ལྷུག་རྩོམ། ང་ནི་སྐད་ཡིག་དགེ་རྒན་ཞིག་ཡིན།
རྩོམ་པ་པོ།:འབྲོང་ཕྲུག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-06-11
ཀློག་གྲངས།:
ང་ནི་སྐད་ཡིག་དགེ་རྒན་ཞིག་ཡིན།
འབྲོང་ཕྲུག་ལྷ་ཆེན་རྒྱལ།
གཅིག
ངའི་ཆུང་དུས་ཀྱི་ཕུགས་བསམ་ནི་ནར་སོན་ན་སྐད་ཡིག་དགེ་རྒན་ཞིག་བྱེད་རྒྱུ་དེ་མ་ཡིན་པར། དེ་ལས་ལྡོག་སྟེ་གནམ་གྲུའི་ཁ་ལོ་བ་ཞིག་བྱེད་རྒྱུ་དེ་ཡིན། སྐབས་དེ་དུས། ངའི་སེམས་སུ་གནམ་གྲུར་ཁ་ལོ་བསྒྱུར་ཏེ་ཕ་ཡུལ་གྱི་བར་སྣང་དུ་ལྡིང་སྐོར་རྒྱག་རྒྱུ་དེ་ནི་བདེ་སྐྱིད་ཅིག་རེད་བསམ་གྱིན་ཡོད།
གནམ་གྲུའི་ཁ་ལོ་བ་ཞིག་བྱེད་རྒྱུའི་ཕུགས་བསམ་དེ་ནི་སློབ་ཆུང་སྐབས་ཀྱི་སློབ་ཚན་ཞིག་ལ་འབྲེལ་བ་དམ་པོར་ཡོད། སློབ་ཚན་དེའི་ཁ་བྱང་ལ«སྐལ་བཟང་གི་གནམ་གྲུ»ཟེར་བ་འདྲ། དེ་དུས་ང་རང་ཕ་ཡུལ་གྱི་གྲོང་སྡེ་ཆུང་ཆུང་ཞིག་ན་སློབ་ཆུང་འགྲིམས་ཀྱིན་ཡོད། ང་ཚོའི་སློབ་ཆུང་ཆགས་སའི་གྲམ་ཁ་དེ་རུ་རྒྱ་ཆེ་ཞིང་ཁོད་ཡངས་ལ། དབྱར་ཁར་སྤང་ལ་མེ་ཏོག་ཁྲ་ཆིལ་ལེར་བཞད་ཅིང་དགུན་ཁར་ཁ་བའི་གོས་དཀར་བཀླུབས་པའི་ཐང་གཤོང་ཞིག་ཡོད། སློབ་གྲྭ་ནི་དག་དག་ཐང་གཤོང་དེ་རུ་ཆགས་ཡོད་དེ། ཝ་དཀར་ཐང་དུ་འབོད་པའི་ཐང་གཤོང་དེ་ནི་དེ་ལྟར་རྒྱ་ཆེ་ཞིང་ཁོད་ཡངས་ནའང་། སློབ་གྲྭ་ནི་རྭ་སྐོར་ཆུང་ཆུང་ཞིག་ཏུ་སློབ་ཁང་དང་ཉལ་ཁང་། ཇ་ཁང་བཅས་པའི་ཁང་སྟར་འགའ་བཙུད་ནས་ཡོད། ཐ་ན། སློབ་གྲྭའི་ཞོལ་དུ་ཆགས་པའི་ཡུལ་ཚོའི་སྲིད་གཞུང་གི་ཁང་སྟར་འགའ་བོའང་གཞུང་ལམ་གྱི་གཡས་གཡོན་དུ་འཚང་ཁས་བཙུད་ཡོད། དེ་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་སྐབས་ཤིག་སྟེ། དེ་དུས་ང་རང་སློབ་ཆུང་ལོ་རིམ་གསུམ་པ་ཨེ་ཡིན་ནམ།
སྔ་དྲོ་ཞིག་ལ། སྐད་ཡིག་དགེ་རྒན་གྱིས་ནམ་རྒྱུན་ལྟར་སློབ་དེབ་དང་ཁྲིད་དབྱུག་མཆན་ལ་བཙིར་ནས་སློབ་ཁང་དུ་ཡོང་བ་དང་། སློབ་ཁང་དུ་ཡོང་ནས་ཀྱང་ཐར་ཀར་ཁྲིད་སྟེགས་སྟེང་དུ་མི་འབུད་པར། གྲལ་གཤར་གཉིས་སུ་བསྒྲིགས་པའི་ངེད་ཅག་སློབ་ཕྲུག་ཚོའི་སློབ་ཅོག་གི་དཀྱིལ་ནས་ཕར་འགྲོ་ཚུར་འགྲོ་བྱེད། ང་ཚོ་འཛིན་གྲྭར་སློབ་ཕྲུག་ཉེར་བཞི་ཡོད་པ་དང་། སློབ་ཕྲུག་ཉེར་བཞི་བོ་སློབ་ཅོག་བཅུ་གཉིས་སུ་བསྡད་ཡོད། སློབ་ཅོག་བཅུ་གཉིས་པོའང་གྲལ་གཤར་གཉིས་སུ་བསྒྲིགས་ཡོད། སྐད་ཡིག་དགེ་རྒན་གྲལ་གཤར་གཉིས་པོའི་དཀྱིལ་ནས་ཕར་འགྲོ་ཚུར་འགྲོ་བྱེད་དུས་སུ། ཁོའི་གདོང་ན་དགའ་སྡུག་གི་ཉམས་འགྱུར་ཅི་ཡང་མི་འདུག མི་ཞིག་གི་གདོང་ན་ཉམས་འགྱུར་མེད་པ་དེ་ནི་ཉམས་འགྱུར་ཞིག་སྟེ། ཉམས་འགྱུར་དེའི་གཏིང་མཐའ་སུས་ཀྱང་དཔག་པར་དཀའ་ན། ང་ཚོ་སློབ་ཆུང་ལོ་རིམ་དམའ་ཤོས་ཀྱི་སློབ་ཕྲུག་ཚོས་ལྟ་ཅི་སྨྲོས། ཉིན་དེར། ང་ཚོ་སློབ་ཕྲུག་ཉེར་བཞི་བོས་དགེ་རྒན་གྱི་གདོང་ནས་དགའ་སྡུག་གི་ཉམས་ཅི་ཡང་མཐོང་མ་བྱུང་ནའང་། དེས་ནི་ང་ཚོའི་བྱིས་བློའི་དྭངས་གཙང་དྲི་མེད་ཀྱི་སེམས་ལའང་དགའ་སྡུག་གི་རི་མོ་ཅི་ཡང་ཕབ་མ་བྱུང་བ་འདྲ།
ཉིན་དེའི་སློབ་ཚན་གྱི་ཁ་བྱང་ལ«སྐལ་བཟང་གི་གནམ་གྲུ»ཟེར་བ་འདྲ། གསལ་བོ་ཞིག་དྲན་གྱིན་མི་འདུག་མོད། སློབ་ཚན་དེའི་ནང་དོན་ནི་ཕལ་ཆེར་འདི་འདྲ་ཞིག་སྟེ། དགེ་རྒན་གྱིས་སྐལ་བཟང་ཟེར་བའི་བྱིས་པ་ཞིག་ལ་མ་འོངས་པའི་ཕུགས་བསམ་དྲིས་པ་ན། སྐལ་བཟང་གིས་འདང་རྒྱག་ཅི་ཡང་མེད་པའི་སྒོ་ནས། “ནར་སོན་ན། ང་རང་གནམ་གྲུའི་ཁ་ལོ་བ་ཞིག་བྱེད་རྒྱུ་ཡིན” ཞེས་བཤད་སྐད། སྐད་ཡིག་དགེ་རྒན་ནི་ཁུལ་དགེ་ཐོན་སློབ་གྲྭའི་རབས་སྔ་བ་སྔུན་མའི་མཐར་ཕྱིན་སློབ་མ་ཞིག་ཡིན་པ་དང་། སྐབས་དེར་དགུང་ལོ་བཞི་བཅུ་བརྒལ་ཡོད་ཚོད་རེད། ངའི་དྲན་པའི་ཁྲོད་དུ་སྐབས་དེའི་སྐད་ཡིག་དགེ་རྒན་གྱི་སློབ་ཁྲིད་ནི་འབྲི་ཀློག་གཉིས་ལས་ཀློག་ཡིན་པ་འདྲ་ལ། སློབ་ཚན་ཧྲིལ་བོ་ཐེངས་བཅུ་ཕྲག་མང་པོར་ཁྲིད་ནས་ཀློག་བྱང་དུ་བཅུག་རྗེས། སློབ་ཕྲུག་རེ་རེར་བློར་བསྐྱོར་བྱེད་དུ་འཇུག་པ་དེ་འདྲ་ཞིག་ཡིན་པ་འདྲ། སྐད་ཡིག་དགེ་རྒན་གྱིས་སྐལ་བཟང་ཟེར་བའི་བྱིས་པ་དེ་ཅིའི་ཕྱིར་གནམ་གྲུའི་ཁ་ལོ་བ་བྱེད་འདོད་པ་དང་། གནམ་གྲུའི་ཁ་ལོ་བ་བྱེད་པའི་ཆེད་དུ་ཤེས་བྱ་རིག་པའི་གནས་ལ་འབད་པ་ག་ཚོད་བྱས་ཚུལ། རྗེས་སུ་ཕུགས་བསམ་མངོན་འགྱུར་བྱས་མིན་སོགས་གསལ་བོར་བཤད་མ་སོང་ནའང་། དུས་དེ་ནས་བཟུང་སྟེ། ངས་ཀྱང་རང་ཉིད་ནར་སོན་ན་གནམ་གྲུའི་ཁ་ལོ་བ་ཞིག་བྱེད་དགོས་བསམ་པ་བྱུང་།
ངའི་སློབ་ཆུང་སྐབས་ཀྱི་ཕུགས་བསམ་ནི་དེ་འདྲའི་ཡིད་དུ་འོང་བ་ཞིག་ཡིན། ཕུགས་བསམ་ནི་ཅི་འདྲ་ཡིད་དུ་འོང་བ་ཞིག་ཡིན་ནའང་། མངོན་སུམ་གྱི་འཚོ་བའི་ཁྲོད་ནས་རྨི་ལམ་ཞིག་ལྟར་མངོན་འགྱུར་འབྱུང་མི་སྲིད་དུས་ཀྱང་ཡོད་དེ། ནར་སོན་རྗེས། ང་རང་གནམ་གྲུའི་ཁ་ལོ་བ་ཞིག་བྱེད་མ་ཐུབ་པར། ལྟོག་སྟེ་སྐད་ཡིག་དགེ་རྒན་ཞིག་བྱ་དགོས་བྱུང་སོང་། དེ་རིང་། ང་རང་དེ་དུས་ཀྱི་ངའི་ན་ཚོད་ནང་གི་སློབ་ཕྲུག་བཞི་བཅུའི་སྐད་ཡིག་དགེ་རྒན་བྱ་དུས་སུ། ངས་གློ་བུར་དུ་དེ་དུས་ཀྱི་ཕུགས་བསམ་དྲན་བྱུང་། ཕུགས་བསམ་ཁྲོད་ཀྱི་གནམ་གྲུ་དང་གནམ་གྲུའི་ཁ་ལོ་བ་ཆུང་ཆུང་དེ་དྲན་བྱུང་། མི་ལོ་སུམ་ཅུའི་རྗེས་སུ། དེ་དུས་ཀྱི་སློབ་གྲྭ་དང་སློབ་དེབ་ལའང་འགྱུར་བ་མང་དུ་བྱུང་སྟེ། ད་ལྟ་དེ་དུས་ཀྱི་སློབ་གྲྭའི་ཤུལ་དུ་ཐོག་རྩེག་གསུམ་ཅན་གྱི་སློབ་ཁང་དང་ཐོག་རྩེག་བཞི་ཅན་གྱི་ཉལ་ཁང་། ཐོག་རྩེག་གཉིས་ཅན་གྱི་ཇ་ཁང་དང་ལུས་རྩལ་ཁང་སོགས་ཀྱིས་ཝ་དཀར་ཐང་གི་ས་རྒྱ་ཆེ་ཆེར་བཟུང་ཡོད་པར་མ་ཟད། ཚོན་མདོག་མེད་པའི་སློབ་དེབ་དེ་དག་ཚོན་མདོག་བཀྲ་བའི་ཡིག་རིས་ཟུང་འབྲེལ་དེབ་ཏུ་བསྒྱུར་ཞིང་། «སྐལ་བཟང་གི་གནམ་གྲུ»ཞེས་པའི་སློབ་ཚན་དེ་ལྟ་བུ་ས་ཕྱགས་རྡུལ་སྤྲུགས་བྱས་པ་ནང་བཞིན་མཐོང་ལམ་དུ་མི་འདུག་མོད། སྐལ་བཟང་གིས་གནམ་གྲུ་ཁ་ལོ་བ་ཞིག་བྱེད་ཆེད་དུ་སློབ་སྦྱོང་ལ་ཧུར་བརྩོན་བྱས་མ་བྱས་དང་། སྐལ་བཟང་གི་གནམ་གྲུ་ཁ་ལོ་བ་ཞིག་བྱེད་པའི་ཕུགས་བསམ་དེ་མངོན་འགྱུར་བྱུང་ངམ་མ་བྱུང་བ་སོགས་ནི་སྔར་བཞིན་གསང་བ་ཞིག་ཏུ་གྲུབ་སྟེ། ངའི་དེ་དུས་ཀྱི་ཕུགས་བསམ་ནང་བཞིན་རྒྱང་རིང་རྒྱང་རིང་ཞིག་ཡིན་པའི་ཚོར་བ་སྟེར།
གཉིས།
ང་ནི་སྐད་ཡིག་དགེ་རྒན་ཞིག་ཡིན།"དགེ་རྒན་ལགས། ཚེ་རིང་སྒྲོལ་མས་སྐད་ཡིག་སློབ་ཁྲིད་ཀྱི་སྐབས་སུ་རི་མོ་འབྲི་བཞིན་འདུག ད་དུང་སློབ་དེབ་ཀྱི་སྟེང་དུ་བྲིས་འདུག" སློབ་ཁྲིད་ལ་གྲོལ་ལ་ཉེ་དུས་ཤིག་ལ། སློབ་བུ་དོན་གྲུབ་རྒྱ་མཚོ་གློ་བུར་དུ་ཡར་ལངས་ནས་དེ་སྐད་ཟེར། དེ་དུས་ང་རང་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་མི་ལོ་ཉི་ཤུ་ལྷག་འགོར་ཡོད། རིང་ལ་ཐུང་བའི་མི་ལོ་ཉི་ཤུའི་རིང་ལ་ང་ནི་སྔོན་ཆད་ཀྱི་གནམ་གྲུའི་ཁ་ལོ་བ་བྱེད་འདོད་པའི་སློབ་ཆུང་སློབ་མ་དེ་ནས་སློབ་ཆུང་དགེ་རྒན་ཞིག་ཏུ་གྱུར་ཡོད། ངས་ངའི་དེ་དུས་ཀྱི་ན་ཚོད་ནང་གི་སློབ་བུ་རབས་དང་རིམ་པ་སློབ་འབྲིང་དུ་བསྐྱལ་ཟིན། སློབ་ཆེན་དུ་བསྐྱལ་ཟིན། ཕྱིར་སློབ་གསོའི་ལས་རྐང་དུ་བསྐྱལ་ཟིན། ང་དང་མཉམ་དུ་གནམ་གྲུའི་ཁ་ལོ་བ་བྱེད་འདོད་པའི་ན་ཚོད་ཀྱི་སློབ་བུ་མང་པོ་བསྐྱངས་དང་སྐྱོང་མུས་སུ་ཡོད།
དེ་ནི་དཔྱིད་མགོའི་གཟའ་ཕུར་བ་ཞིག་གི་སློབ་ཐུན་གཉིས་པའི་སྟེང་ཡིན། སློབ་ཐུན་དེའི་ནང་དུ་ངས་སློབ་ཕྲུག་ཚོར་སྐར་མ་ཉི་ཤུའི་རིང་ལ་ཉིན་ཐོ་འབྲི་སྟངས་སྟབས་བདེ་ཞིག་ཁྲིད་ཅིང་། དེ་ནས་ལྷག་མའི་སྐར་མ་ཉི་ཤུའི་རིང་ལ་སློབ་ཕྲུག་རང་རང་ལ་འབྲི་སྦྱོང་བྱེད་དུ་བཅུག་ཡོད། ངའི་བསམ་པ་ཞིག་ལ། སྐད་ཡིག་གི་སློབ་ཁྲིད་ནི་དགེ་རྒན་གྱིས་བུམ་པ་གང་བྱོའི་ཚུལ་གྱིས་ཁྲིད་རྒྱུ་ལས་ཀྱང་གལ་ཆེ་བོ་ནི་སློབ་མས་རང་མོས་རང་རྟོག་གིས་སློབ་རྒྱུ་དེ་ཡིན་པར་འདོད། ངའི་སློབ་གསོའི་མན་ངག་ནི། ངས་ནི་ཁྱོད་ལ་འཁོར་བའི་ལམ་བསྟན་གྱི། །འཁོར་བ་རང་ལ་རག་ལས་བརྩོན་པ་གྱིས། །ཞེས་པ་དེ་ཡིན། ངས་རྒྱུན་པར་སློབ་མར་ཀླད་པ་མང་དུ་འགུལ་དུ་བཅུག་པ་ཡིན། ལག་པ་མང་དུ་འགུལ་དུ་བཅུག་པ་ཡིན། དོན་གྲུབ་རྒྱ་མཚོས་དེ་ལྟར་ཚེ་རིང་སྒྲོལ་མའི་སློབ་དེབ་ཁྱེར་ཡོང་ནས་ངའི་མདུན་དུ་བཞག་པ་ན། སློབ་དེབ་ཀྱི་བར་སྟོང་ཞིག་ཏུ་མི་རྒན་གཉིས་ཀྱིས་བྱིས་པ་ཞིག་གི་ལག་མགོ་གཡས་གཡོན་ནས་བཟུང་སྟེ་མདུན་དུ་ཁྲིད་ཅིང་། ཁོ་ཚོའི་རྐང་འོག་ཏུ་མེ་ཏོག་དཀར་དམར་ཁྲ་གསུམ་ཁྲ་ལམ་མེར་སྐྱེས་འདུག་པའི་རི་མོ་ཞིག་མིག་ལམ་དུ་མངོན་བྱུང་། རི་མོ་དེ་ནི་ཚོན་མདོག་གིས་བྲིས་འདུག་ནའང་ནམ་མཁའ་སྔོན་པོ་དང་སྤྲིན་པ་དཀར་པོ་གཉིས་གོ་ལྡོག་སྟེ་ནམ་མཁའ་དཀར་པོའི་ངོགས་སུ་སྤྲིན་པ་སྔོན་པོ་ཤར་མར་བྲིས་འདུག ང་ནི་རང་གི་སློབ་མར་རི་མོ་འབྲི་བའི་འཇོན་ཐང་ཁྱད་པར་བ་ཞིག་ཡོད་པར་མི་དགའ་བ་ཆེར་མེད་མོད། ནམ་རྒྱུན། ཚེ་རིང་སྒྲོལ་མ་ནི་སྐད་ཡིག་སློབ་ཁྲིད་ཀྱི་སྐབས་སུ་ནན་ཏན་གྱིས་མི་ཉན་པར་མ་ཟད། མགོ་སྒུར་ནས་ལག་ཏུ་ཅི་ཞིག་སྣོག་སྣོག་ལ་འདུག་མཁན་ཞིག་ཡིན། སྐབས་ལན་རེར། ངས་སློབ་ཁྲིད་ཀྱི་ནང་དོན་དང་བསྟུན་ནས་དྲི་བ་སླ་མོའི་རིགས་དྲིས་ནའང་ལག་པ་ཡར་བཀྱག་ནས་ལན་འདེབས་རྒྱུ་ལྟ་ཅི། ཐ་ན། མགོ་བོ་ཡར་དགྱེ་ནས་སྒོ་སམ་གྱི་ཕྱོགས་སུ་ལྟ་ཙམ་ཡང་མི་བྱེད། མོས་དེ་ལྟར་རང་གི་མི་རིགས་ཀྱི་སྐད་དང་ཡི་གེར་དགའ་ཞེན་དང་ཧུར་བརྩོན་མི་བྱེད་པའི་ཁར། ད་དུང་སློབ་དེབ་ལའང་བདག་གཅེས་མི་བྱེད་པར་གང་བྱུང་དུ་རི་མོ་བྲིས་པར་ཁོང་ཁྲོ་གཏིང་ནས་སྐྱེས་ཤིང་། དེ་མུར་མོ་ཡར་བསླངས་ནས་སྐྱོན་བརྗོད་ནན་མོ་ཞིག་བྱས་པ་ཡིན། ང་ནི་རིགས་ཞེན་ཆེ་བའི་མི་ཞིག་ཡིན། མི་རིགས་ཀྱི་དགའ་ཞེན་དང་ཕ་ཡུལ་གྱི་དུང་ཞེན་བླ་ལྷག་གིས་ཡོད་མཁན་ཞིག་ཡིན། ངས་རང་གི་སློབ་མ་སུས་ཀྱང་མི་རིགས་ཀྱི་སྐད་དང་ཡི་གེ་སྣང་མེད་དུ་འཇོག་པར་མ་རིག་མ་གོ་མ་ཤེས་པར་འཇོག་ཐུབ་མཁན་ཞིག་མིན།
ཚེ་རིང་སྒྲོལ་མ་ནི་གྱང་རྩའི་གྲལ་གཤར་དེའི་ཆེས་མཇུག་ཏུ་བསྡད་ཡོད་པས། རྒྱུན་པར་མོའི་བྱ་བྱེད་ཅི་ལའང་ལྟ་རྟོག་བྱེད་ཐུབ་པ་ཞིག་མིན་ལ། དེ་ལས་ཀྱང་མོ་ནི་ཁ་གྲགས་རྒྱུར་དེ་འདྲ་དགའ་བོ་མེད་པའི་གཤིས་ཀ་དེས་དགེ་རྒན་ལྟ་ཅི། སློབ་གྲོགས་ཚོས་ཀྱང་དེ་འདྲ་དོ་སྣང་བྱེད་ཀྱིན་མེད་ཚོད་འདུག ང་རང་མོའི་གམ་དུ་སོང་ནས་སློབ་དེབ་སྟེང་གི་རི་མོ་སྟོན་ཞོར་སྐྱོན་བརྗོད་བྱས་པ་ན། མོས་ཀྱང་མགོ་སྒུར་ནས་ངའི་སྐྱོན་བརྗོད་ལ་ཉན་གྱིན་འདུག་མོད། མིག་མཐར་མཆི་མ་རྡོག་པོ་འགའ་འཁྱིལ་འདུག་པ་དེས་རང་སྐྱོན་ངོས་ཟིན་པའམ་འགྱོད་པ་སྐྱེས་པ་གང་ཡིན་བཤད་དཀའ་སྟེ། མོས་ཡིན་མིན་གྱི་སྐད་ཆ་གཞན་ཅི་ཡང་བཤད་མ་སོང་། སྐབས་དེར། སློབ་ཁྲིད་ཀྱི་གྲོལ་བརྡའང་གྲགས་བྱུང་བས་ངས་ཀྱང་མོའི་སློབ་དེབ་སྟེང་གི་རི་མོ་དེ་ཁ་པར་གྱིས་པར་ཏུ་བཏབ་རྗེས་གཞུང་ལས་ཁང་དུ་སོང་བ་ཡིན། ང་ཚོ་གཞུང་ལས་ཁང་ནི་སྐད་ཡིག་ཁྲིད་དཔྱོད་ཁང་ཡིན་པས་སྐད་ཡིག་དགེ་རྒན་ཕོ་མོ་རྒན་གཞོན་དྲུག་ཡོད་དེ། ནམ་རྒྱུན། ང་ཚོས་སློབ་ཁྲིད་གྲ་སྒྲིག་དང་ལས་བྱ་ཞུ་དག་གི་བར་གསེང་དུ་སློབ་མའི་དགེ་སྐྱོན་གླེང་རྒྱུར་གོམས་ཡོད། ཉིན་དེར། ངའི་ངོ་གནག་ནས་གཞུང་ལས་ཁང་དུ་སླེབས་པ་མཐོང་འཕྲལ། དགེ་གྲོགས་ལྷ་མོས་མགོ་དགྱེ་ནས་ང་ལ་ལྟ་ཙམ་བྱས་རྗེས། ཧ་མི་གོ་བའི་ཉམས་ཀྱིས"དེ་རིང་རྒན་ལགས་ཀྱི་གནམ་ངོ་གནག་འདུག་པ་ཅི་རེད"ཅེས་དྲིས་བྱུང་། ངས་ཁོང་ཁྲོ་ད་དུང་དྭངས་མེད་པའི་ཟོལ་གྱིས་མོར་སྐད་ཆ་མ་བཤད་པར་ཁ་པར་ནང་གི་པར་དེ་བསྟན་པ་ཡིན། དགེ་གྲོགས་ལྷ་མོ་གཞི་རིམ་སློབ་ཆུང་ཞིག་ན་ད་ལོ་གསར་དུ་ང་ཚོ་སློབ་གྲྭའི་ནང་དུ་ལས་གནས་སྤར་ཡོང་བ་ཡིན་ཞིང་། གཞི་རིམ་ལོ་ངོ་བཅུ་ཁའི་རིང་ལ་འཛིན་བདག་གི་བྱ་བ་བསྒྲུབས་མྱོངས་སྐད། མོས་ངའི་ཁ་པར་ནང་གི་རི་མོ་དེ་མཐོང་རྗེས། ཧ་ལས་པའི་ཉམས་ཀྱིས"ཨ་ཙི། ཁྱོད་ཀྱི་སློབ་མའི་ནང་ན་འདི་འདྲའི་རི་མོའི་འཇོན་ཐང་ཅན་ཀྱང་ཡོད་དམ། འདི་སྐྱེད་སྲིང་ཡག་པོ་བྱ་ཐུབ་ཚེ། མ་འོངས་པར་རི་མོ་བ་གྲགས་ཅན་ཞིག་ཏུ་འགྱུར་ངེས་རེད"ཟེར། ངས་སྣང་མེད་ངང"རི་མོ་འབྲི་ཤོག་ལ་ལྟོས་དང་། སློབ་དེབ་རེད་ཡ"ཞེས་བཤད་ཅིང་། བརྒྱ་ལ་ཚེ་རིང་སྒྲོལ་མར་རི་མོ་འབྲི་བའི་འཇོན་ཐང་ཡོད་ནའང་། ང་ནི་སྐད་ཡིག་དགེ་རྒན་ཡིན་པས་ངས་གང་བྱུང་དུ་སྐད་ཡིག་སློབ་དེབ་སྟེང་ནག་ནོག་གི་རི་མོ་འབྲི་རུ་འཇུག་མི་རུང་བསམས་མོད། ཁ་ནས་དགེ་གྲོགས་ལྷ་མོར་གཞན་པ་ཡིན་མིན་གྱི་སྐད་ཆ་ཅི་ཡང་མ་བཤད།
ངས་ནན་རྒྱུན་བྱིས་པ་ཞིག་བསླབ་བྱ་གང་ཞིག་ལ་དགའ་མོས་བསྐྱེད་དགོས་ཚེ། ཅིས་ཀྱང་བསླབ་བྱ་དེར་མཚར་སྣང་སྐྱེས་སུ་འཇུག་དགོས་བསམ་མོད། ཚེ་རིང་སྒྲོལ་མ་ནི་ལྡོག་སྟེ་སྐད་ཡིག་ལ་དགའ་སྣང་ལྟ་ཅི་མཚར་སྣང་ཀྱང་སྐྱེ་ཡི་མི་འདུག “མཚར་སྣང་ནི་ཆེས་ལེགས་པའི་དགེ་རྒན་ཡིན”ཟེར་བ་ཡིན་མོད། ཆེས་ལེགས་པའི་དགེ་རྒན་དེ་ད་དུང་ཚེ་རིང་སྒྲོལ་མ་དང་བར་ཐག་རིང་ཚོད་འདུག དོན་དག་ནི་དེ་ལྟར་སུས་ཀྱང་དོ་སྣང་ཆེ་ཆེར་མ་བྱས་པར་གཟའ་འཁོར་འགའ་འགོར་སོང་མོད། ངས་རྒྱུན་པར་སྐད་ཡིག་སློབ་ཁྲིད་ཀྱི་སྐབས་སུ་ཚེ་རིང་སྒྲོལ་མའི་ཕྱོགས་སུ་ཁ་ལྟ་མིག་ལྟ་མི་བྱེད་ཐུ་མེད་དུ་གྱུར་སོང་། མ་གཞི། ངས་སྔོན་ཆད་མཉམ་མ་བཞག་པ་མ་གཏོགས་ཚེ་རིང་སྒྲོལ་མར་རྒྱུན་པར་སྐད་ཡིག་སློབ་ཁྲིད་ཀྱི་སྐབས་སུ་སློབ་དེབ་དང་འབྲི་དེབ་སོགས་སུ་རི་མོ་འབྲི་བཞིན་འདུག སྐབས་ལན་རེར། ངས་མོའི་བྱ་སྤྱོད་དེར་དམིགས་ནས་སྐྱོན་བརྗོད་ཀྱང་ཐེངས་འགར་བྱས་མྱོང་། ཡིན་ནའང་། རྗེས་ཀྱི་དོན་དག་ཅིག་གིས་ངའི་བློ་ཁ་སྦད་དེ་བསྒྱུར་སོང་། དེ་ནི་སློབ་གྲྭར་གནང་བ་སྟེར་བའི་ཉིན་ཞིག་སྟེ། ཉིན་དེར་ང་ཚོ་འཛིན་གྲྭའི་འཛིན་བདག་མ་ཁོམ་པས་ང་རང་ཁོའི་ཚབ་ཏུ་སློབ་ཕྲུག་ཚོར་གནང་བ་སྟེར་དུ་སོང་བ་ཡིན། ཉིན་དེར། ཕྱི་རོལ་ན་ཆར་བ་ཟམ་ཟིམ་ཞིག་ཀྱང་འབབ་ཀྱིན་ཡོད་པ་ད་དུང་དྲན་གྱིན་འདུག ང་ཚོ་སློབ་གྲྭས་གནང་བ་སྟེར་དུས་ཁྱིམ་བདག་ངེས་པར་ལེན་དུ་ཡོང་དགོས་པས། ཕྱི་དྲོའི་ཆུ་ཚོད་བཞི་ཡི་རྗེས་ནས་ཁྱིམ་བདག་རྣམས་གཅིག་རྗེས་གཉིས་མཐུད་དུ་ཡོང་ནས་རང་རང་གི་བྱིས་པ་ཁྲིད་ནས་བུད་འགྲོ། མཚམས་ཤིག་ལ། ཚེ་རིང་སྒྲོལ་མས་མགོ་སྒུར་ནས་ཡོང་སྟེ་ངའི་གམ་དུ་ལངས་ནས་བསྡོད་པར། ངས་མོ་ཅི་ཞིག་བཤད་པར་བསྒུག་བསྡད་མོད། མོས་ཅི་ཡང་བཤད་མ་སོང་བས། ངས་དོན་དག་ཅི་ཡོད་ཅེས་འདྲི་དགོས་བྱུང་། མོའི་གམ་གྱི་སློབ་ཕྲུག་ཅིག་གིས"དགེ་རྒན། ཚེ་རིང་སྒྲོལ་མ་ལེན་མཁན་ཡོད་པ་མ་རེད། མོ་རྒྱུན་དུ་རང་ཉིད་ཡུལ་ལ་སོང་བ་རེད"ཟེར། སློབ་ཕྲུག་གཞན་ཞིག་གིས་ཁ་གང་སྔ་བརྩད་དེ"ཚེ་རིང་སྒྲོལ་མར་ཨ་ཕ་དང་ཨ་མ་གཉིས་ཀ་ཡོད་པ་མ་རེད"ཟེར། སློབ་ཕྲུག་དེའི་སྐད་ཆ་ཐོས་མ་ཐག་གློ་བུར་ངའི་སེམས་ལ་ཙག་ཤད་ཅིག་རྒྱུག་ཅིང་། དེ་མུར་དེ་སྔ་མོས་སྐད་ཡིག་སློབ་དེབ་སྟེང་བྲིས་པའི་རི་མོ་དེ་དྲན་བྱུང་། མ་གཞི་ཁ་མི་གྲགས་རྒྱུར་དགའ་བོ་མེད་པའི་སློབ་ཕྲུག་བུ་མོ་འདི་དང་བུ་མོའི་འདིའི་རི་མོ་དེས་ང་ལ་དོན་དག་ཅིག་བཤད་ཀྱིན་འདུག་ཨང་། མ་གཞི་ཕྱི་རོལ་གྱི་ཆར་བ་དེ་ངའི་སེམས་ལ་ཟམ་ཟིམ་བབས་པ་འདྲ་བྱུང་།
ཉིན་དེར། བསམ་བློ་ཅི་ཡང་མ་བཏང་བར་ཚེ་རིང་སྒྲོལ་མ་བསྐྱལ་ནས་སློབ་གྲྭའི་རྒྱ་སྒོ་ཁར་སོང་བ་དང་། སྒོ་འགྲམ་གྱི་ཚོང་ཁང་ཞིག་ལས་རི་མོ་འབྲི་དེབ་གསར་བ་ཞིག་དང་ཚོན་སྨྱུག་སྒམ་ཆུང་གང་ཉོས་ནས་བྱིན་པ་ཡིན། ངས་ཅིའི་ཕྱིར་དེ་ལྟར་བྱེད་དགོས་དོན་ང་རང་གིས་ཀྱང་བཤད་དཀའ་མོད། ང་ལ་གློ་བུར་དུ་བུ་མོ་ཆུང་ཆུང་འདིར་སྙིང་ཉེ་བའི་ཚོར་བ་ཞིག་སྐྱེས་བྱུང་། ངས་ད་དུང་མོ་ལ་རྗེས་མར་མུ་མཐུད་དུ་རི་མོ་ཕྲིས་དང་། མ་འོངས་པ་ན་རི་མོ་བ་ཆུང་ཆུང་ཞིག་ཏུ་འགྱུར་ངེས་རེད་ལྟ་བུའི་སྐད་ཆ་ཞིག་ཀྱང་བཤད་སོང་བ་འདྲ་མོད། དོན་དངོས་སུ་ཅི་ཞིག་བཤད་མིན་དྲན་གྱིན་མི་འདུག་ལ་དེ་གཙོ་བོའང་མིན་པ་འདྲ། གང་ལྟར། ངའི་དྲན་ངོགས་ནས་བུ་མོ་ཆུང་ཆུང་དེས་ཉམ་ཆུང་གི་ལུས་པོ་སྒོང་སྒོང་ཞིག་བྱས་ཤིང་། འོད་སྣང་མེད་པའི་མིག་མཐར་མཆི་མ་རྡོག་པོ་འགའ་འཁྱིལ་བ་ད་དུང་དྲན་གྱིན་འདུག
ཁངས་རྒྱུན་ལོན་བྱུང་བ་ལྟར་ན། ཚེ་རིང་སྒྲོལ་མ་ལོ་གཉིས་ཡིན་དུས་སུ། མོའི་ཕ་མ་གཉིས་ཀ་གཉེན་འཐོར་ཞིང་། མོ་ཨ་མའི་རྗེས་དེད་ནས་མ་ཁྱིམ་ལ་ཡོང་བ་དང་། ཨ་མས་སླར་ཡང་གཉེན་སྒྲིག་པས་ད་ལྟ་ཨ་མྱེས་ཀྱི་གམ་དུ་འཚོ་བ་རོལ་བཞིན་ཡོད་འདུག སྤྱིར་ན་ཕ་མ་གཉིས་ཀ་གཉེན་སྒྲིག་མིན་དང་འཐོར་མིན་དེ་དགེ་རྒན་ཞིག་ལ་འབྲེལ་བ་ཅི་ཡང་མེད་མོད། ང་ཚོའི་ཕ་མ་དག་གིས་རང་དགར་དང་འདོད་མོས་ལྟར་བྱིས་པའི་སྐྱིད་སྡུག་ལ་འདང་མི་རྒྱག་པའི་བཅའ་སྲོལ་ལས་སྲོལ་མཐའ་དག་ལ་དགའ་བོ་མི་འདུག ངས་རྩོམ་ཡིག་ཏུའང་བྱིས་པ་བཟང་བོ་ཞིག་སྐྱེད་སྲིང་བྱེད་པར་ཐོག་མར་ཕ་མ་བཟང་བོ་ཞིག་བཅའ་ཤེས་དགོས་ཞེས་བྲིས་མྱོང་། ངས་ཁྱིམ་ཚང་ནི་བུ་ཕྲུག་གི་སློབ་གྲྭ་ཐོག་མ་དང་ཕ་མ་ནི་བུ་ཕྲུག་གི་དགེ་རྒན་ཐོག་མ་ཡིན་ཞེས་གླེང་མྱོང་། ངས་ཕ་མ་ནི་བྱིས་པ་གསར་བསྐྲུན་མཁན་མ་ཡིན་པར་བྱིས་པའི་སྲུང་སྐྱོབ་མཁན་ཡིན་འོས། ཁོ་ཚོས་ཁེ་ཕན་གྱི་བསླུ་བྲིད་དང་འདུ་ཤེས་ཀྱི་བཀག་གཅུན་ཡོད་ཚད་བློས་བཏང་ནས། བྱིས་པར་བདག་སྐྱོང་དང་སྲུང་སྐྱོབ་ཀྱི་ལས་འགན་རླབས་པོ་ཆེ་འདི་ཁུར་དུ་ཐེག་དགོས་ཞེས་ཀྱང་བསྒྲགས་མྱོངས། ཡིན་ནའང་། ང་ཚོར་ཕ་མ་དེ་འདྲ་ད་དུང་འཁྲུངས་མེད་ཚོད་རེད། ང་ཚོའི་ཁྱིམ་ཚང་སློབ་གསོ་ད་དུང་ས་བོན་གྱི་སྐབས་སུ་ལུས་ཡོད་ཚོད་འདུག ང་ཚོའི་ཁྱིམ་ཚང་སློབ་གསོར་མྱུ་གུ་འབུས་ཤིང་ལོ་འདབ་རྒྱས་ཏེ་འབྲས་བུ་ཐོགས་པར་ད་དུང་ལོ་ཟླ་མང་པོ་འགོར་དགོས་ཚོད་འདུག ངས་ཚེ་རིང་སྒྲོལ་མ་དང་ཚེ་རིང་སྒྲོལ་མ་དག་གི་ལས་དབང་ལ་སེམས་ཁུར་སྐྱེས་བྱུང་། འདང་རྒྱག་ཆེ་བྱུང་། སྐབས་ལན་རེར། མི་ནི་དེ་ལྟར་ནུས་མེད་ཅིག་རེད་དེ། སྐབས་ལན་རེར། དོན་དངོས་ཀྱི་མདུན་དུ་དེ་ལྟ་སེམས་ཁུར་དང་འདང་རྒྱག་བྱེད་པ་ལས་ཅི་ཡང་མི་ནུས་པར་འདུག
སློབ་གྲྭ་ཕྱིར་ཚོགས་པའི་ཉིན་གཉིས་པ་ནས་བཟུང་། ངས་དམིགས་ཡུལ་ཡོད་མེད་དང་བསམ་གཟས་ཡིན་མིན་གང་རུང་གིས་གྱང་རྩའི་གྲལ་གཤར་ཆེས་རྗེས་མར་བསྡད་ཡོད་པའི་བུ་མོ་ཆུང་ཆུང་དེར་མཉམ་འཇོག་བྱ་དགོས་སོང་། བློ་ཡུལ་ལས་འདས་པ་ཞིག་ལ་མོས་སློབ་ཁྲིད་ཀྱི་སྐབས་སུ་ལག་པ་མཐོན་པོར་བཏེགས་ནས་དྲིས་ལན་གསལ་བོར་མི་འདེབས་ནའང་། སྔོན་ཆད་ལྟར་སྐད་ཡིག་སློབ་ཁྲིད་སྐབས་སུ་མགོ་སྒུར་ནས་སློབ་དེབ་སྟེང་དུ་རི་མོ་སྣ་ཚོགས་འབྲི་བར་མི་བྱེད། སྤྱིར་ན། འགྱུར་ལྡོག་ཆུང་ཆུང་ཞིག་ལ་དེ་ལྟར་གཟབ་ནན་བྱ་དགོས་ཆེ་ཆེར་མེད་མོད། ངའི་སེམས་སུ་བརྩེ་ཞེན་གྱི་རླུང་བུ་འཇམ་པོ་ཞིག་ཤེས་མེད་ཚོར་མེད་ངང་དལ་བ་དལ་བུ་ལྡང་ནས་མཚམས་མི་ཆད་པར་ཚེ་རིང་སྒྲོལ་མའི་ཕྱོགས་སུ་ཤོར་འགྲོ། རླུང་བུ་འཇམ་པོ་དེས་མོའི་མཉོམ་དྲག་པའི་སེམས་པར་བྱིལ་བྱིལ་ཅི་ཡང་བྱེད་ཐུབ་ཀྱིན་མེད་ནའང་། ང་ལ་ནི་རླུང་བུ་ཞིག་གི་ཟོལ་གྱིས་མོའི་གཡས་གཡོན་དང་མདུན་རྒྱབ་ཏུ་འཁྱིལ་འཁོར་བྱས་ན་བསམ་བྱུང་།
ཉིན་ཞིག་གི་སྐད་ཡིག་སློབ་ཁྲིད་སྐབས་སུ། ངས«ཆེས་གཅེས་སུ་འོས་པའི་མི»ཞེས་པའི་སློབ་ཚན་དེ་ཁྲིད་ཚར་དུས། སློབ་ཐུན་གྲོལ་རྒྱུར་ད་དུང་སྐར་མ་བཅུ་ཁ་ཞིག་ལྷག་ཏུ་བཅུག་སྟེ། "སློབ་ཕྲུག་ཚོ། དེ་རིང་གི་སློབ་ཚན་འདིས་ང་ཚོ་མི་རེ་རེའི་སེམས་ཁོང་དུ་ཆེས་གཅེས་སུ་འོས་པའི་མི་རེ་རེ་ཡོད་པ་དྲན་དུ་འཇུག་ངེས། དེ་ན་སློབ་ཕྲུག་སུ་ཞིག་གིས་རང་ཉིད་ཆེས་དགའ་བའི་མི་དེ་སྒོ་སམ་སྟེང་འབྲི་ཐུབ་བམ"ཞེས་དྲིས་པ་ན། སློབ་ཕྲུག་ཚོས་ཁ་གང་སྔ་དང་ལག་གང་མགྱོགས་ཀྱི་སྔ་གཞུག་རྩོད་པར་བྱེད། ངས་ལྟ་དུས་ཚེ་རིང་སྒྲོལ་མས་མགོ་སྒུར་ནས་ཅི་ཞིག་ལ་འདང་བརྒྱབ་འདུག་པ་མཐོང་། ངས་དེ་མུར"ད་ཐེངས་ང་ཚོས་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལ་ཐོལ་བརྒལ་ཐེངས་གཅིག་བྱ། སྔོན་མ་སྔུན་མར་ང་ཚོས་སྒོ་སམ་དུ་ཡི་གེ་བྲིས་པ་རེད། དེ་རིང་རང་ཉིད་ཀྱི་ཆེས་དགའ་བའི་མི་དེ་རི་མོར་འབྲི་རྒྱུ་བྱ"ཞེས་བཤད། སྐད་ཆ་དེས་སྔོན་མར་ལག་གང་སྔ་རྩོད་ཀྱིན་པའི་སློབ་ཕྲུག་ཚོ་དལ་ཅག་གེར་གྱུར་ཞིང་། སློབ་ཕྲུག་རེ་འགས་ཕར་ལྟ་ཚུར་ལྟ་ཐེངས་འགར་བྱས་རྗེས་གྲལ་གཤར་གཞུག་གི་ཚེ་རིང་སྒྲོལ་མར་ལྟ་བར་བྱེད། མ་གཞི། སློབ་ཕྲུག་ཚོས་ཀྱང་ཚེ་རིང་སྒྲོལ་མ་རི་མོར་འབྲི་རྒྱུར་དགའ་བ་དང་རི་མོའི་འབྲི་རྩལ་བཟང་བ་ཤེས་འདུག་པ་འདྲ། ང་རང་དལ་བུར་ཚེ་རིང་སྒྲོལ་མའི་གམ་དུ་སོང་བ་དང་། མོའི་མགོ་ལ་བྱིལ་བྱིལ་བྱེད་ཞོར། "ཡ། ཚེ་རིང་སྒྲོལ་མ། ཁྱོད་སོང་ན་ཚོད་ལྟ་ཞིག་བྱོས་དང་། དགེ་རྒན་ཁྱོད་ལ་ཡིད་ཆེས་ཡོད"ཅེས་བཤད་པར། སློབ་གྲོགས་ཚོས་ཀྱང་མ་གྲོས་གཅིག་མཐུན་སྒོས་ཐལ་མོ་རྡེབ་བྱུང་། ངའི་སྐད་ཆ་དེའི་ཤུགས་རྐྱེན་ཡིན་ནམ་སློབ་གྲོགས་ཚོའི་ཐལ་མོའི་སྒུལ་ཤུགས་ཡིན་པ་གང་ཡིན་མི་ཤེས་མོད། ཚེ་རིང་སྒྲོལ་མ་ཐེ་ཚོམ་དུ་ཅུང་བསྡད་རྗེས་ཡར་ལངས་ནས་སྒོ་སམ་གྱི་ཕྱོགས་སུ་བུད་སོང་། ཉིན་དེར། ངས་ཆེད་དུ་ཚོན་མདོག་གི་ས་སྨུག་སྒམ་ཆུང་གང་ཁྱེར་ཡོང་ཡོད་པས། ཚེ་རིང་སྒྲོལ་མས་རི་མོ་ཅི་ཞིག་འབྲི་འདོད་པའམ་ཇི་ལྟར་འབྲི་འདོད་པ་གང་ཡིན་རུང་ཆ་རྐྱེན་ནན་མཐུན་རྐྱེན་འཛོམས་པོ་ཡོད་པ་སྨྲོས་ཅི་དགོས།
ཧ་ཅང་ཐུང་བའི་སྐར་མ་བཅུ་ཁ་བོ་དེ་དེ་ལྟར་སྐར་ཆ་རེ་རེ་བཞིན་འཁོར་གྱིན་ཡོད་ནའང་། ཚེ་རིང་སྒྲོལ་མའི་རི་མོ་འབྲི་རྒྱུན་ཀྱང་དེ་ལྟར་སྐར་ཆ་རེ་རེ་བཞིན་མཚམས་མི་ཆད་པར་ཚོན་མདོག་གིས་སྒོ་སམ་སྟེང་དུ་ཕབ་ཀྱིན་ཡོད། ཚེ་རིང་སྒྲོལ་མའི་རི་མོ་དེ་ནི་སྒོ་སམ་གྱི་གྲུ་ཟུང་ཆུང་ས་ཞིག་ཏུ་བྲིས་ཡོད་ནའང་། རི་མོའི་སྟེང་གི་རྩྭ་ཐང་ལྗང་ཁུ་དང་ནམ་མཁའ་སྔོན་པོ། དེ་གཉིས་ཀྱི་དཀྱིལ་དུ་མཆོང་ལྡིང་བྱེད་ཀྱིན་པའི་མི་རྒན་གཉིས་དང་བྱིས་པ་གཅིག དེ་དག་གིས་མཚོན་ཐུབ་ཀྱང་སྐད་བརྡས་མཚོན་ཐབས་མེད་པའི་བརྩེ་དུང་བཅས་ཀྱིས་ང་ལ་ཡུན་རིང་བོར་སྨྲ་བསམ་བརྗོད་ལས་འདས་པར་བྱས་སོང་། ངས་སློབ་ཕྲུག་ཚོར"ཆེས་གཅེས་སུ་འོས་པའི་མི་ནི་ནམ་ཡང་བརྗེད་དཀའ་བ་དང་དྲན་སླ་བ་དེ་ཡིན་པས། ང་ཚོའི་གམ་དུ་ཡོད་ཀྱང་མེད་ཀྱང་སེམས་སུ་རྡོ་བརྐོས་རི་མོ་བཞིན་བརྐོས་ཡོད་པ་རེད། ལྟོས་དང་། ཚེ་རིང་སྒྲོལ་མའི་རི་མོ་འདི་ཅི་འདྲའི་གསོན་ཉམས་ལྡན་པ་ལ་ཨང"ཞེས་བཤད་པ་ན། མོའི་ངོ་གདོང་སྐད་ཅིག་ལ་དམར་པོར་གྱུར་ཞིང་། མགོ་སྒུར་ནས་ཕྱིར་རང་གི་འདུག་སྟེགས་སུ་བུད་སོང་། ངས་སློབ་ཕྲུག་ཚོར་སླར་ཡང"ཚེ་རིང་སྒྲོལ་མས་རི་མོ་བྲིས་པ་ག་འདྲ་རེད"ཅེས་དྲིས་པ་ན། སློབ་གྲོགས་ཚོས་མགྲིན་གཅིག་ཏུ"ཧ་ཅང་ཡག་པོ་འདུག"ཅེས་ཟེར། "དེ་ན་ང་ཚོས་མོ་ལ་བྱ་དགའ་ཅི་ཞིག་སྟེར་རམ"ཞེས་དྲིས་པར། ལ་ལས"སྒོར་མོ་སྟེར་དགོས"ཟེར། ལ་ལས"བཟའ་བཅའ་ཉོ་དགོས"ཟེར། ངས་འུར་འུར་ཟིང་ཟིང་གི་སློབ་ཕྲུག་ཚོ་ཁ་རོག་གེར་འདུག་དགོས་པའི་ལག་བརྡ་ཞིག་བྱེས་རྗེས། མགོ་བོ་ནང་དུ་རྡེབ་ཞོར། "ཁྱོད་ཚོ་ཚང་མས་བཤད་པ་ཧ་ཅང་ཡག་པོ་འདུག ཡིན་ནའང་། ཚེ་རིང་སྒྲོལ་མར་མཁོ་བ་ནི་སྒོར་མོ་དང་བཟའ་བཅའ་མ་ཡིན་པར། སློབ་གྲོགས་ཚོའི་བརྩེ་བ་རེད། ང་ཚོས་རྒྱུན་པར་སློབ་གྲྭ་ནི་ང་ཚོའི་ཁྱིམ་ཚང་དང་དགེ་རྒན་ནི་ང་ཚོའི་ཕ་མ། སློབ་གྲོགས་ནི་ང་ཚོའི་ཕུ་ནུ་མིང་སྲིང་ཡིན་ཟེར་བ་རེད། ཡིན་ནའང་། ཁྱོད་ཚོས་ལག་པ་རང་གི་བྲང་ཁར་ཞོག་ལ་འདང་ཞིག་རྒྱོབས་དང་། ང་ཚོས་ཕུ་ནུ་མིང་སྲིང་གི་འགན་དེ་ཐེགས་ཡོད་དམ། ང་ཚོས་ཚེ་རིང་སྒྲོལ་མར་བརྩེ་བ་དེ་འདྲ་ཞིག་བཅངས་ཐུབ་ཀྱིན་ཡོད་དམ"ཞེས་དྲིས་པ་ན། སློབ་ཕྲུག་ཚོའི་ངོ་གདོང་ཡང་དམར་པོར་གྱུར་ཅིང་རང་རང་སར་མགོ་སྒུར་ནས་འདང་རྒྱག་ཏུ་ལྷུང་སོང་། ངས་གོ་སྐབས་དེ་དང་བསྟུན་ནས་ཚེ་རིང་སྒྲོལ་མའི་གྲལ་གཤར་དཀྱིལ་མའི་ཆེས་མདུན་དུ་བསྡོད་ས་བརྗེས་པ་ཡིན།
ཉིན་དེ་ནས་བཟུང་། སློབ་ཁྲིད་སྐབས་དང་སློབ་ཕྱིའི་སྐབས་གང་ཡིན་རུང་ངས་ཚེ་རིང་སྒྲོལ་མའི་འགྲོ་འདུག་སྤྱོད་གསུམ་ལ་མཉམ་བཞག་པ་ཡིན། སྐབས་ལན་རེར། ཚེ་རིང་སྒྲོལ་མར་རང་གི་ན་ཚོད་དང་མི་རན་པའི་སྡུས་ཡུས་འདྲ་ཡོད་ཚེ། ང་ལའང་ཉིན་གང་བོར་སེམས་མི་སྐྱིད་པར་འདུག་ལ། ཡང་ལན་རེར། མོའི་གདོང་དགའ་བའི་ཉམས་དང་སྐྱིད་པའི་འཛུམ་གྱིས་ཁེངས་ཡོད་པ་མཐོང་ཚེ། རང་ཉིད་ལའང་བློ་བདེ་བག་ཡོད་ཀྱི་སེམས་ཁམས་སྐྱིད་པོ་ཞིག་ཡོང་གིན་འདུག ང་ནི་རི་མོ་འབྲི་བའི་ཕྱོགས་སུ་འཇོན་ཐང་ཆེ་ཆེར་མེད་ནའང་། ངས་ཆེད་དུ་རི་མོ་དགེ་རྒན་བཙལ་སོང་ནས་ཚེ་རིང་སྒྲོལ་མའི་རི་མོ་འབྲི་དེབ་ལ་བལྟས་པ་ན། མོས་བྲིས་པའི་རི་མོ་མང་ཤོས་ནི་མི་སྣའི་རི་མོ་ཡིན་ཞིང་། མི་སྣ་དེ་དག་ཉི་མའི་འོག་དང་རྩྭ་ཐང་གི་སྟེང་། མེ་ཏོག་གི་གསེང་དང་ཆུ་ཕྲན་གྱི་འགྲམ་དུ་བྲིས་འདུག་ཅིང་། ཁོ་ཚོས་རང་དབང་དང་རང་དགར་རྩེད་མོ་རྩེད་ཀྱིན་འདུག དེ་ནི་ཚེ་རིང་སྒྲོལ་མའི་སེམས་ཀྱི་ཁ་དོག་གཞན་ཞིག་གམ། མི་ཚེའི་རེ་སྨོན་ཆེན་པོ་ཞིག་ཡིན་པ་སྨྲོས་ཅི་དགོས། རི་མོ་དགེ་རྒན་ངེད་གཉིས་ཀྱིས་གྲོས་བྱས་ཏེ། སློབ་ཁང་རྒྱབ་ཀྱི་གྱང་ངོས་སུ་ང་ནི་རི་མོ་བ་ཆུང་ཆུང་ཡིན་ཞེས་པའི་སློབ་མའི་རི་མོ་བརྩམས་ཆོས་འགོད་ས་ཞིག་བཀོད་སྒྲིག་བྱས་ཏེ། ཚེ་རིང་སྒྲོལ་མ་གཙོ་བྱས་འཛིན་གྲྭའི་ནང་གི་རི་མོའི་དགའ་མོས་དང་འཇོན་ཐང་ཅན་གྱི་སློབ་ཕྲུག་ཚོའི་རི་མོའི་བརྩམས་ཆོས་སྦྱར་བ་ཡིན། ཐེངས་ཤིག་ལ། ཚེ་རིང་སྒྲོལ་མས་དྭངས་གཙང་གི་ནམ་མཁའི་འོག་ན་རྩྭ་ལྗང་གི་ནེའུ་གསིང་ཁོད་ཡངས་ཤིང་། དེའི་སྟེང་དུ་བྱིས་མོ་ཞིག་གིས་དཔེ་ཆ་ཀློག་གིན་པ་ཞིག་བྲིས་འདུག ངས་མོ་ལ"རི་མོ་འདིའི་སྟེང་དུ་ཉི་འོད་ཅིག་ཡོད་ན་ལྷག་ཏུ་ཡག"ཅེས་བཤད་པ་ན། མོ་སྔོན་ཆད་ལྟར་ངོ་གདོང་དམར་པོར་གྱུར་ནས་མགོ་མི་སྒུར་བར། "ཉི་མ་ངའི་སེམས་ན་ཡོད"ཟེར། "དེ་ནི་དགེ་རྒན་ཡིན"ཟེར།
འགྱུར་ལྡོག་ནི་དེ་ལྟར་ཤེས་མེད་ཚོར་མེད་ཀྱི་ཁྲོད་དུ་བྱུང་བ་རེད། ད་ལྟ་ཚེ་རིང་སྒྲོལ་མས་སློབ་ཐུན་གྱི་སྐབས་སུ་མགོ་བོ་སྒུར་ནས་རི་མོ་ཁོ་ན་བྲིས་ནས་མི་སྡོད་པར། བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་ལ་ཉན་པ་དང་ནན་ནན་ཏན་ཏན་གྱིས་ཟིན་བྲིས་འབྲི་བ། སློབ་ཕྱིའི་སྐབས་སུ་སློབ་གྲོགས་ཚོ་དང་མཉམ་དུ་རྩེད་མོ་རྩེད་པ་སོགས་མཐོང་ན་ཉམས་དགའ་བའི་སྣང་བརྙན་འདི་དག་རྒྱུན་པར་ངའི་མཐོང་ལམ་དུ་མངོན་ཡོང་། སྐབས་དེར། ངས་ད་གཟོད་དགའ་ཕྱོགས་ནི་བློ་མའི་བློ་སྒོ་འབྱེད་པའི་སྒོ་མོ་ཡིན་པ་ཚོར་བྱུང་། རྒྱུས་ལོན་ནི་སྒོ་མོ་དེའི་ལྡེ་མིག་ཡིན་པའང་ཤེས་སོང་། སྙིང་ཉེ་བའི་ཚེ་རིང་སྒྲོལ་མ་ཡ། འཇིག་རྟེན་རྒྱ་ཆེ་ཞིང་ཁོད་ཡངས་ནའང་། ཡིད་དུ་འོང་ཞིང་འོད་སྟོང་བའི་མི་ཚེའི་མདུན་ལམ་ནི་ང་ཚོ་རང་ཉིད་ཀྱིས་བསྐྲུན་དགོས་པས། དགེ་རྒན་གྱིས་ཁྱོད་ཀྱི་མི་ཚེའི་ཁྲོད་བརྒྱུད་རིམ་ཐུང་ངུ་ཞིག་ལ་རང་ཚོད་ཀྱིས་འོད་སྣང་ཕྲན་ཙམ་སྤྲོས་པ་ལས། ཉི་འོད་ངོ་མ་ནི་རང་ཉིད་ཡིན་པ་ཤེས་པར་གྱིས།
གསུམ།
ང་ནི་སྐད་ཡིག་དགེ་རྒན་ཞིག་ཡིན།ངས་གློ་བུར་དུ་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་པའི་ཐང་གཤོང་དེ་དྲན་བྱུང་། ངའི་བྱིས་བློའི་ལྷད་མ་གོས་པའི་དྭངས་གཙང་དང་ཡིད་འོང་གི་ལོ་ཟླ་དེ་དག་དྲན་བྱུང་། སྐབས་དེའི་སློབ་གྲྭ་ནི་ཉིན་བཅུ་གཉིས་ལ་ཚོགས་པ་དང་དེ་ནས་ཉིན་བཞི་ཡི་གུང་གསེང་གཏོང་བ་དེ་འདྲ་ཞིག་ཡིན། ངེད་ཚང་མ་གཞི་ནས་སློབ་གྲྭ་དང་བར་ཐག་ཅུང་ཙམ་རིང་ནའང་། སྐབས་དེར། ང་ནི་སློབ་གྲྭའི་ནང་དུ་ཁེར་རྐྱང་དང་སུན་སྣང་། མི་ལོབས་པ་དང་མི་གོམས་པ་ལྟ་བུའི་སེམས་ཚོར་གང་ཡང་སྐྱེས་མ་བྱུང་། སྐབས་དེའི་ཁྱིམ་བདག་དག་ནི་དེང་སྐབས་ནང་བཞིན་རང་གི་བུ་ཕྲུག་གི་གམ་དུ་ནང་རྒྱུག་དགོང་རྒྱུག་མི་བྱེད་ཅིང་སྔ་ཐུག་ཕྱི་ཐུག་ཀྱང་མི་བྱེད་མོད། ནང་སེམས་སུ་ཡུལ་ལ་ཕ་མ་ཞེས་པའི་བརྩེ་བ་འཛུམ་གྱིས་བསུ་མཁན་ཞིག་དང་དུངས་པ་འཇམ་པོས་སྐྱོང་མཁན་ཞིག་ཡོད་པ་དྲན་ཙམ་གྱིས། རང་ཁྱིམ་དང་སློབ་གྲྭའི་བར་གྱི་ཁ་ཐག་དེ་ཙམ་གྱིས་སྐྱོ་སྣང་དང་སྡུག་སྣང་གང་ཡང་སྟེར་གྱིན་མེད་ཚོད་རེད།
དེ་དུས་ང་ལ་དཔེ་ཁུག་ལྗང་སྐྱ་ཞིག་ཡོད། དཔེ་ཁུག་ལྗང་སྐྱ་དེའི་ཐོག་མའི་ཁ་དོག་ནི་ལྗང་སེར་ཡིན་ངེས། སྐབས་དེར། དམག་ལྭ་ལྗང་སེར་དང་བཅས་པའི་ཁ་དོག་དེ་དར་ཁྱབ་ཧ་ཅང་ཆེ་དུས་ཤིག་ཡིན། ངའི་དཔེ་ཁུག་ལྗང་སྐྱ་དེའི་སྟེང་དུ་སྐར་མ་རྩེ་ལྔ་དམར་སྐྱ་ཞིག་ཀྱང་ཡོད། སྐར་མ་རྩེ་ལྔ་དེའི་ཐོག་མའི་ཁ་དོག་ཀྱང་དམར་པོ་ཁྲག་ལྟ་བུ་ཞིག་ཡིན་སྲིད། སྐབས་དེར། སྐར་མ་རྩེ་ལྔའི་ཐོབ་རྟགས་དེ་སྟོད་ལྭའི་བྲང་ཁ་དང་ཞྭ་མོའི་ཐོད་ཁར་འདོགས་པ་ཞིག་དར་ཡོད། དཔེ་ཁུག་ལྗང་སྐྱེ་དེའི་ནང་དུ་ངའི་སྐད་ཡིག་དཔེ་ཆ་དང་བཅས་པའི་སློབ་སྦྱོང་གི་ཡོ་ཆས་ཡོད་ཚད་བཅུག་ནས་ལོ་ངོ་ལྔ་རིང་ལ་སྐྱིད་སྡུག་མཉམ་དུ་མྱོང་རྗེས། འདུས་བྱས་མི་རྟག་པར་ཟད་སོང་བ་ཡིན་ངེས། ད་ལྟ། ངའི་དྲན་པའི་ཁྲོད་ཀྱི་བྱིས་དུས་ཀྱི་ལོ་ཟླ་དང་དོན་བྱ་མང་པོ་ཞིག་དེ་ལྟར་རབ་རིབ་དང་མག་མོག་གིས་ཡལ་དང་ཡལ་མུས་སུ་འདུག ཡིན་ནའང་། ཁུག་མ་ལྗང་སྐྱ་འཁུར་རྒྱུར་དགའ་བའི་གཤིས་ཀ་དེ་དུང་ཡང་འགྱུར་མེད། དེ་རིང་ཡང་ངས་ལག་ཁུག་ལྗང་སྐྱ་ཞིག་ཏུ་སློབ་དེབ་དང་ཁྲིད་ཟིན། སྒྲ་སྒམ་སོགས་བཅུག་སྟེ་སློབ་ཁྲིད་ལ་འགྲོ་གིན་ཡོད།
ཉི་འོད་དྲོད་ཅིང་རླུང་བུ་འཇམ་པའི་ཞོགས་པ་འདིར། ང་རང་མི་ལོ་སུམ་ཅུའི་ཡར་སྔོན་གྱི་ངའི་སྐད་ཡིག་དགེ་རྒན་ནང་བཞིན་སློབ་ཁང་དུ་སོང་བ་ན། བྱིས་བློའི་དྭངས་གཙང་གི་དྲི་མ་མ་ཡལ་བའི་སློབ་ཕྲུག་ཚོས་སློབ་ཐུན་སྔུན་གྱི་གྲ་སྒྲིག་ཚགས་སུ་ཆུད་དུ་བཅུག་སྟེ། བློ་རྩེ་གཅིག་བསྒྲིམས་ཀྱིས་སྐད་ཡིག་དགེ་རྒན་གྱི་སློབ་ཁྲིད་ལ་སྒུག་འདུག ཡིན་ནའང་། ངས་ཚོད་ཚོད་ལ་སྒྲིག་ཁྲིམས་ཀྱི་དམ་དུ་བཅུམས་ཏེ་གཡུང་ལ་ཕབ་པའི་སློབ་ཕྲུག་དེ་ཚོའི་རྣམ་རིག་བཀྲ་བའི་མིག་ཟུང་དུ་ཁོ་ཚོའི་ན་ཚོད་དང་མི་རན་པའི་རབ་རིབ་མག་མོག་ཅི་ཞིག་བསྐུང་ལོས་ཡོད་བསམས་ཚེ། སེམས་སུ་སྨྲ་མི་ཤེས་པའི་ཚོར་བ་ཡན་གར་བ་ཞིག་སྐྱེས་ཡོང་། ཞོགས་པ་དེའི་སློབ་ཁྲིད་འཆར་གཞི་ནི་སློབ་ཚན་ཞིག་གི་ནང་དོན་ལ་དབྱེ་ཞིབ་བྱེད་རྒྱུ་དེ་ཡིན་མོད། ངས་སྔ་མའི་འཆར་གཞི་བསྒྱུར་ཏེ་སློབ་ཕྲུག་ཚོར་ད་དུང་རྒྱང་ཐག་རིང་ནའང་ཅིས་ཀྱང་བསམ་གཞིག་གཏོང་འོས་པའི་མ་འོངས་པ་དང་ཕུགས་བསམ་སྐོར་གྱི་ཁ་བརྡ་ཞིག་བྱ་འདོད་སྐྱེས་བྱུང་། «སྐལ་བཟང་གི་གནམ་གྲུ»ཞེས་པའི་སློབ་ཚན་དེ་གླེང་འདོད་སྐྱེས་བྱུང་།
མི་ཚེའི་ཀྱག་ཀྱོག་དང་འབའ་འབུར་གྱི་ལམ་ཕྲན་སྟེང་དུ། དཀའ་སྡུག་གིས་བསྐྱོད་རྒྱུ་དེ་ནི་དེ་ལྟར་བཟོད་དཀའ་བའི་མནར་སྡུག་ཅིག་ཡིན་ནའང་། ང་ཚོ་མི་རེ་རེར་རང་རང་གི་ཡིན་ཞིང་རང་རང་གིས་ཁ་ལོ་བསྒྱུར་དགོས་པའི་གནམ་གྲུ་རེ་རེ་ཡོད་པ་རེད། སློབ་ཕྲུག་ཚེ་རིང་སྒྲོལ་མས་རང་ལ་དབང་ཞིང་རང་གི་ཡིན་པའི་གནམ་གྲུ་དེ་རྙེད་སོང་། རང་དབང་གིས་ཁ་ལོ་བསྒྱུར་ཐུབ་པ་བྱུང་སོང་། ཡིན་ནའང་། ངའི་སློབ་ཕྲུག་ཚོའི་ནང་ན་སྔར་བཞིན་གནམ་གྲུ་རྙེད་ཀྱིན་མེད་མཁན་མང་དུ་ཡོད། ཁོ་ཚོ་རེ་རེས་ང་དང་འདྲ་བར་ཕུགས་བསམ་ཁྲོད་ཀྱི་གནམ་གྲུ་དེ་ངོས་ཟིན་གྱིན་མི་འདུག སྤྱིར་ན་གནམ་གྲུ་འཚོལ་བའི་གོ་རིམ་དེ་ནི་ཀྱག་ཀྱོག་དང་དཀའ་སྡུག་གི་གོ་རིམ་ཞིག་ཡིན་ན་འགྲིག་འདུག དེ་ནི་ནར་སོན་གྱི་ལོ་ཟླའི་ཁྲོད་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན་ན་འགྲིག་འདུག ངས་ངའི་སློབ་ཕྲུག་ཚོའི་ནར་སོན་གྱི་ལོ་ཟླའི་ཁྲོད་དུ་མཚར་སྡུག་ཡིད་འོང་གི་ཚོན་མདོག་བསྒོ་དགོས་པ་ཤེས་མོད། ང་ཚོས་ནམ་ཡང་མི་ཚེ་ནི་མ་གཞི་ནས་ཡིད་ལྷུང་བསམ་འགྲུབ་ཅིག་མིན་པ་ཤེས་དགོས།
ད་ལྟ། ངས་དྲོད་རླངས་ཀྱི་ཚ་དྲོད་འབར་བའི་ཁང་མིག་ཆུང་ཆུང་ཞིག་ཏུ། ང་དང་ངའི་སློབ་ཕྲུག་ཚོའི་གཏམ་རྒྱུད་འབྲི་བཞིན་ཡོད། ང་ལ་བརྗོད་དགོས་ཤིང་བརྗོད་མི་ཚར་བའི་གཏམ་རྒྱུད་མང་དུ་ཡོད་ནའང་། གཏམ་རྒྱུད་ལ་ལ་ཞིག་ནི་མགོ་ཇི་ལྟར་རྩོམ་པ་དང་མཇུག་ཇི་ལྟར་བསྡུ་བར་གདེང་ཚོད་མི་འདུག ང་ནི་དེ་འདྲའི་ཅི་བསམ་ལག་ནས་ཡོང་མཁན་ཞིག་མིན་ནའང་། གལ་ཆེ་བོ་ནི་ང་རང་སྐད་ཡིག་དགེ་རྒན་ཞིག་ཡིན་པ་དེ་རེད། གལ་ཆེ་བོ་ནི་སྔར་བཞིན་སྐད་ཡིག་དགེ་རྒན་ཞིག་བྱེད་པའི་བརྒྱུད་རིམ་དེ་རེད། བརྒྱུད་རིམ་དེའི་ཁྲོད་དུ་ང་ལ་གཏམ་རྒྱུད་མང་པོ་ཞིག་བཤད་འཕྲོར་ལུས་ཡོད་པ་དེ་རེད།
རྩོམ་ཁུངས། ༢༠༢༦ལོའི«ཟླ་ཟེར»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།
