོ་བརྒྱབ་སྟེ་མུན་པའི་ཡོལ་བ་གནམ་སའི་བར་དུ་འཐེན་ལ་རན་དུས། རྟག་བརྩེ་དགོན་པའི་ནམ་མཁར་ཤར་བའི་སྐར་མ་དང་། ས་གཞིར་སྐྱེས་པའི་རྩི་ཤིང་། བར་སྣང་ལ་རྒྱུག་པའི་རླུང་བུ་བཅས་རུམ་གང་བརྫངས་ཏེ། ཆུ་འགོ་མི་གཅིག་པའི་ཆུ་གཉིས་ལྷན་དུ་འཛོམས་ཏེ་རྒྱང་རིང་ལ་བཞུར་སའི་ལུང་པ་དེ་དེད་ནས་ལུང་ཞབས་གྲོང་པར་ལོག་རྗེས། གྲོང་པའི་ཨ་ཁུ་ཆོས་ཐར་ཚེ་རིང་ནང་ལ་སོང་། ཁོང་གི་སྨ་ར་དང་ཨག་ཚོམ་ཡང་དཀར་སེང་སེང་དུ་ཆགས་པས་མི་ཚེ་རིང་དང་འདྲ། ཤར་ཁ་ལུང་པར་གྲོང་པ་དགུ་ཙམ་སྣང་། དེའི་ནང་མི་ཉག་གི་སྐད་དང་ཁམས་སྐད། ལུ་ཟུག་སྐད་བཤད་མཁན་ཡོད་པས་ཨ་ཁུ་ཆོས་ཐར་ཚེ་རིང་ནི་སྐད་དེ་གསུམ་བཤད་ཤེས་མཁན་ཞིག་རེད། ལུ་ཟུག་སྐད་ཅེས་པ་ནི་བརྒྱད་ཟུར་རྫོང་ཁོངས་ཀྱི་ཡུལ་སྐད་ཅིག་སྟེ། བོད་སྐད་དང་ཐག་ཉེ་ས་ཡོད་ལ་གཏན་ནས་མི་འདྲ་སའང་མང་པོ་རེད། དཔེར་ན། ཉི་མ་ལ་ཉི་མ་དང་ཟླ་བ་ལ་ལྷ་པ། ཆུ་ལ་སྒྲེ་མ། ཚ་ལ་ཚུ། མར་ལ་མའེ། རྩམ་པ་ལ་ཁ་ཡེ། ཇ་འཐུང་བ་ལ་དགྲ་ཆིས་ཞེས་པ་ལྟ་བུའོ། །དེ་མིན་ཤར་ཁ་ལུང་པར་མཁར་རྫོང་གི་ཤུལ་མི་ཉུང་བ་དང་། གླིང་གེ་སར་གྱི་དམག་རྩལ་སྦྱངས་ས་ཡོད་ཚུལ་བཅས་ལ་བལྟས་ན། ལུང་པ་དེར་ལོ་རྒྱུས་རིག་གནས་ཀྱི་རྟགས་མཚན་མང་པོ་ཡོད་ངེས་པས། ཞིབ་ཀྱིས་མཇལ་ན་གོ་རྒྱུ་མང་པོ་ཡོད་ས་རེད།

ཤར་ཁོག་ལུང་པའི་རྡོ་བརྐོས།
ཨ་ཁུ་ཆོས་ཐར་ཚང་ལས་མར་བུད་དུས་མུན་རུབ་ནས་ནག་ཐིང་ཐིང་རེད། ཉིན་ཧྲིལ་པོར་སྐམ་ཆུ་ཙམ་ལས་ལྟོ་ཟས་ཅི་ཡང་མ་བཟས་པས། གཞི་ནས་ཕོ་བ་ལྟོགས་སྣང་སྐྱེས་བྱུང་། རེད་དེ། ཉིན་གཅིག་གི་མཐོང་ཐོས་ནོར་གྱིས་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་ཐུབ་པ་ནི། རི་ཆུའི་བྱིན་རླབས་སུ་བསྒོམས་ཏེ་བརྒྱད་ཟུར་རྫོང་ཐོག་ཏུ་ལོག་གོ །
༣
ཆུ་བོ་ཞིག་གིས་ཡུལ་ལུང་པ་མང་པོ་སྦྲེལ་ཏེ་གང་ལ་གང་འཚམ་གྱི་འབྲོག་ལས་དང་ཞིང་ལས། འགྲིམ་འགྲུལ་དར་བ་ནང་བཞིན་དུ། སྡོམ་གྱིས་སྡོམ་ཐག་བརྒྱངས་པ་ལྟ་བུའི་ཇ་རྟ་ཡི་ཚོང་ལམ་གྱིས་ཕྱི་ནང་གི་ཡུལ་མང་པོ་སྦྲེལ་བ་དང་། དེའི་རྒྱུད་དུ་མི་རིགས་སོ་སོའི་རིག་གནས་རྣམས་ཇ་ཚ་འདྲེས་པ་ནང་བཞིན་དར་བ་རེད། ཤར་ལྷོ་ནི་ཧྲི་མན་དང་ལྷོ་ནུབ་ནི་དམུ་ལི། བྱང་ཕྱོགས་ནི་དར་རྩེ་མདོ་དང་འབྲེལ་བའི་བརྒྱད་ཟུར་རྫོང་ཡང་སི་ཁྲོན་དང་ཡུན་ནན་བར་གྱི་ཇ་རྟའི་གནའ་ལམ་ཐོག་གནས་པས། ལོ་རྒྱུས་ཐོག་ལྷོ་ནུབ་ཀྱི་ཚོང་ལས་དང་རིག་གནས་སྤེལ་རེས་བྱེད་ས་གཙོ་བོ་ཞིག་ཏུ་གྱུར།
དེ་ལྟར་ན། རྫོང་དེར་ཇ་ཐོབ་རོང་ཞེས་པའི་ས་ཆ་ཞིག་ཡོད་ལ། གྲོགས་པོ་ཞིག་གི་ཕ་ཡུལ་ཡང་དེ་ན་ཡིན་པས། ཁོང་གི་རེ་བ་ལྟར་ས་ཆ་དེར་བསྐྱོད་པ་ཡིན། ཇ་ཐོབ་རོང་ཞེས་པ་ནི་གཡང་དར་གྲོང་རྡལ་དང་ཁེ་རྡོ་གྲོང་རྡལ། ཙེ་ཨེར་ཡུལ་ཤོག་བཅས་ཀྱི་སྤྱི་མིང་རེད། ཐང་དང་སུང་རྒྱལ་རབས་དུས་ནས་ཇ་རྟའི་གནའ་ལམ་ས་ཆ་དེ་ནས་བརྒྱུད་ཅིང་། རིམ་གྱིས་ཇ་ཤིང་རྨོས་ཤིང་ཇ་ལས་དར་བ་དང་། བརྒྱད་ཟུར་རྫོང་གི་ས་ཁོངས་ལྕགས་ལ་རྒྱལ་པོས་ཁ་འོག་ཏུ་བསྡུས་རྗེས། ས་ཆ་དེའི་ཇ་ནི་ཁྲལ་འཇལ་བའི་འབུལ་རྫས་གཙོ་བོ་ཞིག་ཏུ་གྱུར་པས་མིང་དེ་ལྟར་ཐོགས་པ་རེད།

ཇ་ཐོབ་རོང་གི་ལྷ་ཁང་རྙིང་པའི་ལྡེབས་རིས།
རི་བོ་ནི་མཐོ་ཞིང་གཟར་ལ། ནམ་མཁའ་ནི་སྔོ་ཞིང་དྭངས། རི་སྐེད་ན་གྱ་གྱུར་བསྲིངས་པའི་ལམ་ཐོག་ཏུ་ར་ཁྱུའི་རྗེས་སུ་འགྲོ་བའི་རྫི་བོ་འགའ་དང་ཐུག །ཡར་བལྟས་ན་ནམ་མཁའ་ནི་རི་འགོར་ཞྭ་མོ་བསྐོན་པ་དང་། མར་བལྟས་ན་ཉག་ཆུ་ནི་ས་གཞིར་སྐེ་རགས་བཅིངས་པ་ལྟ་བུ་རེད། ནམ་མཁའི་ཉི་ཟླ་སྐར་གསུམ་དང་ཐག་ཉེ་བར་གནས་བཅས་པའི་འབྲོག་ཕྲུག་ཚོ་ལ་མཚོན་ན། ས་འདི་གད་པ་ལྟར་གཡང་གཟར་ཞིང་དམ་འབི་ལྟར་གུ་དོག་པས། རྐང་ལག་འགུལ་མི་བདེ་བའི་སྐྲག་སྣང་སྐྱེ་སྲིད་མོད། རོང་སའི་གནམ་ངོ་དྲོན་མོ་དང་ས་རྡོ་རྩུབ་མོ་ཡིས་སེམས་པར་སྙིང་སྟོབས་ཀྱི་ཕུར་པ་བརྡབས་ཤིང་། འཕུར་འདོད་ཀྱི་གཤོག་ཟུང་བཏགས་ཡོད་པའི་ང་ལ་མཚོན་ན། གནམ་ས་གྲུ་གསུམ་ཡིན་ཡང་རུང་། ས་རྡོའི་དྲི་ངན་ཐུལ་ནའང་འདྲ། རི་ཆུ་ལ་རྦབ་རྡོ་འགྲིལ་ནའང་ཆོག །ཡོད་ཚད་ནི་དེ་འདྲའི་སྙིང་རྗེ་མོ་རང་སེམས་གསོ་བ་ཞིག་རེད།རི་ངོས་སུ་ཆགས་པའི་གྲོང་པ་སོ་སོའི་བར་ལ་འགྲོ་དུས། ཇ་ཤིང་རྨོས་པའི་ཞིང་ས་རྣམས་ནི་རེའུ་མིག་ལྟར་མཐོང་། དེ་དག་ནི་ཡུལ་མི་ཚོའི་ལྟོ་གོས་བརྟེན་ས་གཙོ་བོ་ཞིག་ཡིན་ལ། དེང་སང་དཀའ་བའི་ལས་དང་ཚན་རྩལ་ལ་བརྟེན་ནས་ཇ་ལས་ཀྱི་ཡོང་སྒོ་མི་ཉུང་བ་ཡོད་ཚོད་འདུག
ཁེ་རྡོ་གྲོང་རྡལ་ཡོད་སའི་རི་སྐེད་ཀྱི་ས་གདན་གདན་ཞིག་ན། བཀྲ་ཤིས་ཆོས་གླིང་ཞེས་དགེ་ལུགས་པའི་དགོན་པ་ཆུང་ཆུང་ཞིག་བཞེངས་འདུག །དགོན་པའི་ཕ་རོལ་གྱི་རི་བོ་མཐོན་པོ་དེ་ལ། བླ་མ་ཞིག་གིས་རིན་ཆེན་ནོར་བུ་ཞེས་པའི་མཚན་གསོལ་བ་ནི་རྗེས་སུ་ཡི་རངས་དགོས་པ་ཞིག་རེད།

ཁེ་རྡོ་གྲོང་རྡལ་གྱི་ཁང་པ།
རྒྱང་ནང་གྲོང་པའི་སྟོད་ཀྱི་རི་སྐེད་ན་དགོན་ཤུལ་ཆེན་པོ་ཞིག་འདུག །དེ་ནི་དེ་སྔོན་རྒྱང་ནང་དགོན་ཞེས་དགེ་ལུགས་པའི་དགོན་པ་ཞིག་ཡོད་མྱོང་བ་དེའི་ཤུལ་ཡིན་པར་གྲགས། དགོན་ཤུལ་གྱི་གཡས་ཕྱོགས་སུ་རྩིག་པ་ཞིག་གི་ཐོག་ལ་བསང་སྒམ་གཉིས་ཡོད་པ་ལས། གཅིག་ནི་དམར་བསང་དང་གཞན་ཞིག་ནི་དཀར་བསང་གཏོང་ས་རེད་ཟེར། མཐོ་ས་ནས་བལྟས་ན་དགོན་ཤུལ་དུ་འདུ་ཁང་དང་འདུ་ཁང་འགྲམ་གྱི་ལོགས་ཁང་། མགོན་ཁང་། གྲྭ་ཤག །ཇ་ཁང་སོགས་ཁང་ཤུལ་ཉི་ཤུ་ལྷ་ཙམ་མཐོང་། ཁྱད་པར་དུ་འདུ་ཁང་མདུན་གྱི་ཆོས་བཤད་སའི་ཆོས་ཁྲི་གསུམ་གཅིག་ཐོག་གཅིག་སྦྲེལ་ནས་ཡོད་པས། སྐབས་དེ་དུས་རྒྱང་ནང་དགོན་པར་གྲྭ་པ་དང་མཆོད་མཇལ་པ་མང་པོ་ཡོད་པ་ཤེས། གལ་སྲིད། ས་ཆ་ཞིག་ན་རྗེས་ཤུལ་མེད་པ་ཡིན་ན། མི་རྒན་ཞིག་ལ་དབུ་སྐྲ་དཀར་པོ་མེད་པ་དང་འདྲ།

དགོན་པའི་བསང་སྒམ།
ང་རང་གིས་དགོན་ཤུལ་གྱི་ཁང་མིག་སོ་སོ་བརྒྱུད་དེ། ཅི་ཞིག་དྲན་འདོད་པ་ལྟར་རྩིག་ཁུང་ནས་རྒྱང་རིང་ལ་བལྟས་པ་ན། ལོ་རྒྱུས་ཀྱི་ཁུང་བུ་ཞིག་རྙེད་དེ་ཨུ་ཚུགས་ཀྱིས་རྗེས་དྲན་བྱེད་པ་དང་འདྲ། རྒྱང་རིང་གི་རི་བོ་རྣམས་ནི་རྩེ་མོ་རབ་ཏུ་མཐོ་ཞིང་སྐེད་པ་ནགས་ཚལ་གྱིས་བརྒྱན་མོད། དགོན་ཤུལ་ནས་ལྟ་དུས་རི་བོ་དེ་ཚོ་ཡང་དེ་འདྲ་གསོན་ཉམས་དོད་པ་ཞིག་མ་རེད།
དགོན་ཤུལ་གྱི་འདབས་ལ་ལྕང་སྡོང་ཞིག་འདུག །སྟོན་རྒྱབ་ཀྱི་རླུང་བུས་ལོ་མ་སེར་པོ་རྣམས་དཀྲུགས་ཏེ་ལ་ལ་ང་ཡི་ཕྲག་ཐོག་ཏུ་བབ། འགའ་ཞིག་ངའི་རྐང་འགོར་ལྷུང་། ལ་ཤས་རྩིག་ངོས་སུ་འབྱར་བ་ན་དགོན་ཤུལ་ལ་སྣང་བ་སྐྱོ་བའི་ཉམས་ཤིག་བསྣན།

སྟོན་དུས་ཀྱི་ལྕང་སྡོང་།
ངས་གྲོགས་པོ་ལ་ཁྱེད་ཀྱིས་དགོན་པ་དེ་དགོན་ཤུལ་འདི་ན་མི་བཞེངས་པ་ཅི་ཡིན་ནམ་ཞེས་དྲིས། ཁོང་གིས་དགོན་ཤུལ་འགྲམ་གྱི་སྤུན་ཟླ་མི་རིགས་ཚོའི་བློ་ལ་མ་བབ་པས་བཞེངས་མ་ཐུབ་ཅེས་གསུངས།

རྒྱང་ནང་དགོན་པའི་ཤུལ།
དགོན་ཤུལ་ལས་བབ་སྟེ་གྲོང་པར་འགྲོ་དུས། ལྷ་ཁང་རྙིང་པ་ལྡེབས་རིས་མང་པོ་བྲིས་ཡོད་པ་ཞིག་སྣང་མོད། རྩིག་པ་ལ་ཆར་ཆུ་ཕོག་སྟེ་ཧ་ལམ་འཇིག་ཚོད་ཙམ་ལ་སླེབས་འདུག །ལྷ་ཁང་གི་མདུན་གྱི་ཞིང་ཁར་གཡེར་མའི་སྡོང་པོ་འགའ་ལ་གཡེར་མ་སྨིན་ཏེ་དམར་སེང་སེང་དུ་ཆགས་པ་དང་། ཞིང་ནང་གི་ཇ་ཤིང་རྣམས་ལ་མེ་ཏོག་དཀར་པོ་དཀར་གསལ་གསལ་དུ་བཞད་པས། ལས་ལ་བརྩོན་པའི་བུང་བ་ཚོ་ཕར་འཕུར་ཚུར་འཕུར་བྱེད་པ་ནི་ཡིད་དུ་འོངས།ཞིང་འགྲམ་གྱི་རྩིག་པའི་ཐོག་ལ་སྦྲང་ཟམ་ཞིག་བཞག་འདུག །སྦྲང་ཟམ་གྱི་འདྲེན་སྐར(བུང་བ་རྣམས་ཡར་འཛུལ་མར་བུད་བྱེད་སའི་བུ་ག)གྱི་ཁ་རུ་བུང་བ་མང་པོས་འཚང་ཁ་ཤིག་ཤིག་གིས་གཤོག་པ་རྡེབ་ཀྱི་སྣང་། ནན་གྱིས་ལྟ་དུས་ཟུར་ལ་དུག་སྦྲང་ཆེན་པོ་ཞིག་གིས་ལྡིང་བསྐོར་རྒྱག་པ་མཐོང་། ངས་དུག་སྦྲང་དེ་དཀྲོགས་ཀྱང་མ་འདྲོགས། མཐར་བུང་བ་རྣམས་ཀྱིས་དཔུང་པ་མཉམ་སྦྲེལ་གྱིས་ངོ་རྒོལ་བྱས་པས། དུག་སྦྲང་དེ་བློ་ཕམ་ཡིད་ཆད་ཀྱིས་ཕྱིར་འཕུར་སོང་། ང་ནི་ལས་ལ་བརྩོན་པའི་བུང་བ་རྣམས་ལ་དགའ་ཡང་དགའ་ལ་སྙིང་ཡང་རྗེ།
དུས་ཡུན་རིང་པོར་ཇ་ཐོབ་རོང་པའི་ཡུལ་མི་ཚོ་ལྟོ་རྒྱབ་ཀྱི་དོན་དུ་རྩྭ་ཕྲན་ལྟར་རི་ངོས་ལ་འབྱར་ཞིང་། ཕུགས་རེའི་ཆེད་དུ་རི་འགོར་འཛེགས་ཀྱང་། དེང་སང་ཕ་ཡུལ་རྒྱབ་ཏུ་བསྐྱུར་ཡང་སེམས་ཀྱི་སྣེ་མོར་ཕ་ཡུལ་གྱི་རི་ཆུ་བཏགས་པའི་ཡུལ་གྱར་བ་ག་ཚོད་ཡོད་དམ། ཕ་ཡུལ་པང་དུ་བླངས་ཀྱང་སེམས་ཀྱི་གཤོག་སྣེ་མི་ཡུལ་གྱི་མཁའ་རུ་ཐོགས་པ་ཅི་ཚད་ཡོད་ཨང་།
གྲོང་པའི་འདབས་ལ་འབབ་དུས། ལམ་འགྲམ་ན་ཕུའུ་སྨི་རིགས་ཀྱི་དམངས་སྲོལ་ཁང་ཞེས་པའི་ཁང་པ་ཞིག་སྣང་། ནང་ལ་ཡོད་པའི་འཚོ་བའི་སྤྱོད་ཆས་དང་སྐྱེས་པ་བུད་མེད་ཚོའི་རྒྱན་ཆ་ནི་བོད་རིགས་དང་ཁྱད་པར་ཆེན་པོ་མི་འདུག །ཐབ་ཀའི་འགྲམ་གྱི་དཀྱིལ་ཀ་ལ་སྐས་རིམ་མང་པོ་ཡོད་པའི་ཤིང་སྡོང་ཕྲ་མོ་བཞི་ལྔ་ཙམ་བསྡམས་ཡོད་པ་ནི་ཡ་མཚན་ཞིག་རེད། རྗེས་སུ་འབྲེལ་ཡོད་མི་སྣ་ལ་བཀའ་འདྲི་ཞུས་པས། ཁྱིམ་བདག་རང་ལོར་འཁེལ་དུས་ལོ་སྐག་འགོག་པའི་ཆེད་དུ། ཕུའུ་སྨི་རིགས་ཀྱི་སྔགས་མགོན་གྱིས་ཆོ་ག་བསྒྲུབས་རྗེས་ཤིང་སྐས་དེ་ཀ་བ་ལ་བསྡམས་པ་རེད་ཟེར། དེ་ནི་ལྷ་སའི་ཕྱོགས་སུ་ཚེ་འདས་དང་རང་ལོར་ལོ་སྐག་འགོག་པའི་ཆེད་དུ། བྲག་ངོས་སུ་རྨུ་སྐས་ཀྱི་རི་མོ་བྲིས་པའི་སྲོལ་དང་གཅིག་པ་རེད་འདུག

ཀ་བར་བཏགས་པའི་རྨུ་སྐས།
ཐག་རིང་ནས་བཞུར་འོངས་ཤིང་རྒྱང་རིང་ལ་རྒྱུག་འགྲོ་བའི་ཉག་ཆུ་སྔོན་མོ་ནི། ཞོགས་པའི་ཉི་འོད་དང་ཉིན་གུང་གི་ཚ་ཟེར། ཕྱི་དྲོའི་ཉི་གྲིབ་དང་བསྟུན་ཏེ་རང་གཤིས་ལ་འགྱུར་བག་ཆེ་བ་ཞིག་རེད།ངའི་ཕ་ཡུལ་ནི་ཉག་ཆུའི་འགྲམ་ལ་ཆགས་ཡོད། ན་ཆུང་དུས་ཨ་མ་ཡིས། ཉག་ཆུའི་ཆུ་འགོ་ནི་ས་ཐག་རིང་པོ་ལ་འཚོལ་ས་འགྲོ་དགོས་ཟེར། ཨ་ཕ་ཡིས། ཉག་ཆུའི་ཆུ་མཇུག་ནི་རྒྱང་ཐག་རིང་པོ་ལ་ཡོད་རེད་ཟེར། དེ་ནས་བཟུང་། ཉག་ཆུའི་ཆུ་འགོ་ནི་ངའི་ཕུགས་རེ་བཅངས་ས་དང་། ཆུ་མཇུག་ནི་ངའི་རྒྱང་ལྟ་བྱེད་ས་ཡིན་པས། སྟོད་ལ་འགྲོ་དུས་ཆུ་འགོའི་ཡན་ལག་དང་ཐུག །བར་ལ་འགྲོ་དུས་ཆུ་གཞུང་གི་དཀྱེལ་ཡངས་མཐོང་། སྨད་ལ་འགྲོ་དུས་ཆུ་མཇུག་གི་ཐར་ལམ་མཇལ་བ་ནི། བུ་ཕྲུག་རྣམས་ནམ་ཡང་ཕ་མ་དང་འབྲལ་ཐབས་མེད་པར་ལྷན་ཅིག་ཏུ་སྦྲེལ་པ་དང་མཚུངས།
ང་ལ་མཚོན་ན། ཉག་ཆུ་ནི་ཁྲོ་དུས་སྟག་ཤར་ཕོ་རྒོད་ཅིག་དང་འདྲ། ཞི་དུས་སྨན་ཤར་བུ་མོ་ཞིག་དང་མཚུངས། གལ་སྲིད་འཇོན་ན། ངས་ཉག་ཆུའི་ཆུ་འགོ་ནས་ཆུ་མཇུག་བར་གྱི་དྲང་ལྡོག་དང་བཟང་ངན། རང་གཞན་དང་གནའ་དེང་གི་གཏམ་རྒྱུད་ངག་གི་ཕྲེང་བར་སྤེལ་བར་འདོད།
༤
བརྒྱད་ཟུར་རྫོང་ནས་ཕྱིར་ལོག་ཉིན་གྱི་སྔ་མོར་ཚར་ཨར་གྲོང་པའི་ཁོངས་སུ་ཆགས་པའི་མི་རྒོད་དགོན་པའི་ཕྱོགས་སུ་སོང་། མི་རྒོད་དགོན་པ་ནི་ཤེལ་གྱི་བྲག་རི་བསླངས་པ་ལྟ་བུའི་བྲག་ཁུང་གི་ཁ་ལ་ཆགས་འདུག །ཕྱི་ཡི་རྣམ་པ་ལ་དེང་རབས་ཀྱི་ལུགས་ཀྱིས་བརྒྱན་ཡང་། ནང་གི་ལྡེབས་རིས་དང་བཟོ་བཀོད་ལ་བོན་ལུགས་ཀྱི་གནའ་ཉམས་མངོན་གསལ་དུ་དོད་པ་ཞིག་རེད། ངག་རྒྱུན་དུ་གནའ་སྔོན་མར་གནས་འདིར་མི་རྒོད་མང་པོ་འདུས་ཡོད་པས། གཏེར་ཆེན་གཤེན་ཆེན་བློ་དགའ་ཡིས་རྫུ་འཕྲུལ་གྱིས་མི་རྒོད་རྣམས་བཏུལ་ཏེ་དགོན་པ་འདི་ཕྱག་བཏབ་པ་རེད་ཟེར། དགོན་པའི་འདུ་ཁང་གི་ཀ་བ་སྦོམ་པོ་དེ་དག་ཀྱང་མི་རྒོད་ཚོས་བཞེངས་པར་གྲགས།

རྡོ་བརྐོས།
བརྒྱད་ཟུར་དགོན་པར་གྲྭ་པ་གཅིག་ལས་མཇལ་མ་བྱུང་བས། དེ་ལས་དབེན་འཇགས་ཀྱི་སྣང་བ་ཞིག་སྐྱེས། བཀྲ་ཤིས་ཆོས་གླིང་ཡང་གྲྭ་པ་གཅིག་གིས་བདག་གིར་བྱས་ཡོད་པས། སྙིང་རྗེ་མོའི་ཉམས་ཤིག་འདུག མི་རྒོད་དགོན་པར་ཡང་གྲྭ་པ་གཅིག་ལས་བཞུགས་མེད་པས། ཅུང་ཁེར་རྐྱང་གི་སེམས་པ་ཞིག་འཁོར།སྟོན་རྒྱབ་ལ་རང་ཡུལ་སྐོར་བའི་ལམ་དུ། རི་ཆུའི་རྒུམ་བུ་འཐུ་རོགས་ཧ་ཅང་ཉུང་ཡང་། ཁེར་རྐྱང་གི་སྡུག་བསྔལ་ཅི་ལ་ཡོད་དེ་ཡོད་མི་སྲིད་དོ། །
ཡོང་ཁུངས། ༢༠༢༦ལོའི«གངས་ལྗོངས་ཉི་གཞོན»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།
