ཁྲུང་ཁྲུང་དྲན། རྔོག་བུ་བདུད་མགོན་ཚེ་རིང་།
རྩོམ་པ་པོ།:རྔོག་བུ་བདུད་མགོན་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-05-27
ཀློག་གྲངས།:
ཁྲུང་ཁྲུང་དྲན།
རྔོག་བུ་བདུད་མགོན་ཚེ་རིང་།
ཁྲུང་ཁྲུང་གི་གཤོག་པ་དྲན།
གཤོག་པའི་ཁ་དོག་དང་ལྡེམ་མྱུར།
ད་དུང་བར་སྣང་ཁམས་སུ་ཟོར་གྱིས་འཕུར་བའི།
ཁྲུང་ཁྲུང་གི་ཁྱུ་དྲན།
ས་གཞི་འདི་དྲོད་ཀྱིས་སྒོང་ཚེ།
གཙང་པོའི་དར་ཟོམ་མུར་གྱིས་ཞུ་ཚེ།
ཁྲུང་ཁྲུང་འཕུར་ཡོང་ངེས།
གཙང་ངོགས་སུ་གཤོག་པས་ལྡེབ་ཀྱིན།
རྫ་ཆུ་དང་ཡུན་རིང་བྲལ་བའི་སྙིང་གཏམ་དེ་དག
ཆུ་ངོས་སུ་རི་མོར་ཕབ་ངེས།
ཁྲུང་ཁྲུང་དྲན།
ཁྲུང་ཁྲུང་གི་བྱ་ཁྱུའི་འདུ་ཤེས་དང་ཕོ་མོའི་བརྩེ་བ་དྲན།
བྱ་ཕྲུག་ལ་གཤོག་ལྡེབ་སྟོན་པའི་རྣམ་པ་དེ་དྲན།
ཆུ་བོ་ལ་འཇུག་ཚུལ་སློབ་པའི་ཚུགས་ཀ་དེ་དྲན།
ཕན་ཚུན་བར་འབྲལ་ཐབས་མེད་པའི་གཤིས་ཀ་དེ་དྲན།
ཁྲུང་ཁྲུང་གི་སེམས་གཏིང་དུ་གཞི་ནས་ཆགས་ཤིང་།
བག་ལ་སྦས་པའི། འཁོར་བའི་ཆོས་ཉིད་དྲན།
འགལ་བ་མེད་པའི་དམ་ཚིག་གི་འཚོ་སྟངས་དྲན།
ཁྱུང་ཁྲུང་ལགས། ཁྲུང་ཁྲུང་དྲན།
༢༠༢༦.༥.༢༥ཉིན་ཟི་ལིང་ནས།
འབྲེལ་ཡོད་འོས་སྦྱོར།
